བྱོལ་སོང་ཐུན་མོང་གི་སྤྱི་སྐད། I བསྒྱུར་རྩོམ།



རང་སྐད་རང་གིས་བརླགས་པ་ཡིས།།

རང་གཤིས་གཞན་དུ་འགྱུར་ལ་ལྟོས།།

_____དམངས་ཁྲོད།།


གནའ་སྔ་མོར། ནགས་ཀླུང་ཞིག་ཏུ་བྱོལ་སོང་ཚང་མ་འཛོམས་ནས། བྱོལ་སོང་ཐུན་མོང་གི་སྐད་བརྡ་གཅིག་གྱུར་བཟོ་རྒྱུར་གྲོས་བསྡུར་བྱས་སོ།། 

ཁོང་ཚོའི་བསམ་པར། རིགས་སོ་སོའི་སྐད་བརྡ་གོ་རྒྱུ་ཡོད་ལ་མེད་ལ་དེ་དག་གི་ཚབ་ཏུ། གཅིག་གྱུར་གྱི་བརྡ་སྐད་ཅིག་བཟོས་ནས། བྱོལ་སོང་ནང་ཁུལ་མཐུན་སྒྲིལ་དང་ཆིག་སྒྲིལ་ཡོང་ན་ནི། ཡུན་རིང་བོར་ཕན་ཐོགས་ཆེ་སྙམ་མོ།།

བསམ་འདུན་དེ་འགྲུབ་པའི་ཆེད་དུ་འོས་བསྡུ་ཡང་བྱས་ཏེ། བྱོལ་སོང་ཚང་མ་བོང་སྐད་ལ་གོམས་ཤིང་འདྲེས་ཆེ་བས། མཐར་བོང་སྐད་ནི་བྱོལ་སོང་ཐུན་མོང་གི་སྤྱི་སྐད་དུ་སྤྱོད་རྒྱུར་ཐག་བཅད་པ་རེད། 

དེའི་རྗེས་ནས། ནགས་ཀླུང་དེའི་བྱོལ་སོང་ཚང་མས་བོང་བུ་ནང་བཞིན་བོང་སྐད་རྒྱག་འགོ་བཙུགས་སོ།།

དུས་ཡུན་གང་འཚམ་ཞིག་འགར་རྗེས། བྱོལ་སོང་ཚང་མར་བོང་སྐད་དང་བོང་གཤིས་ཆགས་སོང་། དེ་ཡང་སེང་གེ་དང་། གཟིག སྤྲུལ། སྤྱང་ཀི། སྦྲེའུ། ཝ་མོ། དོམ། མི་རྒོད། ད་དུང་ཕག་རྒོད་སོགས། བྱོལ་སོང་ཚང་མས་རང་རང་གི་ལྷན་སྐྱེས་ཀྱི་སྐད་བརྡ་དང་ཁྱད་གཤིས་བརླགས་ཏེ། རང་རྒྱུད་དུ་བོང་སྐད་དང་བོང་གཤིས་འབའ་ཞིག་ཆགས་ནས། ཚང་མ་བོང་བུ་ནང་བཞིན་གཡོང་མོ་བཟོད་བསྲན་ཅན་དང་། ལེ་ལོ་སྒྱིད་ལུག་ཅན་ཤ་སྟག་ཏུ་གྱུར་རོ།།

དེ་ལྟར་རིང་པོ་མ་ཐོག་པར། རྔོན་པ་སྐོར་ཞིག་ནགས་ཚལ་དེ་གར་སླེབས་སོང་། སླེབས་ནས་ཀྱང་ཁོ་ཚོས་ནགས་ཚལ་དེའི་བྱོལ་སོང་ཚང་མར་སྐད་དང་གཤིས་ནི་ཡ་མ་བརླ་ཞིག་བདོག་པ་མཐོང་བྱུང་། མཐོང་ནས་ཀྱང་རྔོན་པ་དེ་དག་གིས། ནགས་ཚལ་དེའི་བྱོལ་སོང་ཚང་མ་ནི་གཡོང་མོ་ཤ་སྟག་ཡིན་པ་ཤེས་ཏེ། ཁོང་ཚོ་དེད་ནས་རྔོན་པའི་ཁྱིམ་དུ་ལོགས་ནས་ལས་ཀར་བཀོལ་བ་རེད། 

བྱོལ་སོང་དེ་དག་གི་གྲས་ནས་ཅུང་གཡུང་ལ་རྒོད་པའི་སེང་གེ་དང་གཟིག་གཉིས་ཐོང་གཤོལ་ལ་བཏགས། དོམ་གྱིས་ཆུ་དབོར། སྤྱིང་ཀིས་ཡུལ་སྲུང་། མི་རྒོད་ལ་ཁྲོམ་ནས་ཚོང་རྫས་བཀལ་བ་ན། ད་གཟོད་བྱོལ་སོང་ཚང་མས་རང་རིགས་ཀྱི་བརྡ་སྐད་དང་། ཐུན་མིན་གྱི་ཁྱད་གཤིས། དེའི་ཕན་ནུས་རིན་ཐང་དང་བཅས་པ་སྲུང་སྐྱོབ་དང་རྒྱུན་འཛིན་དགོས་པ་གཞི་ནས་ཤེས་སོ།། 



ཟུར་མཆན། 
ན་བུན་སྐྱ་བོས་དག་སྒྲིག་ཅུང་བྱས་ནས་འདིར་བཀོད། 



No comments:

Post a Comment

Adbox