བོད་ཡུལ་སློབ་གསོའི་འཕེལ་རྒྱས་དང་ནུབ་རྒྱུད་གསར་སྤེལ་ཆེན་མོ། I འོས་སྦྱོར།

 


བོད་ཡུལ་སློབ་གསོའི་འཕེལ་རྒྱས་དང་ནུབ་རྒྱུད་གསར་སྤེལ་ཆེན་མོ། 

ཁྲོ་བོ་རྒྱལ་མཚན། 


སྔོན་འགྲོའི་སློབ་གསོའི་སྐབས་སུ་ཕ་སྐད་མ་ཡིག་གི་སློབ་གསོ་མྱངས་མ་ཐུབ་པར་སྐད་ཡིག་གཞན་ཞིག་གིས་བཙན་གྱིས་སློབ་གསོ་མྱོང་དུ་བཅུག་པའི་བྱིས་པ་ནི། ཚེ་གང་བོར་སྐད་བརྡའི་ཞ་བོ་དང་རིག་སྟོབས་ཀྱི་ཞ་བོ་ཡིན་ལ། དེ་བཞིན་དུ་མི་གཤིས་ཀྱི་ཞ་བོ་ཡིན། 

_____ས་ཡུལ་ཁྲོ་བོ་རྒྱལ་མཚན། 


 

སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་ལམ་ལུགས་རིམ་བཞིན་འཛུགས་སྐྲུན་བྱས་པ་དང་བསྟུན་ནས། ཁྲོམ་རའི་སྒྲིག་སྲོལ་གྱི་བྱེད་ནུས་ཁྱབ་ཁོངས་ཇེ་ཡངས་ནས་ཇེ་ཡངས་སུ་གྱུར། འཇོན་མིའི་ཁྲོམ་ར་རིམ་བཞིན་གྲུབ་ནས་ཁྲོམ་རའི་ཆོས་ཉིད་ལྟར་ཕྱོགས་གཉིས་བསལ་འདེམས་དང་འཇོན་མི་བརྗེ་རེས་བྱས། བོད་ཡིག་གི་ཆེད་ལས་ལས་རིགས་ཀྱི་འཇོན་མི་དག་གི་ཁྲོམ་ར་གུ་དོག་པ་དང་ཐ་ན་ཁྲོམ་ར་མེད་པའི་སྣང་ཚུལ་ལ་ཐུག དེ་བས་མི་རེ་འགས་ཁྲོམ་ར་ལ་ཁ་ཕྱོགས་པ་རྒྱུ་མཚན་དུ་བྱས་ནས་བོད་ཡིག་གི་སློབ་གསོའི་འཕེལ་རྒྱས་ལ་དོགས་འདྲི་བྱས། ཏང་གི་སྐབས་བཅུ་གཅིག་པའི་ཐེངས་གསུམ་པའི་ཚང་འཛོམས་གྲོས་ཚོགས་འཚོགས་རྗེས། ཏང་གི་ཡང་དག་པའི་བསམ་བློའི་མཛུབ་སྟོན་འོག་ཏུ་ཏང་གི་མི་རིགས་སྐད་ཡིག་གི་སྲིད་ཇུས་ཡང་བསྐྱར་སླར་གསོ་བྱས་ནས་བྱུང་བའི་མི་རིགས་སློབ་གསོའི་མདུན་ལམ་བཟང་བོ་ལ་ཡང་བསྐྱར་ཉམས་ཉེན་བྱུང་། 

བོད་ཀྱི་མི་རིགས་ས་ཁུལ་ལ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་ལམ་ལུགས་འཛུགས་སྐྲུན་དང་འཕེལ་རྒྱས་གཏོང་དུས། བོད་ཡིག་གི་འཇོན་མི་ལ་དོན་ངོ་མས་ཁྲོམ་ར་མེད་དམ། མིག་སྔའི་བོད་ཡིག་གི་འཇོན་མིའི་ཁྲོམ་རའི་སྣང་ཚུལ་འདི་ཇི་ལྟར་བྱུང་བ་ཡིན་ནམ། བོད་ཡིག་རང་ཐོག་ནས་སྤྱི་ཚོགས་རིང་ལུགས་དེང་རབས་སྤྱི་ཚོགས་ཀྱི་ཤེས་བྱ་སྣ་ཚོགས་དང་མཉམ་དུ་མཁོ་མེད་ཅིག་ཡིན་པ་མཚོན་མེད་ལ་རྟོགས་ཀྱང་མི་རྟོགས། འོན་ཀྱང་སྤྱི་ཚོགས་ཀྱི་དངོས་ཡོད་ཀྱིས་དང་ལེན་མི་བྱེད་པ་ཡིན་ནམ། ཡང་ན་ང་ཚོ་རང་ཉིད་ཀྱིས་ལས་ཀའི་ནོར་འཛོལ་དང་སྲིད་ཇུས་ཆ་ཚང་འཐུས་ཚང་མིན་པར་མིས་བཟོས་རྐྱེན་གྱིས་བོད་ཡིག་གི་སྤྱི་ཚོགས་གོ་གནས་འཕྲོག་པའི་མཇུག་འབྲས་ཡིན། ང་ཚོས་གནད་དོན་འདི་དག་ལ་ཇི་ལྟར་ངོས་འཛིན་དང་འགྲེལ་བཤད་བྱ་དགོས། འདི་ནི་བོད་ཡིག་གི་སློབ་གསོའི་འཚོ་གནས་དང་འཕེལ་རྒྱས་ཀྱི་འགངས་ཆེ་བའི་གནད་དོན་ཡིན། 

དེ་དང་ཆབས་ཅིག་ནུབ་རྒྱུད་གསར་སྤེལ་ཆེན་མོ་དང་ནུབ་རྒྱུད་གསར་སྤེལ་ཆེན་མོའི་ཁྲོད་ཀྱི་འཇོན་མིའི་གནད་དོན་དང་སློབ་གསོའི་གནད་དོན་གླེང་དུས། དེས་བོད་ཡུལ་ལ་དོན་སྙིང་ཅི་ཡོད། ཡང་གཅིག་བཤད་ན། ནུབ་རྒྱུད་གསར་སྤེལ་ཆེན་མོས་བོད་ཡུལ་ལ་ཁྱེར་ཡོང་བ་དེ་ཅི་ཡིན་འོས། ནུབ་རྒྱུད་གསར་སྤེལ་ཆེན་མོའི་ནང་རོལ་གྱི་སྒུལ་ཤུགས་དང་ནུབ་རྒྱུད་གསར་སྤེལ་ཆེན་མོའི་གཙོ་བདག་ཅི་ཞིག་ཡིན་འོས། ནུབ་རྒྱུད་གསར་སྤེལ་ཆེན་མོའི་ཁྲོད་ཀྱི་གནད་དོན་དང་འབྲེལ་ཡོད་བོད་ཡུལ་གྱི་འཇོན་མི་དང་བོད་ཡུལ་སློབ་གསོ་ཇི་འདྲ་ཞིག་ཡིན་འོས། གནད་དོན་འདི་དག་ལ་ང་ཚོས་དྲང་ཕྱོགས་ནས་བསམ་བློ་གཏོང་དགོས། ང་ཚོ་ལོ་རྒྱུས་ཀྱི་ཆེས་མཐོ་ས་དང་མུ་སྤེལ་རུང་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་ཀྱི་ཆེས་མཐོ་ས་ནས་འགྲེང་སྟེ།གནད་དོན་འདི་དག་ཅི་ཞིག་ཡིན་འོས་ཞེས་ཡང་དག་པའི་ལན་འདེབས་དུས། ང་ཚོས་དེ་དང་ལྷན་དུ་ཅི་ཞིག་ཡིན་ན་མི་རུང་ཞེས་ལན་བཏབ་ཡོད། ནུབ་རྒྱུད་ཀྱི་མི་དམངས་རིགས་སོ་སོ་དོན་ངོ་མས་ནུབ་རྒྱུད་གསར་སྤེལ་ཆེན་མོའི་གཙོ་བདག་ཏུ་འགྱུར་ན། ཐོག་མར་ནུབ་རྒྱུད་ཀྱི་རང་མི་རིགས་སོ་སོའི་མཐོ་འབྲིང་རིམ་གྱི་འཇོན་མི་ཁྲི་སྟོང་མང་པོ་དང་ངལ་རྩོལ་པ་ཡོངས་དམའ་རིམ་ཤེས་ཡོན་ཅན་དུ་གཏོང་རྒྱུ་དེ་ཡིན། ཡིག་རྨོངས་ཀྱི་མི་རིགས་ཤིག་དང་ཚན་རྨོངས་ཀྱི་མི་རིགས་ཤིག་གཏན་ནས་རང་ཉིད་ཀྱི་ལས་དབང་སྒྱུར་མཁན་དུ་འགྱུར་མི་སྲིད་པས། ནུབ་རྒྱུད་གསར་སྤེལ་ཆེན་མོའི་གཙོ་བདག་ཏུ་ཡང་འགྱུར་སྲོལ་མེད། གལ་ཏེ་ནུབ་རྒྱུད་ཀྱི་མི་དམངས་རིགས་སོ་སོ་ལ་འདང་ངེས་ཀྱི་འཇོན་མི་དང་ཚན་རིག་གི་རྨང་གཞིའི་རིག་གནས་ཤེས་བྱ་མེད་ན། ནུབ་རྒྱུད་གསར་སྤེལ་ཆེན་མོའི་ནང་རིགས་སོ་སོའི་མི་དམངས་ཀྱིས་ཤོར་བ་ནི་རང་བྱུང་ཐོན་ཁུངས་ཁོ་ན་མ་ཡིན་པར། རང་ཉིད་ཀྱི་འཕེལ་རྒྱས་གོ་སྐབས་དང་རང་ཉིད་ཀྱི་རིག་གནས་ཐོན་ཁུངས་དང་། ཐ་ན་རང་བདག་ཤོར་བ་རེད། 

དེ་བས་ནུབ་རྒྱུད་གསར་སྤེལ་ཆེན་མོ་ནི་ནུབ་རྒྱུད་ཀྱི་འཇོན་མི་དང་ནུབ་རྒྱུད་ཀྱི་སློབ་གསོ་ལ་ཧ་ཅང་གལ་ཆེའི་འབྲེལ་བ་ཡོད། ནུབ་རྒྱུད་ཞིང་ཆེན་གྱི་ས་ཁུལ་ཁྲོད་དུ་ས་ངོས་ཀྱི་རྒྱ་ཁྱོན་གསུམ་ཆའི་གཅིག་ཟིན་པའི་བོད་ཡུལ་ལ་མཚོན་ནས་བཤད་ན།འཇོན་མི་དང་སློབ་གསོ་ཅི་ཞིག་ཡིན་ན་འོས། བོད་རིགས་མི་དམངས་ལ་མཚོན་ནས་བཤད་ན།མཐོ་འབྲིང་རིམ་གྱི་འཇོན་མི་ཁྲི་སྟོང་མང་པོ་དང་ངལ་རྩོལ་བ་ཡོངས་དམའ་རིམ་ཤེས་ཡོན་ཅན་དུ་གཏོང་ན། སྐད་ཡིག་གང་གི་སློབ་གསོ་ལ་བརྟེན་དགོས། རང་གི་སྐད་ཡིག་དོར་ནས་སྐད་ཡིག་གཉིས་པ་དང་གསུམ་པའི་སློབ་གསོ་ལ་བརྟེན་ན། ཆེས་མདའ་བའི་དམིགས་ཡུལ་འདི་ལ་སླེབས་ཐུབ་བམ། ལོ་ངོ་ལྔ་བཅུའི་བོད་ཡུལ་སློབ་གསོའི་ལག་ལེན་གྱིས་འདི་ལ་ལན་གསལ་བོར་བཏབ་ཡོད།

འདི་རུ་སྨྲ་བའི་བོད་ཡིག་སློབ་གསོ་ནི་བོད་སྐད་ཡིག་གི་ལམ་ནས་དེང་རབས་ཀྱི་བསླབ་གཞི་དག་ཁྲིད་པའི་སློབ་གསོ་ལ་བསྟན་པ་ལས། བོད་སྐད་ཡིག་སློབ་ཚན་རྐྱང་བ་ཞིག་བཀོད་སྒྲིག་བྱས་པའི་སློབ་གསོ་མིན་ཏེ། ད་ལྟ་བརྗོད་པའི་བོད་སྐད་ཡིག་གི་སློབ་ཚན་སྣོན་ཁྲིད་ཅེས་པའི་སློབ་གསོ་མིན། འདི་རུ་གླེང་བའི་བོད་སྐད་ཡིག་འཇོན་མི་ཞེས་པ་བོད་སྐད་ཡིག་རྩ་བའི་ལག་ཆ་བྱས་ཏེ། དེང་རབས་ཀྱི་བསླབ་གཞི་སོ་སོ་སྦྱོང་བའི་སློབ་གསོ་མྱངས་ནས་གསོ་སྐྱོང་བྱས་པའི་ཆེད་ལས་རིགས་སོ་སོའི་འཇོན་མི་ལ་བསྟན་པ་ལས། བོད་ཡིག་ཁོ་ན་ཤེས་པའམ་བོད་ཡིག་ཁོ་སྦྱངས་པའི་འཇོན་མི་མིན། འདི་རུ་འདི་ལྟ་བུའི་བརྗོད་བྱ་དང་དེའི་འཕྲོས་གཏམ་ལས།བོད་ཡིག་གི་སློབ་གསོ་དང་བོད་ཡིག་གི་འཇོན་མིའི་གོ་དོན་ལ་གོ་བ་དང་ངོས་འཛིན་བྱས་ནས། གསར་བ་གསར་རྐྱང་གི་བོད་ཡུལ་སློབ་གསོའི་ལྟ་བ་ཞིག་གླེང་རྒྱུ་ཡིན། 

བོད་ཡུལ་སློབ་གསོ་རང་ཐོག་ནས་མུ་སྤེལ་རུང་བའི་འཕེལ་རྒྱས་ཀྱི་ཐབས་ཇུས་ཀྱི་དགོས་མཁོ་དང་། ནུབ་རྒྱུད་གསར་སྤེལ་ཆེན་མོའི་ཁྲོད་དུ་ནུབ་རྒྱུད་ཀྱི་རིགས་སོ་སོའི་མི་དམངས་རང་འགུལ་གྱིས་ནུབ་རྒྱུད་གསར་སྤེལ་ཆེན་མོའི་གཙོ་བདག་ཏུ་འགྱུར་བའི་དགོས་མཁོ་ཡོད་ཚད་ཀྱིས། བོད་ཀྱི་སྐད་ཡིག་རྨང་གཞིའི་ཁྲིད་སྐད་བྱེད་པ་དང་དེང་རབས་ཀྱི་བསླབ་གཞི་ཆ་ཚང་བ། དེང་རབས་ཀྱི་ཆེད་ལས་སོ་སོའི་བཀོད་སྒྲིག་འོས་འཚམ་ཡིན་པའི་ཚན་རིག་དང་མཐུན་པའི་བོད་ཡུལ་སློབ་གསོ་ལ་འབོད་སྐད་དྲག་པོ་བཏང་ཡོད། འདི་ནི་སྤྱི་ཚོགས་ལག་ལེན་གྱི་འབོད་སྐད་ཡིན་ལ། ལོ་ངོ་སྟོང་ཕྲག་ལྔའི་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་ལོ་རྒྱུས་ལྡན་པའི་[སྐད་ཡིག་གི་]ཁྲོམ་ར་ཆེན་མོ་འདིས། བོད་ཀྱི་འཇོན་མིའི་གྲུབ་ཚུལ་ལ་བཏོན་པའི་འབོད་སྐད་ཀྱང་ཡིན། འདི་ལྟ་བུའི་ལག་ལེན་དང་ཁྲོམ་ར། དུས་རབས་ལས་ཐོན་པའི་འབོད་སྐད་ལ་དམིགས་ནས། བདག་གིས་བོད་ཡུལ་སློབ་གསོའི་འཕེལ་རྒྱས་ལ་ལྷག་བསམ་རྣམ་དག་གིས་རིགས་པའི་ཡར་ཞུ་ཞིག་ཕུལ་ནས། ཆེད་མཁས་པ་དང་ཇུས་འགོད་པ་དང་སློབ་གསོའི་ལས་གྲོགས་རྣམས་ཀྱིས་མཐོང་ཆེན་དང་རྒྱབ་སྐྱོར་འཐོབ་པའི་རེ་བ་ཞུ། 


<<བོད་ཡུལ་སློབ་གསོའི་མུ་སྤེལ་འཐུས་པའི་འཕེལ་རྒྱས་ཀྱི་རྣམ་བཤད་>> ལས་དྲངས། 


No comments:

Post a Comment

Adbox