རང་སྐད་རང་གིས་སྦྱོང་བ་སྨོན་པ་སེམས་བསྐྱེད། I འོས་སྦྱོར།

རང་སྐད་རང་གིས་སྦྱོང་བ་སྨོན་པ་སེམས་བསྐྱེད།


ཞོགས་ལྗང་།


སློབ་ཆུང་སློབ་དེབ་ཅིག་ཏུ། སང་ཉིན་ད་རུང་སང་ཉིན་གྱི་བྱ་བ་ཡོད་ཅེས་པའི་སློབ་ཚན་ཞིག་ཡོད། དེ་རིང་གི་ལས་བྱ་དེ་རིང་བསྒྲུབ་ཚར་བ་དང་། སང་ཉིན་གྱི་ལས་བྱ་སང་ཉིན་བསྒྲུབ་ཚར་དགོས་ཞེས་རང་ཅག་གི་དགེ་རྒན་རྣམས་གསུངས། ཁོ་རང་ཚོས་དེ་ལས་ལྷག་པའི་དཔེ་འཇོག་ཅིག་མི་རྙེད། གཞན་ཞིག་འཚོལ་བའི་བསམ་པའང་ཡེ་མེད། དེ་ཙམ་ཞིག་བྱིས་པ་དག་གི་རྒྱུད་དུ་སྦྱར་ཡོད། སློབ་ཚན་འདིས་བསྟན་པ་གང་ནི་དུས་ཚོད་ཀྱི་རིན་ཐང་ཡིན་འདུག་མོད། སློབ་མའི་རྒྱུད་དུ་འཇགས་པ་ནི་ཁུར་བོ་རིགས་ཤིག་གོ། ཐེག་པར་དཀའ་བའི་ཁུར་བོ་གང་དེས། རང་ཅག་གི་སློབ་མ་རྣམས་ཀྱི་མི་ཚེའི་རྟ་ཁ་གཞན་དུ་དཀྱུས་ཡོད། 

འདི་དང་འདི་བཞིན་གྱི་ལེགས་པར་བཤད་པའི་གཏམ་ནི་རང་ཅག་གི་བསྟན་བཅོས་རྣམས་སུ་མང་དུ་མཐོང་། དཔེར་ན། སྤྱོད་འཇུག་ཆེན་མོ་ལས། དེ་རིང་ཁོ་ན་མི་འཆི་ཞེས།། བདེ་བར་འདུག་པ་རིགས་མ་ཡིན།། བདག་ནི་མེད་པར་འགྱུར་བའི་དུས།། ད་ནི་གདོན་མི་ཟ་བར་འབྱུང་།། ཞེས་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་བཤད་རྒྱལ་སྲས་འཇུག་ངོགས་སུ་དྲངས་པའི། ཀ་ནི་ཀའི་སྤྲིངས་ཡིག་ལས། འདི་སང་དེང་ནི་འདི་བྱ་ཞེས།། བྱ་བ་མི་ལ་བཟང་བོ་མིན།། ནམ་ཞིག་ཁྱོད་ནི་མེད་འགྱུར་བའི།། སང་དེ་གདོན་མི་ཟ་བར་འོང་།། ཞེས་པའོ།། གོང་གི་དེ་ཙམ་ལས་ཀྱང་དོན་ཟབ་ཅིང་རྒྱ་ཆེ་བ་འདི་འདྲ་མང་དུ་འདུག་མོད། རང་ཅག་རྣམས་སྣང་མེད་དུ་འཇོག འདི་ནི་རང་གི་བྱིས་པའི་ངག་སྒོ་གཅོད་པ་ལ་རྐྱེན་དུ་འགྱུར་ཞིང་། རིགས་ཀྱི་རྒྱུན་གཅོད་པ་ལ་གྲོགས་སུ་འགྱུར་བས་ངེས་པར་གཟབ་དགོས་པ་ཡིན་མོད། ཀུན་གྱིས་མི་ཤེས་པར་འདུག 

རང་གི་ངག་བཞིན་གྱི་སློབ་གསོ་གཏོང་བ་ཤིན་ཏུ་གལ་ཆེ། དེ་ལ་ཕ་སྐད་སློབ་གསོ་ཞེས་ཀྱང་ཟེར། ཕ་སྐད་སློབ་གསོའི་གལ་ཆེན་རང་བཞིན་དེ་ཀུན་གྱིས་གླེང་། ཕྱི་གླིང་བ་དག་སྔ་མོ་ནས་གླེང་ཞིང་། རྒྱ་ནག་པ་དག་ཀྱང་མང་དུ་གླེང་། རང་རེ་རྣམས་ཀྱང་གླེང་བའི་ཁུལ་འཛིན། དེ་བདེན་པར་འདུག་སྟེ། འཛམ་གླིང་འདིར་རིགས་རྒྱུད་རྩད་གཅོད་ཀྱི་སློབ་གསོ་ཐམས་ཅད་ཀྱིས་མི་རིགས་གང་དེའི་ཁ་ངག་ཏུ་ཡོད་པའི་རིག་གནས་རྩད་འཇོམས་ནས་རྐང་བཙུགས་འདུག མི་རིགས་དེའི་ལྕེ་གཞན་དུ་བསྒྱུར་པ་གང་དེ་ནས་མི་རིགས་དེ་གཞན་དུ་འགྱུར་བའི་ལས་གྲུབ། 

བྱིས་པའི་སློབ་གསོ་ཀུན་ལས་སྔ་བའང་སྐད་ཆའི་སློབ་གསོ་ཡིན་འདུག་སྟེ། བྱིས་པ་མངལ་དུ་ཞུགས་པ་དང་ཕ་མ་རྣམས་དེབ་ཀློག་པ་དང་གཞས་ཉན་པ་ཐམས་ཅད་དེར་གཏོགས། བཙས་པ་དང་དེར་མིང་བཏགས་ཤིང་འབོད་པ་ཡང་དེ་ལས་མ་འདས། དེས་ན། བྱིས་པས་ཕ་མའི་མིང་འབོད་ཤེས་པ་ནས་བརྩེ་བ་ཟབ་ཏུ་ཕྱིན་ཅིང་། དགའ་སྐྱོའི་བརྡ་སྤྲོད་ཤེས་པ་ནས་འབྲེལ་བ་དམ་དུ་སོང་འདུག དེང་སང་ཚན་རིག་གི་གྲུབ་དོན་རྨ་མེད་པ་ཞིག་ཀྱང་མི་རིགས་ཤིག་གི་རིག་གནས་སློབ་གསོའི་ཐོག་མ་ནི་གང་དེའི་སྐད་ཡིག་སློབ་གསོ་ཡིན་པ་དེའོ།། མི་རིགས་རང་གི་སྐད་ཡིག་ཡག་པོ་ཤེས་པ་གང་ཞིག་གིས། མི་རིགས་རང་གི་རིག་གནས་གོམས་སྲོལ་ཡག་པོར་ངེས། མི་རིགས་རང་གི་རིག་གནས་གོམས་སྲོལ་ཡག་པོ་སྤྱོད་པ་གང་དེས། ནམ་ཡང་ཕ་ཡུལ་དང་ཕ་མ་མི་བརྗེད་པའི་རྟེན་དུ་འཛིན། དེ་ལའང་་བཟང་བོ་སྤྱོད་པའི་སློབ་གསོ་ཞེས་འབོད་རུང་། 

དེས་ན། བྱིས་པར་འཐུས་ཚང་བའི་སློབ་གསོ་སྤེལ་བ་ལ། ཐོག་མར་རང་གི་ཕ་སྐད་ནས་རྐང་གཟུག་དགོས། ཕ་སྐད་མ་ཡིག་ལེགས་པོར་མཁྱེན་པ་གང་ཞིག མི་རིགས་རང་གི་རིག་གནས་ཀྱི་ཟབ་སར་འཇུག་ཐུབ་པ་དང་། བཟང་བོ་སྤྱོད་པའི་ལས་ཀྱང་ཁུར་དུ་ལེན། བཟང་སྤྱོད་དང་མི་ལྡན་པའི་བྱིས་པ་གང་ཞིག ཤེས་བྱས་རྒྱུད་ཕྱུག་པས་མི་ཕན་ཏེ། ཤེས་བྱ་ལོག་པར་སྤྱད་པ་དེས་འགྲོ་མིའི་ལོ་རྒྱུས་སུ་ཡ་ང་འཇིགས་རུང་གི་སྐྱོ་གར་མང་པོ་བསྐྲུན། མི་གསོད་ཁྲག་སྦྱོར་གྱི་ལས་ཀ་ཐམས་ཅད་ཤེས་བྱ་ཅན་གྱི་མི་དག་གིས་བྱས་ཀྱི། ཤེས་བྱས་དབུལ་བ་གཞན་གྱིས་ནི་མིན་ནོ།། 

ད་ལྟ་ཀུན་ཀྱང་ལེགས་བྱང་སློབ་གསོ་སྤེལ། ལེགས་བྱང་སློབ་གསོ་ཞེས་པ་ནི་བཟང་བོ་སྤྱོད་པ་གོང་དུ་སྤེལ་བའི་སློབ་གསོ་ལ་ཟེར། མི་རིགས་ཤིག་གི་བཟང་སྤྱོད་ནི་མི་རིགས་དེའི་རིག་གནས་ཀྱི་ཟབ་སར་གནས། མི་རིགས་དེའི་རིག་གནས་ཀྱི་ཟབ་ས་བསྔོག་པ་ལ། མི་རིགས་དེའི་སྐད་དང་ཡི་གེ་ལ་བྱང་དགོས། མི་རིགས་དེའི་སྐད་དང་ཡི་གེ་ལ་བྱང་བར་དང་པོ་ཉིད་ནས་མི་རིགས་དེའི་ཁ་ངག་ཏུ་ཡོད་པའི་བརྡ་སྤྲོད་ལ་བྱང་དགོས། དེས་ན། མི་རིགས་རང་གི་ཁ་ངག་ལ་བརྟེན་ནས་སློབ་གསོ་གཏོང་བ་མཆོག་དང་། རབ་དང་། ཕུལ་ཡིན་གྱི། མི་རིགས་གཞན་གྱི་ཁ་ངག་ལ་བརྟེན་ནས་མི་རིགས་རང་གི་བཟང་སྤྱོད་སྤེལ་བ་འགྲུབ་བའི་གནས་མ་ཡིན་ནོ།།

ཉེ་ལམ་འཆད་ཁྲིད་ཅིག་ཏུ། དགེ་རྒན་ཆེན་མོ་བསོད་ནམས་དབང་རྒྱལ་ལགས་ནས། ངག་ལ་སྐྱོར་བ་གལ་ཆེན་མ་ཡིན་ཏེ། དོན་གོ་བ་གལ་ཆེན་ནོ་ཟེར། སྤྱིར་ན་ཁོང་ཉིད་མཁས་པ་ཆེན་པོ་ཡིན་ཁར་ལྷག་བསམ་རྣམ་དག་ཡིན་པས། གང་བརྗོད་པའི་གཏམ་ཡོད་ཚད་ལ་ཀུན་གྱིས་དགའ་བསུ་ཐོབ། ཁོ་བོ་ཡང་ཁོང་གི་གཏམ་ལ་ཉན་སྤྲོ་ཞིང་འདུན་ཆེ་བ་དེའི་རིགས་ཡིན་མོད། སྐད་མ་གོ་བའི་སྔོན་ལ་དོན་གོ་བའི་དཀའ་ལས་ཆེན་པོ་དེ་འདྲར་ཁོ་བོ་འཐད་པ་མིན་ནོ།། ཡི་གེ་གང་ཞིག་ལྕེ་ཐོག་ཏུ་བླངས་ཏེ་ངག་ལ་བྱང་བས་དོན་གོ་བ་ལ་ནུས་པ་བླ་ལྷག་ཐོན། སྒྲ་དག་པར་འབྱིན་པ་དེས་དོན་ལེགས་པར་གོ་བ་ལ་བྱིན་རླབས་འབྱུང་བས། རང་གི་སྲོལ་རྒྱུན་ལ་སྐད་ཆེན་པོས་སྐྱོར་བའི་སྲོལ་དར་ཆེ། དེ་ལ་དགེ་བ་ཁྱད་པར་ཅན་མེད་པ་གང་ཞིག་མཁས་པ་རྣམས་ལག་ལེན་བསྟར་བའི་འོས་མེད་ན། ལེགས་པར་བཤད་པའི་གཏམ་རྣམས་སྒྲ་དག་པར་སྐྱོར་བ་ནི་རང་གི་རིག་གནས་ལ་སྦྱོང་བའི་སྔོན་འགྲོ་ཡིན་འོས། རང་ཅག་ལ་ལེགས་པར་བཤད་པའི་ལུགས་ཀྱི་བསྟན་བཅོས་མང་དུ་ཡོད། དཔེར་ན། ས་སྐྱ་ལེགས་བཤད་དང་ཆུ་ཤིང་བསྟན་བཅོས་སོགས་ལྟ་བུ། རང་རེའི་བྱིས་པ་དག་དང་པོ་ནས་དེ་དག་ངག་ལ་བྱང་བ་གང་ཞིག གཞི་ནས་རང་གི་སྐད་ལ་ངེས་ཆ་ཐོན་གྱི། ངག་ལ་མ་བྱང་གོང་དོན་ལ་བསམ་ནུས་པ་ཞིག་ཤིན་ཏུ་མི་དཀའ་འམ། ཁོ་བོ་ཐོས་པ་ཉུང་བས་དེ་ལྟ་བུའི་སློབ་གསོའི་རིག་པ་ཞིག་ཕྱི་ནང་གང་དུ་ཡོད་པ་མཐོང་ཐོས་མ་བྱུང་མོད། དགེ་རྒན་ཆེན་མོ་ཁོང་ལ་དེ་དང་དེ་བཞིན་གྱི་རྒྱུ་མཚན་གནས་ལུགས་དང་བཅས་པ་ངེས་པར་ཡོད་སྲིད། ཁོ་བོ་ལྟར་ན། རང་ཅག་གི་ལེགས་པར་བཤད་པའི་གཏམ་དག་ནི་མི་རིགས་རང་གི་སྐད་དང་ཡི་གེར་ཡོད་པ་དང་། དེ་ཉིད་ཅི་ཙམ་ངག་ལ་བྱང་བ་དེ་ཙམ་གྱིས་བྱིས་པ་རྣམས་རང་གི་སྐད་བཤད་པར་རྩལ་ཐོན་ཅིང་། དོན་གོ་བར་བོགས་ཐོན་པ་གདོན་མི་ཟ་སྙམ། སྐད་ཡིག་གང་ཞིག་སྦྱོང་བ་ལ་ཐོག་མར་དེ་དག་གི་སྒྲ་དག་པར་ཀློག་པ་གལ་ཆེ་བའི་རྒྱུ་མཚན་ཡང་འདི་ལ་ཐུག

ཡང་དགེ་རྒན་ཆེན་མོ་གང་དེས། ནུབ་ཕྱོགས་པའི་སློབ་གསོའི་གཞུང་ལུགས་གླེང་བ་ལ། ཏུའུ་ཝེ་དང་རུ་སའོ་རྣམ་གཉིས་འདྲེན། ནུབ་ཀྱི་སློབ་གསོ་ལ་དེ་གཉིས་མཁས་པ་ཆེན་པོར་བརྩི། ལྷག་ཏུ་ཏུའུ་ཝེ་ལགས་ཀྱི་སློབ་གསོའི་ལྟ་དགོངས་ཀྱིས་དེང་རབས་ལ་ཤུགས་རྐྱེན་ཤིན་ཏུ་ཆེ། རང་ཅག་ལའང་རྒན་བདུད་ལྷ་སོགས་ཀྱིས་བསྒྱུར་བ་འགའ་འདུག་མོད། དེ་ཡང་བསམ་པར་བྱ་བའི་གནད་འདི་འདྲ་འདུག་སྟེ། གཞན་གྱིས་བསྟོད་པ་ཐམས་ཅད་རང་ལ་འཕྲོད་པའི་ངེས་པ་ཡེ་མེད། ཏུའུ་ཝེ་ལགས་ནི་ཆོས་ལུགས་དད་མོས་མེད་པའི་མི་ཞིག་ཡིན་ཁར། དེང་སང་ཁོང་གི་རང་དབང་དམངས་གཙོའི་ལྟ་དགོངས་ལ་དགག་པ་བསྐྱོན་མཁན་ཤར་ནུབ་གང་སར་མཐོང་དུ་ཡོད། རུ་སའོ་ལགས་ཀྱི་སྤྱི་ཚོགས་འབའ་གན་གྱི་དགོངས་པས་ནུབ་ཀྱི་དེང་རབས་ཆབ་སྲིད་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཤིང་། ཁོང་གི་སློབ་གསོའི་ལྟ་དགོངས་འཛིན་མཁན་ཡང་རྒྱ་ནག་ན་ཤིན་ཏུ་རབ་ཏུ་མང་མོད། ཁྲག་དྲི་བྲོ་བའི་ཧྥ་རན་སིའི་དམར་པོའི་གསར་བརྗེ་དེ་ཉིད་ཁོང་དང་བཅས་པའི་བསམ་བློའི་ལྟ་གྲུབ་ཀྱིས་བླངས་པ་ལ་བློ་ལྡན་སུ་ཞིག་རྩོད། ཁོང་གིས་རང་གི་བྱིས་པ་ཚང་མ་ཡ་ང་སྙིང་རྗེ་མེད་པར་གཞན་ལ་བྱིན་རྗེས། གཞན་གྱི་བྱིས་པ་སྐྱོང་བའི་ཐབས་རྩལ་གླེང་བ་ལ་སྐྱེ་བོ་སུ་ཞིག་བདེན་པའི་གཏམ་དུ་འཛིན། དེས་ན། རྒན་ལགས་ཀྱིས་མི་རིགས་རང་གི་རིག་གནས་སློབ་གསོ་གླེང་བ་རིན་ཐང་ཆེ་མོད། མི་རིགས་སློབ་གསོ་ཞེས་པའི་མགོ་གང་ནས་འཛུགས་པ་དང་རྐང་སྟེགས་གང་ལ་འཆའ་བའི་སྐོར་ཐུགས་བསམ་ཞིབ་མོ་མ་བཞེས་པ་ཡིན་ནམ་ཅི་ཆ། 

འཆད་ཁྲིད་ཀྱི་སྐབས་དང་སྐབས་སུ། རང་གིས་གསུང་བ་བཞིན་དོན་ལ་བསམ་ཏེ་སྐད་ལ་མ་བསམ་པའི་ཆ་ཡང་ཤིན་ཏུ་མང་མོད་ཞིབ་ཏུ་གླེང་བ་འོས་མི་འདུག སྐད་གཉིས་སློབ་གསོའི་ཚོད་ལྟ་ལེགས་འགྲུབ་མ་བྱུང་བའི་སྐྱོ་གར་རྒན་ལགས་ཀྱིས་གསུངས། ཁོ་ཡང་ཕམ་ཉེས་བྱུང་བའི་ཚོད་ལྟ་དེའི་འབྲས་བུ་ཡིན་པའང་ཁས་ལེན། དེས་ན། སྐད་ལ་མི་བསམ་དོན་ལ་བསམ་དགོས་ཞེས་པའི་དགོངས་པ་གང་ཡིན་ཁོ་བོས་ཧ་མ་གོ་ལགས། སྐད་ལེགས་པར་འཆད་མི་མཁས་པ་གང་ཞིག དོན་ཞིབ་ཏུ་བརྗོད་པ་ནུས་སམ་ཀྱེ། གཅིག་ཏུ་ན། ཁྱོད་ཀྱིས་བརྗོད་པ་བཞིན། གླུ་བ་ཆུང་ཆུང་དེ་ཙམ་གྱིས་ཀྱང་རང་གི་རིག་གནས་ཀྱི་ཟུར་ཞིག་ངེས་པར་སྟོན་ཤེས་མོད། དེ་ཙམ་ནི་ཤིན་ཏུ་ནས་ཀྱང་གླེང་རི་བ་མ་ལགས། ནང་ལོགས་ཀྱི་རིག་རྩལ་གར་སྟེགས་དག་ལ་འདི་དང་འདི་ལྟ་བུ་དག་འཚམ་ཞིང་། ཁོ་ཚོས་ཀྱང་རང་དབང་དང་གཞན་དབང་ཅི་རིགས་ཀྱིས་རང་གི་རིག་གནས་ཀྱི་ཟུར་ཞིག་སྒྲོག་གི་ཡོད་ནའང་། རིག་པའི་གནས་ལ་འཇུག་པ་ཡངས་པའི་སྐྱེ་བོ་དག་གི་ལས་སུ་མ་ལགས་སྙམ། མི་རིགས་རང་གི་རིག་གནས་ནི་རང་གི་སྐད་དང་ཡི་གེ་ལ་བརྟེན་བཅས། དེ་ཉིད་ཐབས་དང་ཤེས་རབ་ཀྱིས་ཟུར་བརྒྱན་ཏེ་གླེང་བས། གཞན་དང་གཞན་དག་ཡིད་འཁུལ་བའི་གཏམ་དུ་འགྱུར་གྱི། གཞན་དུ་ན་ལྟད་མོའི་རྣམ་པ་ཙམ་ལས་ག་ལ་ཡོད། རང་ཅག་རྣམས་གཏན་དུ་དེ་ཙམ་གྱི་བདེ་བ་ལ་ཡིད་ཚིམ་པས། བཟོད་དུ་མེད་པའི་སྡུག་བསྔལ་ཅི་རིགས་གཅིག་རྗེས་གཉིས་མཐུད་དུ་མྱོང་། 

ཉིད་ནས་གསུངས་པ་བཞིན། དེང་ནི་ཁེ་ཕན་རིང་ལུགས་པའི་ལྟ་བ་ཤིན་ཏུ་རྒྱུགས་ཆེ། ཐམས་ཅད་ཀྱིས་རང་གི་སྐད་དང་ཡི་གེས་བེད་མི་ཆོད་ཅེས་རྒྱའི་སྐད་དང་ཡི་གེར་འབད། རིག་པའི་གནས་ལ་འཇུག་པ་གང་ཞིག གཞན་གྱི་སྐད་དང་ཡི་གེ་སྦྱོང་བ་ཤིན་ཏུ་ལེགས། དཔེར་ན། དེང་སྐབས་ཁྱེད་ཉིད་བཞིན་རྒྱའི་སྐད་དང་ཡི་གེར་བརྟེན་ནས་སྲིད་གཞུང་བྱ་བའི་སྙན་ཞུ་གལ་ཆེན་འབུལ་ཐུབ་སོགས་བུ་དཔའ་བོ་མང་ཙམ་བདའ། ཁོ་བོ་དག་ནི་དེ་ལ་མི་དགའ་ཅི་ལ་དགའ་མོད། ཞིབ་ཏུ་བསམ་ན། དེ་ཙམ་ནི་གནས་སྐབས་ཀྱི་དོན་ལ་སྨན་གྱི་མཐར་ཐུག་གི་དོན་ལ་མི་འོང་། 

རང་རེའི་རིག་གཞུང་དུ། སྡིག་པ་བཤགས་པ་ཞེས་པའི་ལེའུ་ཡ་མཚན་ཞིག་ཡོད། སྡིག་པ་ཞེས་པ་ནི་མདོར་བསྡུས་ན་མི་དགེ་བའི་ལས་ངན་པ་བརྩམས་པ་དང་། དེ་ལ་ཤེས་བཞིན་དང་ཤེས་བཞིན་མ་ཡིན་པར་གྲོགས་བྱེད་པ་ལ་ཟེར། མི་དགེ་བའི་ལས་ངན་བརྩམས་པས་འབྲས་བུ་མི་དགེ་བ་འབྱུང་བ་ཆོས་ཉིད་རེད། ཁོ་བོ་ལྟར་ན། སྐྱོར་ལ་མི་བསམ་དོན་ལ་བསམ་ཞེས་པའང་མི་དགེ་བའི་ལས་ངན་པ་ཞིག་སྟེ། དེས་མི་རིགས་གང་ཞིག་རྨེག་མེད་ཀྱི་ལམ་དུ་འགྲོ་བར་གྲོགས་བྱེད། མི་རིགས་ཤིག་གི་རིག་གནས་རྩ་ལག་ཉམས་རྒུད་དུ་འགྲོ་བ་ལ་མཐུན་རྐྱེན་བསྐྲུན། གནས་ལུགས་དེ་ཙམ་ང་ཡིས་ཤེས་ལ་ཁྱོད་ཀྱང་ཤེས། དེས་ན། འུ་ཚོས་མི་དགེ་བའི་ལས་ངན་པ་དེ་ལྟ་བུ་མི་གསོག་ཆེད། ཉི་མ་དེ་རིང་ནས་བཟུང་སྡིག་བཤགས་བགྱི་འོས། བཤགས་པ་གཞན་གྱིས་བགྱིད་པ་ལ་རྗེས་སུ་ཡི་རང་དང་རྟིང་སྐུལ་ནན་དུ་ཞུ་འོས། ད་ནས་སྡིག་པ་གཏན་མི་བགྱི་བའི་དམ་བཅའ་བརྟན་པོ་འཇོག་དགོས། 

དེ་ལ་དང་པོ། རྣམ་པར་སུན་འབྱིན་པ་ཀུན་ཏུ་སྤྱོད་པ་སྟེ། རང་གི་སྐད་དང་ཡི་གེ་དོར་ནས་གཞན་གྱི་སྐད་དང་ཡི་གེས་རྗེས་རབས་དག་ལ་སློབ་གསོ་སྤེལ་བ་སྟེ། ཕྱིན་ཅི་ལོག་པའི་ལས་ངན་པ་འདི་དག་གི་རང་བཞིན་འབྲས་བུ་དང་བཅས་པ་ངོས་ཟིན་པར་བྱེད་དགོས། དུས་ནམ་ཞིག་ན། རང་གི་བུ་རབས་ཚ་རྒྱུད་ཀྱིས་ཕ་མེས་རྣམས་ཤུལ་དུ་བཞག་པའི་ལེགས་པར་བཤད་པའི་གཏམ་དག་གི་ངག་ལ་མི་སྐྱོར། ཞེ་ལ་མི་འཛིན། བརྗོད་པའི་སྐད་དང་འབྲི་བའི་ཡི་གེ་ནི་བརྗེད། གཅེས་པར་འོས་པའི་རིག་གནས་ཀྱི་བང་མཛོད་ནི་ཀློག་པའི་སྐལ་བ་དང་བྲལ། རང་གི་རིག་གནས་རྩ་ལག་ཏུ་གྱུར་པའི་བཟང་སྤྱོད་ཀྱི་འཇུག་པ་མཐའ་དག་ལས་ལྡོག་ན། བློ་དང་ལྡན་པའི་སྐྱེ་བོ་སུ་ཞིག་བཟོད་པར་ནུས། སྤྱི་ཕྱོགས་ནས་ཁྱོད་ཀྱང་ལྟ་དགོངས་འདི་ཉིད་ལ་མོས་པ་འདྲ་མོད། བྱེ་བྲག་ཕྱེད་པ་ཤིན་ཏུ་གལ་ཆེ་བས་འདི་ཙམ་སྤྲོས་པའོ།།

གཉིས་པ་གཉེན་པོ་ཀུན་ཏུ་སྤྱོད་པ་སྟེ། མི་རིགས་རང་གི་ཕ་མེས་ནས་བརྒྱུད་པའི་ཁ་ངག་གི་བརྡ་སྤྲོད་དག་ལ་ངག་སྒོ་ཡངས་པར་བྱས། མེས་པོ་གོང་མ་རྣམས་ཀྱི་རིག་པའི་རྩལ་ལས་ཐོན་པའི་ལེགས་པར་བཤད་པའི་བསྟན་བཅོས་ཀྱི་རབ་བྱེད་དག་ནི་ཡིད་བྱང་བར་བྱས། དེ་དག་བསྲུབས་པ་ལས་བྱུང་བའི་རིག་གནས་ཀྱི་རིན་ཐང་རྩ་ལག་དང་བཅས་པ་རྒྱུད་ལ་འཇགས་པར་བྱས། བྱམས་བརྩེའི་བདག་ཉིད་དུ་གྱུར་བའི་བཟང་བོ་སྤྱོད་པའི་ལེགས་བྱང་དང་ཀུན་ནས་ལྡན་པར་བྱས་ན། གཞི་ནས་རང་གི་མི་རིགས་འདི་ཡང་གོང་ནས་གོང་དུ་འཕེལ་བར་སྨན་དུ་འགྱུར་གྱི། གཞན་དུ་ན་ཐབས་མཆོག་ལག་ཏུ་བསྟར་ཆོག་པ་ཞིག་ཨེ་ཡོད་དམ། ཉིད་ནས་གསུངས་པའི་མི་རིགས་རང་གི་ལེགས་བྱང་སློབ་གསོ་ཞེས་པའང་འདི་ཉིད་མིན་ནམ་སྙམ་མོད། ཞར་དང་ཞོར་ལ་མི་དགེ་བའི་གཏམ་སྣ་ཚོགས་དྲུད་འོང་བས་གྲོས་སུ་བཏབ་པའོ།

གསུམ་པ་ཉེས་པ་ལས་སླར་ལྡོག་པའི་སྟོབས་ཏེ། འདི་དང་འདི་བཞིན་གྱི་ལས་ཐ་ཆད་པ་དག་རང་རེ་རྣམས་འདོར་བའི་གནས་སུ་མཆི། མི་དགེ་བའི་གོལ་ལམ་གཅིག་ཏུ་ཕྱིན་པས། ལོ་ངོ་སྟོང་ཕྲག་གི་མི་རིགས་རིག་གནས་དང་བཅས་པ་རྨེག་མེད་དུ་འགྲོ་བར་ཐེ་ཚོམ་མེད་ན། འདི་ལས་མི་ལྡོག་གང་ལས་ལྡོག འདི་ལྡོག་པ་ལ་བསམ་པ་ཙམ་གྱིས་མི་འོང་སྟེ། བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་ཁུར་དུ་འཁྱེར་བ་གལ་ཆེ། རེ་ཞིག་ལས་ཀྱི་ཁུར་ཆེན་འདིས་རང་རེ་རྣམས་བྱ་དཀའ་བྱེད་གཏད་ཀྱི་གནས་སུ་འཇུག་ནའང་། ནམ་ཞིག མུན་པ་འོད་ཀྱིས་གསལ་བ་བཞིན་འོང་བར་བློ་ལྡན་སྐྱེ་བོ་སུ་ཞིག་ཡིད་གཉིས་ཐེ་ཚོམ་དུ་འགྱུར་རམ། ཉིད་ནས་གསུངས་པའི་བློ་གྲོས་ཀྱི་ཇུས་ཆེན་དེ་ཡང་འདི་ལ་དགོངས་པར་སྙམ་ཞིང་། རང་ཅག་རྣམས་མི་བརྗེད་པའི་གཏམ་དུ་གོ་བར་ནན་གྱིས་སྐུལ་བ་ལགས་སོ།།

བཞི་བ་རྟེན་གྱི་སྟོབས་ཏེ། ནམ་ཞིག་རང་གི་བུ་རབས་ཚ་རྒྱུད་ཀྱིས་རང་གི་སྐད་དང་ཡི་གེ་ལ་བརྟེན་ནས་རང་གི་ཡུལ་སྲོལ་གོམས་གཤིས་ཀྱི་ངང་དུ་འཚོ་མི་ཐུབ་གང་གི་ཚེ། རང་ཅག་ལ་སྐྱབས་དང་རེ་ས་གཞན་དུ་མ་མཆིས་པས། ད་ལྟ་ཉིད་རང་རེ་རྣམས་རང་ཉིད་ནས་འགོ་བརྩམས་ཏེ། རང་གི་སྐད་དང་ཡི་གེ་ལ་སྦྱངས། རང་གི་ཐུན་མོང་མ་ཡིན་པའི་རིག་གནས་རྩ་ལག་དང་བཅས་པར་སྦྱངས། རང་གི་ཁ་ངག་ཏུ་གྱུར་བའི་ལེགས་པར་བཤད་པའི་གཏམ་དག་ལ་སྦྱངས། རང་གི་གོམས་གཤིས་སུ་གྱུར་བའི་རིག་གནས་རིན་ཐང་དང་བཅས་པར་སྦྱངས་པ་ཡིན་ན། དུས་དང་ཡུལ་གྱི་འཇིག་པ་ཐམས་ཅད་ཀྱིས་འཚེ་བ་མ་ཡིན་ནོ།། ཉིད་ཀྱི་སྨོན་པ་སེམས་བསྐྱེད་དང་བཅས་པའང་འདི་ཉིད་མིན་ནམ་སྙམ་མོད། བློ་གྲོས་ཀྱི་འཇུག་པ་དོག་པའི་ཁོ་བོས་ཕྱིན་ཅི་ལོག་པར་མཐོང་བའི་སྐབས་ཀྱང་འདི་འདྲ་སྣང་བས། ལྷག་བསམ་རྣམ་པར་དག་པས་ཞུས་པ་ལགས་ན་ཐུགས་དཀྱེལ་ཡངས་པར་བཞེས་ཤིག་ཀྱེ།


              ༢༠༢༢ ༢༩ 


_______ སྐྱིད་རྟགས་འཕྲིན་ཕྲན།






No comments:

Post a Comment

Adbox