མི་ཡུལ་གྱི་ཞོགས་པ། མཚན་མོ་འཁྱོར་བའི་དབྱིངས།


 རྩོམ་མཁན་པེ་ཁཱ་སོ། ལོ་ཙཱ་ན་བུན།

མི་ཡུལ་གྱི་ཞོགས་པ།

ཆབ་རོམ་བཞོགས་པའི་གདོང་དང་།

གནས་མལ་སྟོང་ཕྲག་བརྟོལ་བའི་སེམས།

དྲན་སྣང་ཞིག་ཏུ།

དུས་རྒྱུན། འབོད་པ་གཅིག་དང་།

ཕྱག་རྒྱ་གཅིག་རང་དུ་ཚོར་འོངས།

ང་ཡི་བུ་མོ།

རྩིག་གྱང་ནང་བཞིན། རབ་ཏུ་ལྕི།

ང་དང་། ཁྱོད་ཀྱི་བར་ནས།

ཚེ་སྲོག་གསོན་མོད།

ཧ་ཅང་ཁུ་སིམ་སིམ་སྣང་།

དགུ་ཚིགས་ཀྱི་ཕ་རོལ།

གྲིབ་མས་སྐོར་བྲོ་འཁྲབ་བྱུང་།

ང་ཚོ་མིག་ཧྲིག་གེར། རྒྱུ་སྐར་ཞོགས་སོང་།


མཚན་མོ་འཁྱོར་བའི་དབྱིངས།

ཆང་ཕོར་ནང་དུ།

ཤམ་ལྭ་ཞིག་གི་ཕུ་ཐུང་།

དམ་པོར་མདུད་ཅིང་།

ཡུ་བའི་ཕྱོགས་བཞིར།

གླང་མགོ་ཅིག གཉིད་དུ་ཡན།

དབུགས་ཧལ་ཧལ། འཁྲིལ་ཞིང་འཁྱུད།

མུ་ཏིག་གི་དྲི་ངད་ཀློང་དུ། དྲོད་ལམ་ལམ་གྱི་ཤ་རྒྱུས།

རྔ་གསང་གསེབ་ནས། འགུལ་ཞིང་སྐྱོམ།

འཇའ་གུར་གྱི་གསང་གཏམ་ཤབ་ཤུབ་ལས།

ཕ་བྷི་ལོ་པེ་ཁཱ་སོ་(Pablo Picasso 1881–1973)ནི་སི་པན་མི་རིགས་(Spanish)ཀྱི་རླབས་ཆེ་བའི་རི་མོ་བ་དང་འཇིམ་བཟོ་བ། འཁྲབ་གཞུང་རྩོམ་པ་པོ་དང་སྙན་ངག་པ། དུས་རབས་ཉི་ཤུ་བའི་སྒྱུ་རྩལ་གསར་བརྗེ་ལས་འགུལ་(cubist movement)གྱི་དབུ་འདྲེན་པ་གཙོ་གྲས་རེད། རང་ལོ་༡༣ སྟེང་ནས་ཕ་མས་སློབ་སྐྱོང་འོག་རི་མོ་འབྲི་སྦྱོང་བྱས། ཕྱིས་སུ་ཡུལ་དེའི་བྷར་སི་ལོ་ན་མཛེས་རྩལ་སློབ་གླིང་དང་སན་ཧྤི་ནན་ཌི་གཙུག་ལག་སློབ་ཆེན་གྱི་མཛེས་རྩལ་སྡེ་ཁག་ནས་སློབ་མཐར་ཕྱིན། སྔ་རྗེས་སུ་སྣུམ་ཚོན་རི་མོ་ཆིག་ཁྲི་ལྷག་དང་། འཇིམ་བརྐོས་དང་འདྲ་བྲིས་རི་མོ་ཆིག་འབུམ་ལྷག་གསར་རྩོམ་གནང་། ནུབ་གླིང་གི་སྒྱུ་རྩལ་ཞིབ་འཇུག་ལོ་རྒྱུས་ཁྲོད་དུ། ཁོང་ལ་དུས་རབས་༢༠ བར་ནུབ་ཕྱོགས་ཀྱི་དེང་རབས་ལུགས་ཀྱི་འཇིམ་བརྐོས་དང་ཚོན་ལྡན་རི་མོ་གསར་རྩོམ་གྱི་འཐུས་ཚབ་མི་སྣ་དང་དུས་སྐབས་དེའི་སྒྱུ་རྩལ་གྱི་མཁན་པོ་ཞེས་གདེང་འཇོག་མཛད།

བརྩམས་ཆོས་གཙོ་བོ་བག་ཉལ་མངོན་འགྱུར་ལུགས་(surrealism)ཀྱི་སྙན་རྩོམ་གཅེས་བཏུས་<<ཨོར་གྷ་ཛེ་བང་སོ་དང་སྙན་ངག་གཞན་དག>>(The Burial Of The Count Of Orgaz & Other Poems) གསར་རྩོམ་རི་མོ་ཕྱོགས་སྒྲིག་<<པེ་ཁཱ་སོའི་ཕུགས་བསམ།>>(The Ultimate Picasso) སྒྱུ་རྩལ་གྱི་མཛེས་པ་མཚོན་ཐབས་<<འབྲི་སྲོལ་གཏོར་བ། ཕ་བྷི་ལོ་པེ་ཁཱ་སོ།>>(Pablo Picasso: Breaking All the Rules) <<པེ་ཁཱ་སོའི་རང་རྣམ།>>(A Life of Picasso) དེ་བཞིན་ཚབ་མཚོན་རི་མོ་<<བགྲེས་སོང་སྒྲ་སྙན་རྡུང་མཁན།>>(The Old Guitarist) <<ར་ཙེ་ཐོགས་པའི་བུ་ཆུང་།>>(Boy With a Pipe) <<གྷིར་ཊེ་ཌི་སི་ཊ་ཨན།>>(Gertrude Stein)<<གྷི་ཨར་ནེ་ཁཱ།>>(Guernica) <<ཨ་ཝི་ཡཱན་གྱི་གཞོན་ནུ་མ།>>(The Young Ladies of Avignon) <<བུད་མེད་ཀྱི་ངུད་མོ།>>(The Weeping Woman) <<མེ་ལོང་མདུན་གྱི་སྨན་ཤར་>>(Girl Before a Mirror)སོགས་འདུག


No comments:

Post a Comment

Adbox