མུན་པའི་ནགས་ཚལ།
སྒོ་ཡོན།
ང་རང་སྤྱི་ཚོགས་ཀྱི་དམུས་ལོང་དུ་གྱུར་པའི་རྗེས།།
ལག་པ་ཡ་གཅིག་གིས་གནམ་ལ་སྤར་ཤད་བྱས།།
སོར་མོའི་རྩེ་མོ་ནི་ཟླ་བར་རེག་ན་ཡང་།།
ཡིད་ཀྱི་མཚོ་ངོས་སུ་ཟླ་གཟུགས་ཤར་མ་བྱུང་།།
མུན་པའི་ནགས་ཚལ་གྱི་ཤྭ་བ་ཡུ་མོའི་ཚོགས།།
རྔོན་པའི་མེ་མདའ་ལས་ལྷག་པར་ང་ལ་འཇིགས།།
རང་དབང་ལྕགས་ཀྱུ་ལས་བྱོལ་བའི་འུག་པས་ཀྱང་།།
སྡོང་པོ་ཁེར་རྐྱང་གི་ཕག་ནས་ལྐོག་ལྟ་བྱེད།།
ལྷགས་རླུང་འུར་འུར་གྱི་མཚན་ལྗོངས་འཁྱག་པོ་འདིར།།
སྣང་བའི་ཆར་ཐིགས་ཤིག་དཔྲལ་བར་ལྷུང་ན་ཨང་།།
༢༨/༢/༢༠༡༩
རྩོམ་པ་པོའི་ལོ་རྒྱུས་སྙིང་བསྡུས།
མིང་། སྒོ་ཡོན་ནམ་སྒོ་ཆེན་ཡོན་ཏན་བཟང་པོ།
ཕ་ཡུལ། བྲག་མགོ་རྫོང་སྒོ་ཆེན་དགོན།
རྩོམ་ཡིག <<ལྕགས་སྒྲོག>> <<རྒྱ་གར་གྱི་རྒད་པོ་བསམ་དཀར་ཞིག་ལ།>> <<བཙོན་འཇུག་གི་མནར་གཅོད།>> སོགས་སྣང་།
No comments:
Post a Comment