ཉི་ཧོང་བྱིས་སྐྱོང་གླིང་གི་སློབ་གསོའི་རྩ་གནད་ཀྱི་བསྡུས་དོན། I འོས་སྦྱོར།


ཉི་ཧོང་བྱིས་སྐྱོང་གླིང་གི་སློབ་གསོའི་རྩ་གནད་ཀྱི་བསྡུས་དོན།

སྒྲོལ་དཀར་ཚེ་རིང་གིས་བསྒྱུར་སྒྲིག་བྱས།

བྱིས་པ་ནི་མི་རིགས་ཀྱི་རེ་བ་དང་རྒྱལ་ཁབ་ཀྱི་མ་འོངས་པ་ཡིན། རྒྱལ་ཁབ་སོ་སོས་བྱིས་པ་ལ་སློབ་གསོ་བྱེད་ཐབས་གཅིག་འདྲ་མིན། གཤམ་དུ་སློབ་གསོ་ལ་ཆེས་ཆེར་གཙིགས་སུ་འཛིན་པའི་ཉི་ཧོང་གི་བྱིས་སྐྱོང་སློབ་གསོའི་ཐད་དུ་བྱིས་པ་དག་ལ་ཅི་ཞིག་ཁྲིད་ཀྱིན་ཡོད་པ་ལ་བལྟ་བར་བྱ། དེས་ང་ཚོའི་བྱིས་སྐྱོང་སློབ་གསོ་ལ་བློ་བསྐྱེད་སྟེར་བར་གདོན་མི་ཟའོ།། 

ཉི་ཧོང་གི་བྱིས་སྐྱོང་གླིང་གི་སློབ་ཁང་དུ་དེང་རབས་ཅན་གྱི་སྒྲིག་ཆས་དང་ཁྲ་ཆིལ་དགུ་ཆིལ་གྱི་རྩེད་ཆས་གོང་ཆེན་སོགས་མེད་ཅིང་། འདི་ནི་ཚན་རིག་ལག་རྩལ་སྔོན་ཐོན་ཡིན་པའི་ཉི་ཧོང་གི་སྤྱི་ཚོགས་དང་བསྡུར་ན་ཁྱད་པར་ཆེན་པོ་ཞིག་ཤོར་ཡོད། ཉི་ཧོང་གི་བྱིས་སྐྱོང་གླིང་གི་སློབ་གསོ་ལས་མི་ཉིད་རྩ་བར་འཛིན་པ་དང་། བྱིས་པ་སྙིང་པོར་བྱེད་པའི་སློབ་གསོའི་ལྟ་དགོངས་ཤིག་མངོན་ཡོད།  

སློབ་ཁང་སྟབས་བདེ་བབ་ཆགས་ཤིག་ཡིན་པ་ལས་གཞན། ཉི་ཧོང་གི་བྱིས་སྐྱོང་སློབ་གསོའི་ད་དུང་ངོ་མཚར་བའི་ཕྱོགས་གཞན་དང་གཞན་ཡོད་པ་གཤམ་གསལ།  

 

གཅིག ཁུག་མ་བྱིས་པས་འཁྱེར་གྱི་ཕ་མས་མི་འཁྱེར།   

 

བྱིས་པ་ཞོགས་པར་སྐྱེལ་བ་དང་དགོང་མོ་ལེན་པའི་དུས་སུ། ཉི་ཧོང་གི་ཁྱིམ་བདག་སྟེ། ཕ་མ་གཉིས་ཡིན་ནའང་འདྲ། ཨ་ཁུ་ཨ་ནེ་གཉིས་ཡིན་ནའང་རུང་། ཚང་མ་ལག་པ་སྟོང་པ་ཡིན། ཁུག་མ་ཆེ་ཆུང་སྣ་ཚོགས་བྱིས་པ་དག་གིས་ཕྲག་ཏུ་འཁུར་བ་དང་ལག་ཏུ་འཛིན་པ་མ་ཟད། རྒྱུག་ནའང་ཧ་ཅང་མགྱོགས་པོ་ཡིན།  

བྱིས་པར་ཁུག་མ་འཁྱེར་དུ་བཅུག་ཚེ། ཁོ་རང་གིས་ཆུང་དུས་ནས་རང་ཚུགས་དང་འགན་འཁུར་བའི་གོམས་གཤིས་ཡག་པོ་ཞིག་གསོ་སྐྱོང་བྱེད་པར་ཕན་པ་ཆེན་པོ་ཡོད།  

 

གཉིས། སོ་སོའི་གོན་པ་སོ་སོས་བརྗེ་སྤོར་བྱེད།  

 

ལོ་གཉིས་དང་གསུམ་ཅན་གྱི་བྱིས་པ་ལ་མཚོན་ནས་བཤད་ན། ཉིན་རེར་གོན་པ་བརྗེ་སྤོར་བྱེད་པའི་ལས་རིམ་ཆ་ཚང་ཞིག་ལ་ཡང་དང་བསྐྱར་དུ་འཇུག་དགོས་ཤིང་། ཉི་ཧོང་གི་ཨ་མ་དག་གིས་འགྲམ་དུ་ལངས་ནས་ལྟ་བ་ལས་དེ་ལ་རོགས་མི་བྱེད་དོ།།  

ཉི་ཧོང་གི་བྱིས་སྐྱོང་གླིང་དུ་གོན་པ་གྱོན་པ་དང་གོན་པ་བརྗེ་བ་བརྒྱུད་ནས། བྱིས་པའི་རང་ཚུགས་ཐུབ་པའི་འཚོ་བའི་ནུས་པ་སྦྱོང་བརྡར་བྱེད། ཉིན་རེར་བྱིས་སྐྱོང་གླིང་དུ་འབྱོར་རྗེས། གོན་པ་བརྗེ་བ་དང་། འབྲེལ་གཏུག་ལག་དེབ་འཇོག་པ། སོ་སོས་ཉིན་རེའི་སྦྱར་ཤོག་ (sticker) སྦྱོར་བ། ལག་རས་འགེལ་བ་ལ་སོགས་པའི་སྦྱོང་བ་བྱེད། ལོ་གཉིས་གསུམ་ནས་མགོ་བརྩམས་ཏེ་སྦྱོང་བརྡར་བྱས་ནས། བྱིས་པ་དག་ལ་གོ་རིམ་དང་ལྡན་པར་ལས་ཀ་ལ་འཇུག་པའི་གོམས་གཤིས་ཤིག་ཆགས་པར་བྱེད་དོ།།  

 

གསུམ། ལུས་རྩལ་འགྲན་དུས་ཨང་རིམ་དང་པོ་མེད།  

 

ལོ་ཁ་མ་ལོང་བའི་ཕྲུ་གུ་ནི་བྱིས་སྐྱོང་གླིང་དུ་ཞུགས་ཀྱང་ལུས་རྩལ་འགྲན་ཚོགས་སུ་ཞུགས་དགོས། ལོ་ཁ་མ་ལོང་བའི་བྱིས་པ་ངུ་བཞིན་དུ་སྲོག་བསྡོས་ཀྱིས་མདུན་དུ་ནུར་ལ། ཚུལ་འདི་ནི་མི་སེམས་འགུལ་བ་ཞིག་རེད།  

ལུས་རྩལ་འགྲན་ཚོགས་སུ་ཚོགས་པ་ཐུན་མོང་གི་འགྲན་སྡུར་ལས་མི་སྒེར་གྱི་འགྲན་སྡུར་མེད་པས། མཐར་ཐུག་རྣམ་པར་རྒྱལ་བའི་ཚོགས་པ་ཡོད་ཀྱི། མི་སྒེར་རྣམ་པར་རྒྱལ་བ་ནི་མེད་དོ། །དེ་གར་ལུས་རྩལ་འགྲན་ཚོགས་སུ་ཞུགས་པ་གཙིགས་སུ་འཛིན་གྱི། ཕན་ཚུན་བསྡུར་བ་བྱེད་པར་དགའ་བསུ་མི་བྱེད་དོ།།  

 

བཞི། འཛིན་གྲྭ་ཕན་ཚུན་སྡེབ་ནས་སློབ་གསོ་བྱེད།  

 

ཞོགས་པར་ཆུ་ཚོད་༩ཿ༣༠ ཡི་སྔོན་དང་། ཕྱི་དྲོ་ཆུ་ཚོད་༣ཿ༣༠ ཡི་རྗེས་སུ།  བྱིས་སྐྱོང་གླིང་གི་བྱིས་པ་ཚང་མ་མཉམ་དུ་རྩེད་མོ་རྩེ་བ་མ་ཟད། བྱིས་སྐྱོང་གླིང་གི་ར་སྐོར་དུ་བྱིས་པ་ཆེ་བས་ཆུང་བ་པང་དུ་འཛིན་པ་དང་། ཆུང་བས་ཆེ་བ་བདའ་བ་ལ་སོགས་པའི་རྩེད་མོ་ལ་ཆེས་ཆེར་གཡེང་། བྱིས་པ་དག་གིས་ཕུ་བོ་དང་ཨ་ཅེ། ནུ་བོ་དང་ནུ་མོ་ཡི་ཚོར་བ་ཡང་དག་པར་ཉམས་སུ་མྱོང་ཐུབ་ཅིང་། སོ་སོ་ནར་སོན་པའི་ཚོར་བ་མངོན་གསལ་དོད་པོ་ཡིན།  

 

ལྔ། དགོད་ཅིང་བཀའ་དྲིན་ཞུ་ཚུལ་འབའ་ཞིག་སློབ།  

 

ཉི་ཧོང་གི་བྱིས་སྐྱོང་གླིང་གིས་བྱིས་པ་དག་གི་ཤེས་ཡོན་སློབ་གསོ་ལ་ཧ་ལམ་རྩ་བ་ནས་གཙིགས་ཆེར་མི་བྱེད་ལ། བྱིས་པ་དག་ལ་སློབ་དེབ་མེད་ཅིང་། ཟླ་རེར་རིས་དེབ་གཅིག་ལས་མེད། བྱིས་སྐྱོང་གླིང་དུ་ཡང་སྙིང་ཅི་ཞིག་ཁྲིད་ཀྱིན་ཡོད་དམ་ཞེ་ན། བྱིས་པ་དག་ལ་འཛུམ་དམུལ་དམུལ་བྱེད་ཚུལ་སྟོན་གྱིན་ཡོད་དོ།།  

ཉི་ཧོང་དུ་གང་ལ་སོང་ཡང་རུང་། སུ་དང་ཁ་བརྡ་བྱས་ཀྱང་ཆོག འཛུམ་དམུལ་དམུལ་བྱེད་པ་ནི་ཤིན་ཏུ་གལ་ཆེ་བ་ཞིག་ཡིན། འཛུམ་དམུལ་དམུལ་བྱེད་པའི་བུ་མོ་ནི་ཆེས་ཡིད་དུ་འོང་བ་དེ་ཡིན། དེ་ལས་གཞན་ཅི་ཞིག་ཁྲིད་ཀྱིན་ཡོད་དམ་ཞེ་ན། གཞན་ལ་བཀའ་དྲིན་ཆེ་ཟེར་ཚུལ་ཁྲིད་ཀྱིན་ཡོད།  

བྱིས་སྐྱོང་གླིང་གི་ལོ་ངོ་གསུམ་གྱི་ཡུན་ལ། བྱིས་པས་རོལ་དབྱངས་དང་། མཛེས་རྩལ། དཔེ་ཀློག་ལ་སོགས་པའི་ཕྱོགས་སོ་སོ་མཉམ་པོར་ཡར་སྐྱེད་འབྱུང་ཞིང་། གྲུབ་འབྲས་འདི་དག་ནི་ཕྱོགས་བསྡུས་ཀྱི་སློབ་གསོའི་བྱེད་ཐབས་བརྒྱུད་ནས་ཐོབ་པ་ཡིན།



ཉི་ཧོང་གི་སློབ་གསོའི་ཁྱད་ཆོས་གཙོ་བོ་བདུན། 

 

དང་པོ། ཡ་རབས་གུས་ལུགས་ཤེས་བྱའི་སྔོན་དུ་སྦྱོང་།

 

ཉི་ཧོང་གི་གཞུང་གཉེར་སློབ་ཆུང་དུ། སློབ་མ་དག་ནི་ལོ་རིམ་བཞི་པར་མ་འཕར་གོང་ལ་རྩ་བའི་ཆ་ནས་སྡེ་ཚན་གྱི་ཚོད་ལྟ་ཆུང་བ་ཁ་ཤས་ལས་རྒྱུགས་ལེན་གྱི་མེད། ཁོ་ཚོའི་སློབ་གསོའི་དམིགས་ཡུལ་ནི་ཐོག་མ་ཉིད་ནས་རྒྱུགས་ལ་བརྟེན་ཏེ་བྱིས་པ་དག་གི་ཡོན་ཚད་དང་། དྲན་འཛིན། རྒྱུགས་ལེན་གྱི་ནུས་པ་བཅས་ལ་དཔྱད་འཇོག་བྱ་རྒྱུ་དེ་མ་ཡིན་པར། བྱིས་པ་དག་ལ་གཞན་དང་འབྲེལ་འདྲིས་བྱེད་ཚུལ་དང་། གཞན་ལ་བརྩི་བཀུར་བྱ་ལུགས། ཡ་རབས་ཀྱི་གུས་ལུགས་ཆགས་པ། སྲོག་ཆགས་དང་རང་བྱུང་ལ་བྱམས་ཀྱིས་སྐྱོང་དུ་འཇུག་པ་དེ་ཡིན་ལ། དེ་ནས་གོམ་གང་མདུན་སྤོས་ཀྱིས་སོ་སོའི་རང་གཤིས་ཡར་སྐྱེད་འབྱུང་དུ་འཇུག་རྒྱུ་དེ་རེད།

 

གཉིས་པ། བཞི་པའི་ཚེས་གཅིག་སློབ་མགོ་ཚུགས་དུས་བྱེད།

 

འཛམ་གླིང་ཡོངས་ཀྱི་སློབ་གྲྭ་ཕལ་མོ་ཆེས་ཟླ་དགུ་པ་ཡས་མས་ནི་སློབ་ལོ་གསར་པ་ཞིག་གི་མགོ་རྩོམ་སར་གཏན་ལ་ཕབ་ཡོད་མོད། ཉི་ཧོང་ནི་དེ་ལྟ་མ་ཡིན་པར། མེ་ཏོག་ཡིང་ཧྭ་ (樱花) རྣམ་པར་བཞད་པའི་ཟླ་བཞི་པར་སློབ་མགོ་གསར་པ་ཚུགས་ཀྱིན་ཡོད།

ཡིག་ཆར་བཀོད་པ་ལྟར་ན། སྐབས་དེར་མཐོ་རིམ་དགེ་འོས་སློབ་གྲྭས་ཚན་སློབ་རིག་གནས་ལས་དོན་ཁང་ (文部科学省) ལ་སྙན་ཞུ་ཕུལ་ནས་ཟླ་བཞི་པར་སློབ་ལོ་གསར་པ་ཚུགས་པའི་རྒྱུ་མཚན་བཞི་བགྲང་འདུག་པ་གཤམ་གསལ།

གཅིག ཟླ་དགུ་པར་སློབ་མགོ་ཚུགས་པའི་ལམ་ལུགས་ཀྱིས་ནམ་རྒྱུན་ཚ་བས་གདུང་པའི་དབྱར་ཁར་སློབ་མཐར་ཕྱིན་པའི་རྒྱུགས་ལེན་དགོས་པས། དེ་ནི་སློབ་སྦྱོང་ལ་གནོད་ཚབས་ཆེ་བ།

གཉིས། ཟླ་དགུ་པར་སློབ་མགོ་ཚུགས་པ་ནི་ཟླ་བཞི་པར་མགོ་ཚུགས་པའི་རྩིས་གཉེར་ལོ་དུས་ (会计年度) དང་ཐ་དད་དུ་གྱུར་པའི་དབང་གིས། སློབ་གྲྭའི་ནོར་སྲིད་ཀྱིས་དེ་དོན་ཐག་གཅོད་བྱེད་པ་ལ་དཀའ་ངལ་ཧ་ཅང་ཆེན་པོ་ཡོད་པ།

གསུམ། ས་གནས་ཀྱི་སློབ་ཆུང་ནི་ཟླ་བཞི་པར་སློབ་མགོ་ཚུགས་པ་ལ། མཐོ་རིམ་དགེ་འོས་སློབ་ཆེན་གྱི་ཟུར་གཏོགས་སློབ་ཆུང་ནི་སློབ་ཆེན་དང་མཐུན་པར་བྱས་ཏེ་ཟླ་དགུ་པར་སློབ་མགོ་ཚུགས་ཀྱིན་ཡོད་པས། བདག་གཉེར་གྱི་དགོས་པའི་དབང་གིས་གཉིས་ཀ་གཅིག་གྱུར་བྱེད་དགོས་པ།

བཞི། དམག་བསྡུའི་བཀའ་རྒྱ་རུ་ལོ་རེའི་ཟླ་དགུ་པ་ནས་ལོ་རྗེས་མའི་ཟླ་བཞི་པའི་བར་དུ་སྙན་ཞུ་འབུལ་ཡུན་དུ་གཏན་ལ་ཕབ་ཡོད་པས། ཟླ་དགུ་པར་སློབ་གྲྭར་རྒྱུགས་འཕྲོད་པའི་ན་གཞོན་ནི་ལོ་རྗེས་མའི་ཟླ་བཞི་པར་དམག་སྐུལ་དང་བླངས་ཀྱིས་དམག་ལ་ཞུགས་སྲིད་པའི་ཕྱིར།

རྒྱུ་མཚན་དེ་ལྟ་བུས་ན། ཕྱིས་སུ་ཉི་ཧོང་དུ་རིམ་གྱིས་ཟླ་བཞི་པར་སློབ་མགོ་ཚུགས་པ་ལག་བསྟར་བྱེད་མགོ་བརྩམས། ཟླ་བཞི་པ་ནི་མེ་ཏོག་ཡིང་ཧྭ་རྣམ་པར་བཞད་པའི་དུས་ཚིགས་ཡིན་པ་མ་ཟད། སྐྱེ་དགུ་མ་ལུས་སླར་སོས་ཏེ་མྱུ་གུ་འབུས་པའི་དབྱར་ཟླ་ར་བའང་ཡིན་ནོ།།

གཞན་ཡང་ཉི་ཧོང་དུ་སློབ་ལོ་གཅིག་ལ་སློབ་སྐབས་གསུམ་དུ་ཕྱེ་ཞིང་། སྤྱིར་བཏང་དུ་ཟླ་༤ དང་།ཟླ་༩༡༢ ཟླ་༡ (སློབ་གྲྭ་སོ་སོར་དམིགས་བསལ་གྱི་དབང་གིས་ཁྱད་པར་ཕྲན་བུ་རེ་ཡོད།) བཅས་ཡིན། དེ་བས་ཁོ་ཚོར་ལོ་གཅིག་ལ་དབྱར་གནང་དང་། དགུན་གནང་། དཔྱིད་གནང་བཅས་ངལ་གསོའི་དུས་སྐབས་གསུམ་ཡོད་དོ།།

 

གསུམ་པ། སློབ་གྲྭས་གཙང་སྲུང་པ་ནི་གླས་པ་དཀོན།

 

སློབ་གྲྭའི་ཁོར་ཡུག་གང་དང་གང་ཡིན་རུང་། སློབ་ཁང་དང་། ལུས་རྩལ་ར་བ། གཙང་སྤྱོད་ཁང་ལ་སོགས་པར་འཛིན་གྲྭ་སོ་སོའི་སློབ་མ་དག་ཚན་པ་ཚན་པ་བྱས་ཏེ་གཙང་སྦྲ་བྱེད་ཀྱིན་ཡོད། དེ་ནི་ཕྱོགས་གཅིག་ནས་སློབ་མ་དག་གིས་ཚོགས་པའི་མཉམ་འབྲེལ་དང་ཕན་ཚུན་རོགས་རམ་བྱེད་ཤེས་སུ་འཇུག་པ་དང་། ཕྱོགས་གཞན་ཞིག་ནས་བྱིས་པ་དག་ལ་སོ་སོའི་ལས་ཀ་དང་གཞན་གྱི་ལས་ཀ་ལ་བརྩི་བཀུར་ཇི་ལྟར་བྱེད་ཚུལ་རྟོགས་སུ་འཇུག་ཆེད་ཡིན།

 

བཞི་པ། ཟ་མ་སྟེར་བའི་སློབ་གསོ་ཐུན་མོང་མིན།

 

སློབ་མ་དག་གིས་ཟས་རིགས་ལྷད་མེད་དང་འཚོ་བཅུད་སྙོམས་པོ་ཞིག་ཟ་ཐུབ་པའི་ཕྱིར་དུ། ཉི་ཧོང་གི་སློབ་གྲྭ་ཆུང་འབྲིང་ཕལ་ཆེ་བས་ཟས་ཐོ་ཚད་ལྡན་ཅན་དུ་བྱས་ཏེ་དགེ་སློབ་ཡོངས་ལ་གུང་ཟས་གཅིག་གྱུར་ཏུ་མཁོ་འདོན་བྱེད་ཀྱིན་ཡོད་པ་མ་ཟད། ཚང་མས་སློབ་ཁང་ནས་གུང་ཟས་ལ་རོལ་གྱིན་ཡོད།

ཟ་མ་སྟེར་བ་ནི་བཟའ་བཏུང་ཡིད་ཚིམ་ཞིག་སྟེར་བ་ཙམ་མ་ཡིན་པར། སློབ་གྲྭ་རེ་རེར་ཟས་སྣ་སྡེབ་མཁན་གྱི་ཆེད་ལས་སློབ་དཔོན་ཡོད་ལ། ཟླ་རེའི་ཟླ་མཇུག་ཏུ། སློབ་གྲྭས་ཁྱིམ་བདག་རྣམས་ལ་ཟླ་རྗེས་མའི་ཉིན་རེའི་གུང་ཟས་ཀྱི་ཟས་ཐོ་སྤྲོད་ཅིང་། དེ་ནི་ཁྱིམ་བདག་དག་གི་སེམས་བདེ་བར་བྱེད་པ་མ་ཟད། ཁྱིམ་ཚང་གིས་དགོང་ཟས་ཅི་ཞིག་བཟོ་མིན་འཆར་འགོད་བྱེད་པ་ལའང་ཕན།

གུང་ཟས་ལ་སླེབས་པའི་དུས་སུ། སློབ་རའི་ནང་དུ་འུར་ཟིང་རྣམ་པར་དགོད་ཅིང་། སློབ་མ་དག་གིས་འཆར་ཅན་དུ་ལས་རེས་བྱེད་ཀྱིན་ཡོད་ལ། ལས་རེས་སུ་ཁེལ་བའི་སློབ་མ་དག་གིས་གཏན་ལ་ཕབ་པའི་སློབ་ལྭ་གྱོན་ནས་སློབ་གྲོགས་དག་ལ་ཟ་མ་བགོ་དགོས། ཚང་མ་གུང་ཟས་ལ་རོལ་རྗེས་མཉམ་དུ་དཀར་ཡོལ་དང་ཐུར་མ་གཙང་མར་བཟོ་བ་དང་། ཁོར་ཡུག་གཙང་སྦྲ་བཅས་ཀྱི་ལས་སུ་འཇུག་དགོས།

 

ལྔ་པ། སློབ་གཉེར་ཡུལ་སྐོར་བྱེད་པར་ཐམས་ཅད་སྨོན།

 

སློབ་གཉེར་ཡུལ་སྐོར་ (修学旅行) ནི་ཉི་ཧོང་གི་སློབ་ཆུང་དང་། སློབ་འབྲིང་། མཐོ་རིམ་སློབ་གསོའི་ཡན་ལག་ཅིག་ཡིན་ཞིང་། ཡུལ་སྐོར་དུ་འགྲོ་ས་ལ་རྒྱལ་ཁབ་གཞན་དང་གཞན་དུ་འགྲོ་བ་ཡོད་ལ། ས་གནས་གཞན་ནས་གཞན་དུ་འགྲོ་བའང་ཡོད། སློབ་གཉེར་ཡུལ་སྐོར་གྱིས་སློབ་སྦྱོང་བྱེད་པ་དམིགས་ཡུལ་དུ་བྱེད་ཅིང་། སློབ་མས་ཡུལ་སྐོར་ལས་དེ་འབྲེལ་གྱི་ཤེས་བྱ་ལས་སླ་པོར་རང་རྒྱུད་ལ་འབྱོར་ཐུབ་བོ།།

ཉི་ཧོང་གི་སློབ་གཉེར་ཡུལ་སྐོར་ལ་སློབ་སྦྱོང་གི་བརྗོད་བྱ་ཐ་དད་པའི་དབང་གིས་རིགས་ཀྱི་རྣམ་གྲངས་དུ་མར་དབྱེ་ཡོད་དེ། དཔེར་ན་ལོ་རྒྱུས་ཀྱི་སྐོར་ལ་སློབ་སྦྱོང་བྱེད་པར་གཙོ་བོ་ལོ་རྒྱུས་ཀྱི་གནའ་ཤུལ་ལ་ལྟ་སྐོར་བྱས་པར་བརྟེན་ནས་དེ་འབྲེལ་གྱི་ཤེས་བྱ་སློབ་པ་ལྟ་བུའོ།།

དམིགས་པ་དེ་ལྟ་བུ་ཡིད་ལ་བྱེད་པའི་ཡུལ་སྐོར་ནི་གཙོ་བོ་ཡུལ་ཅིང་ཏུའུ་(京都)དང་། ནའེ་ལཱང་(奈良)རྒྱལ་ས་ཐོ་ཁེ་ཡོ་ལ་སོགས་པའི་གནས་སུ་འགྲོ་ངེས་ཡིན། གཞན་ཡང་རང་བྱུང་ཁམས་ཆེན་མོ་ཉམས་སུ་མྱོང་བའི་ནགས་ཚལ་གྱི་སློབ་གཉེར་ཡུལ་སྐོར་དང་ཞིང་ལས་ཀྱི་སློབ་གཉེར་ཡུལ་སྐོར་ལ་སོགས་པ་མང་ངོ་།།

 

དྲུག་པ། ཡིག་གཟུགས་སློབ་གསོ་རྒྱལ་ཁབ་ཡོངས་སུ་ཁྱབ།

 

ཀྲུང་གོ་ནས་ཉི་ཧོང་ལ་དར་བའི་ཡིག་གཟུགས་ཀྱིས་ཉི་ཧོང་གི་རིག་གནས་ཀྱི་སྣང་ཚུལ་ལ་ཤུགས་རྐྱེན་ཟབ་མོ་བཞག་ཡོད། ཉི་ཧོང་དུ་སློབ་གྲྭ་ཆུང་འབྲིང་དུ་ཡིག་གཟུགས་ཀྱི་དཔེ་ཁྲིད་བཀོད་སྒྲིག་བྱས་ཡོད་ལ། སློབ་ཆུང་ལོ་རིམ་གསུམ་པ་ནས་མགོ་བརྩམས་ཏེ་དམའ་འབྲིང་མཐར་ཕྱིན་བར་དུ་ཡིག་གཟུགས་སྦྱོང་གིན་ཡོད་པ་མ་ཟད། སློབ་ཆེན་དུའང་ཡིག་གཟུགས་ཀྱི་ཆེད་ལས་ཡོད་ལ། ལས་ཞོར་གྱི་ཡིག་གཟུགས་སློབ་གསོ་ནི་རྒྱལ་ཁབ་ཡོངས་སུ་དར་ཁྱབ་བྱུང་ཡོད།

ཉི་ཧོང་གི་སློབ་གྲྭ་ཆུང་འབྲིང་གི་གནས་སྐབས་ཀྱི་ཡིག་གཟུགས་ཀྱི་དཔེ་ཁྲིད་ཀྱིས་ཉི་ཧོང་བ་ལ་ཡིག་གཟུགས་ཀྱི་རྨང་གཞིའི་ཤེས་བྱ་དང་འབྲི་རྩལ་བརྟན་པོ་ཞིག་གི་རྨང་གཞི་བཏིང་ཡོད་པས། ཉི་ཧོང་བ་ཕལ་མོ་ཆེས་ཡིག་གཟུགས་ཧ་ཅང་ཡག་པོ་ཞིག་འབྲི་ལ། ཉི་ཧོང་བས་ནམ་རྒྱུན་ལག་ཏུ་འབྲི་དེབ་དང་སྨྱུ་གུ་ཐོགས་པའི་རྒྱུ་གཙོ་བོ་ཞིག་ཀྱང་འདི་ཡིན་ནོ།།

 

བདུན་པ། སློབ་གོས་ཁྱབ་བརྡལ་ཇུས་འགོད་བྱེད་ལ་མཁས།

 

ཀུན་གྱིས་མཁྱེན་གསལ་ལྟར། སློབ་གོས་ (སློབ་ལྭའང་ཟེར།) ཁྱབ་བརྡལ་དང་ཇུས་འགོད་ཀྱི་ཆུ་ཚོད་ལ་མཚོན་ནས་བཤད་ན་ཉི་ཧོང་ནི་རྩེ་གྲ་ཡིན། ཉི་ཧོང་བའི་བག་ལ་ཉལ་བའི་འདུ་ཤེས་ཀྱི་ཁྲོད་ནས་ལས་གོས་གཅིག་པ་ལས་བསྐྱེད་པའི་སྤྱི་ཚོགས་ཀྱི་ངོས་ལེན་ལ་རྩིས་མཐོང་ཧ་ཅང་ཆེན་པོ་བྱེད། དེ་ལས་སློབ་གོས་ཡིས་སློབ་གྲྭའི་སྲོལ་རྒྱུན་དང་ས་ཁུལ་གྱི་ཁྱད་ཆོས་མཚོན་པ་མ་ཟད། སློབ་གྲོགས་ཕན་ཚུན་བར་གྱི་སྤྱི་ཚོགས་ཀྱི་འགལ་རྐྱེན་ཡང་རྣམ་པར་སེལ་ཐུབ།

གཞན་ཡང་ཉི་ཧོང་གི་སློབ་གོས་ཀྱི་ཇུས་འགོད་ནི་དུས་རབས་ཀྱི་འགྲོས་དང་མཐུན་ཞིང་དར་སྲོལ་གྱི་རྗེས་སུ་འབྲངས་ནས་སློབ་གོས་ལེགས་བཅོས་བྱེད་ཀྱིན་ཡོད་པས། འདི་ཡང་སློབ་མ་དག་གིས་སློབ་གོས་གོན་འདོད་ཀྱི་རྒྱུ་གཙོ་བོ་ཞིག་ཀྱང་ཡིན་ནོ།།


 


ཉི་ཧོང་གི་བྱིས་པར་སློབ་གསོ་གཏོང་བའི་ལེགས་བཤད་བཅུ་གཉིས།

 

གཅིག ཁྱིམ་ཚང་ནི་གོམས་གཤིས་སྦྱོང་སའི་སློབ་གྲྭ་ཡིན་ལ། ཕ་མ་ནི་གོམས་གཤིས་ཁྲིད་མཁན་གྱི་དགེ་རྒན་ཡིན། 

 

གཉིས། བྱིས་པའི་སྤྱོད་ལམ་གྱི་ཐད་དུ། དོན་དག་ལྔ་ལས་གསུམ་ལ་བསྟོད་པ་དང་གཉིས་ལ་སྐྱོན་བརྗོད་བྱས་ཚེ། ཁོ་རང་ལམ་བུ་ཡག་པོ་ཞིག་ལ་མངོན་པར་ཕྱོགས་ནས་ཡར་བསྐྱེད་འབྱུང་བར་གདོན་མི་ཟ། 

 

གསུམ། ཁོ་ལ་ཤེས་ཡོན་སྟོན་པ་ལས། ཡིད་འགུལ་ཐེབས་སུ་བཅུག་ན་དགའ། ཁོ་ལ་ཡིད་འགུལ་ཐེབས་སུ་འཇུག་པ་ལས། དེ་ལ་ལག་ལེན་བྱེད་དུ་བཅུག་ན་དགའ། 

 

བཞི། དང་པོ་ཙ་ན་བྱིས་པ་ལ་སློབ་སྦྱོང་བྱེད་ཚུལ་སྟོན་དུས། ཁོ་ལ་ངེས་པར་དུ་སྤྱོད་ལམ་ཡག་པོ་ཅན་གྱི་དགེ་རྒན་ཞིག་འཚོལ་དགོས། ཤེས་རབ་དང་བསླབ་གནས་ཅི་ཙམ་མཐོ་ཡང་། སྤྱོད་ལམ་ངན་པའི་དགེ་རྒན་ནི་བྱིས་པའི་སློབ་གཉེར་གྱི་མིག་རྟེན་དུ་མི་རུང་ངོ་།། 

 

ལྔ། འཇིག་རྟེན་གྱི་བྱ་བ་ཁོང་དུ་ཆུད་པའི་མི་ཡིས་རང་གི་བྱིས་པ་ལ་ཆང་དང་འདོད་སྲེད། སྒོར་མོ་བཅས་ལ་ཧམ་པ་བྱ་མི་རུང་ཚུལ་སློབ་གསོ་བྱེད་དགོས། 

 

དྲུག མི་ཞིག་ལོ་ན་ཉི་ཤུར་སོན་པ་ན། ཕ་མ་དང་དགེ་རྒན་གྱི་དགོངས་འཆར་ནི་དཔྱིད་ཀ་འདས་རྗེས་ཞིང་ནང་དུ་དྲངས་པའི་ལུད་དང་འདྲ་བར་ནུས་མེད་ཡིན་པས། བྱིས་པའི་དུས་ནས་བཟུང་གོམས་གཤིས་ངན་པ་དག་ཡོ་བསྲང་བྱེད་དགོས། 

 

བདུན། གྲོགས་ཀྱི་ཤུགས་རྐྱེན་ནི་ཕ་མ་ལས་ལྷག་པ་ཡིན། རྒྱུ་མཚན་གང་ཞེ་ན། ཕ་མ་དང་བྱིས་པའི་ལོ་ཚོད་ཀྱི་བར་ཁྱད་ཀྱིས་ཕ་མའི་བག་ཆགས་འཇོག་པ་ལ་སྟངས་འཛིན་བྱས་ཡོད། ཡིན་ཡང་གྲོགས་ཀྱིས་ཤུགས་རྐྱེན་ཐེབས་པ་ལ་སྟངས་འཛིན་མི་ཐེབས་པ་མ་ཟད། ཁྱད་པར་དུ་ནང་བསམ་པའི་ངོས་སུ་ཤུགས་རྐྱེན་ཧ་ཅང་ཆེན་པོ་འཇོག་ངེས། དེར་བརྟེན། བྱིས་པས་གྲོགས་པོ་འདེམ་པ་ནི་ཆེས་ཤིན་ཏུ་གལ་ཆེ་བ་ཞིག་ཡིན་པ་མངོན་པར་གསལ། 

 

བརྒྱད། ངུ་བར་དགའ་བའི་བྱིས་པ་ནི་མགྱོགས་པར་འཚར་ལོངས་འབྱུང་ངེས། བྱིས་པ་ངུ་བ་ནི་རང་གི་འདོད་པའི་མངོན་ཚུལ་ཞིག་ཡིན། གལ་སྲིད་བྱིས་པའི་ཚེ་སྲོག་གི་སྟོབས་ནི་ལྷག་པར་ཆེ་ལ་བདེ་ཐང་ཡིན་ཚེ། ཁོ་རང་ངུས་པ་དེ་ལྟར་ཤུགས་དྲག་པོ་ཡིན་ངེས། རྒྱུ་མཚན་གང་ཞེ་ན། ངུ་བ་ནི་ཁོ་ལ་མཚོན་ན་སྦྱོང་བརྡར་ཞིག་ཡིན་ལ། ངུས་ཚེ་ཁོ་རང་གི་ཡི་ག་ཆེ་རུ་བསྐྱེད་ཅིང་། ངུས་ནས་ཐང་ཆད་པ་ན་ཁོ་རང་གཉིད་ལྗིད་མོ་ཁུག་ངེས་ཡིན། 

 

དགུ། བྱིས་པ་ལ་གཅར་ནའང་། ཕ་མ་ཡི་དབྱུག་པ་ཡིན། མི་ཚེའི་གནས་སྐབས་མི་འདྲ་བར་རྡུང་རྡེག་ཀྱང་མི་འདྲ་བ་མྱོང་དགོས་པས། རྡུང་རྡེག་ཕོག་པའི་ཚེ་ན་རང་ཉིད་གཅུན་པའི་ནུས་པ་ཡོད་མེད་དང་ག་འདྲ་ཡོད་མེད་ནི་གནད་ཀྱི་དོན་པོ་ཡིན། ཆུང་དུས་ནས་རྒྱུན་པར་གཅར་བའི་བྱིས་པ་ལ་དེ་དུས་ནས་རྡུང་རྡེག་ལ་གོམས་ཡོད་པས། ནར་སོན་རྗེས་ནང་བསམ་པའི་འཛིན་སྟངས་རྒྱུན་ལྡན་ལྟར་དུ་གནས་པའི་སྟོབས་དང་ལྡན་ནོ།། 

 

བཅུ། སོ་སོ་དགའ་བའི་བྱིས་པ་ཕྱི་རུ་ཡུལ་སྐོར་ལ་འགྲོ་རུ་འཇུག་པ། འདིར་བསྟན་གྱི་ཡུལ་སྐོར་ཞེས་བྱ་བ་ནི་ལྟ་སྐོར་ཙམ་ལ་བསྟན་པ་མ་ཡིན་པར། ཕ་ཡུལ་རྒྱབ་ཏུ་བསྐྱུར་མི་ཡུལ་དང་དུ་བླངས་ནས་ལས་ཀ་གཉེར་པ་དེ་ཡིན། བྱིས་པ་ནི་ཕ་མའི་བདག་སྐྱོང་དང་བྲལ་ལ། དཀའ་སྡུག་གི་སྦྱོང་བ་དེ་འདྲ་ཉམས་སུ་མ་མྱངས་ཚེ། ནམ་ཡང་ངེས་པ་དོན་གྱི་བདེ་སྐྱིད་འཐོབ་པའི་གནས་མེད་དོ།། གལ་སྲིད་ཁྱེད་རང་ངོ་མ་བྱིས་པ་ལ་ཤ་ཚ་ན། བྱིས་པ་ལ་སྡུག་མྱོང་དུ་འཇུག་དགོས། དེ་ལྟ་མིན་ན། ནམ་ཞིག་བྱིས་པ་ནར་སོན་རྗེས་ནུས་མེད་དུ་འགྱུར་སྲིད་ལ། སྐབས་དེ་དུས་འགྱོད་པ་སྐྱེས་ཀྱང་འཕྱི་ཡོད་དོ།། 

 

བཅུ་གཅིག བྱིས་པ་སེམས་ཀྱིས་གཅེས་ཚེ། སྐྱོན་བརྗོད་ཐེངས་གཉིས་དང་། བསྟོད་པ་ལན་གསུམ་བྱེད་དགོས། དེ་ལྟར་ཁོ་ལ་ཐེངས་ལྔར་ཁྲིད་ཚེ་འཇོན་ཐང་དང་ལྡན་པར་འགྱུར་ངེས་ཡིན། 

 

བཅུ་གཉིས། སློབ་གསོའི་མཐར་ཐུག་གི་དམིགས་ཡུལ་ནི་བྱིས་པས་རང་རྐྱ་འཕེར་བའི་འཚོ་བ་ཞིག་རོལ་ཐུབ་ཅིང་། བདག་སྐྱོང་བྱེད་མཁན་གྱིས་སེམས་བདེ་མོའི་ངང་ནས་བྱིས་པ་དང་ཁ་འབྲལ་ཆོག་པ་དེ་ཡིན། བྱིས་པ་དཀའ་ཁག་ལ་ཕྲད་ཚེ། ཁོ་རང་ཉིད་ལ་བསམ་བློ་གཏོང་དུ་འཇུག་དགོས། མི་ཞིག་ཡར་སྐྱེད་འབྱུང་བ་ནི་སྟེགས་བུ་ཇི་བཞིན། རང་ཉིད་སྟེགས་བུ་གོང་མར་མ་སྤོས་ཚེ། ནམ་ཡང་སྟེགས་བུ་དེའི་སྟེང་གི་ཤེས་བྱ་སྦྱོང་ཐབས་བྲལ། 

 




No comments:

Post a Comment

Adbox