སྙན་ངག་གི་མི་ཚེ།
སྙན་ངག་ཁྲོད་དུ།
མཇུག་འབྲས་ལེགས་པོ་འགའ་ཡང་མེད།
སྙན་ངག་པས།
སྨྱོ་འཚུབ་ཀྱི་མི་ཚེ་སྐྱེལ་དགོས།
ཁོ་ཚོ་སྒོ་ཟོག་ནང་བཞིན།
ཚོ་ཁག་ཚོ་ཁག་ཏུ་བགོས་ཡོད།
ཡང་ན་ཁོ་ཚོ།
རྡོ་བར་རྡེག་པའམ། རླུང་གིས་དེད་དེ།
རྒྱ་མཚོར་སྲུབ་པའམ།
མིད་པར་སྐྱུར་ཚྭ་སྔོན་པོ་འཕྱོ།
ཡང་ན་ཆང་རག་དང་།
ཉལ་ཐ། མེད་མུག་གིས་ཟད་འགྲོ།
གསར་རྩོམ་གྱི་ཆོ་ལོ་བསྟབས་པ་ནས།
སྙན་ངག་གི་མི་རབས། འཇིགས་རུང་དུར་ཁྲོད་དུ་འཚོ།
མི་ལོ་ཉི་ཤུར།
ཁོ་ཚོས་བདག་ལ།
“མ་འོངས་པའི་ཆེད་དུ།
སྲོག་བསྡོས་ནས་གཞུག་དགོས།” ཞེས་གདམས།
གདོད་ནས་འབྱོན་མི་སྲིད་པའི།
དཀོན་མཆོག་གི་མཆོད་ཁྲིའི་སྟེང་དུ།
ང་ཚོའི་ཚེ་དང་ང་ཚོའི་སྲོག་བཤམས་ཡོད།
ཐ་མར།
ངས་ནི་རང་ཉིད་རྙེད་ན་སྙམ་བྱུང་།
ཀྱེ།
མིའི་རིགས་ཀྱི་བསམ་པའི་བཟོ་སྐྲུན་མཁན་པོ་ཨང་།
སྐབས་དེ་ནས་བཟུང་།
མངོན་སུམ་འདྲ་བའི།
དེ་རིང་གི་འཇིགས་སྐྲག་ཡོད་ཚད།
མ་འོངས་པའི་སླད་དུ་ཡིན་པ།
ཅིས་ཀྱང་བདག་ལ་གསུང་དུ་འབྱོན་འོས།
རྩོམ་པ་པོའི་ལོ་རྒྱུས་སྙིང་བསྡུས།
ཕ་ཆི་ཁོ་(Jose Emilio Pacheco 1939-2014)ནི་ཨ་རིའི་བྱང་རྒྱུད་མེ་ཁི་སེ་ཁན་མི་རིགས་(Mexican)ཀྱི་རླབས་ཆེ་བའི་སྙན་ངག་མཁན་དང་དཔྱད་བརྗོད་པ། སྒྲུང་རྩོམ་དང་འཁྲབ་གཞུང་རྩོམ་པ་པོ། ལོ་ཙཱ་བ་བཅས་ཡིན།
ཚེ་སྟོད་དུ་ཁོང་གིས་མཚོན་རྟགས་རིང་ལུགས་(symbolism)དང་བག་མེད་མངོན་འགྱུར་རིང་ལུགས་(surrealism)ཀྱི་རྩོམ་ཐབས་སྤྱད་ནས། སྲིད་གཞུང་གི་སྒེར་སྡོམ་དབང་སྒྱུར་དང་མི་མང་གི་དབུལ་ཕོངས་དཀའ་སྡུག མཁའ་དབུགས་སྦག་བཙོག་དང་གནམ་གཤིས་འགྱུར་ལྡོག་གི་ཉམ་ཉེས་སོགས་བརྗོད་སྙིང་དུ་བཟུང་ནས་གསར་རྩོམ་གྱི་ལམ་དུ་ཞུགས་ཀྱང་། ཚེ་སྨད་ལ་ཁོང་གིས་ཕལ་པའི་འཚོ་བར་གཞོལ་ནས་མི་ཚེ་བསྐྱལ། སྤྱིར་ཕ་ཆི་ཁོ་ནི་མེ་སེ་ཁན་མི་རིགས་རྩོམ་རིག་དར་སྤེལ་ཁྲོད་ཀྱི་སྙན་ངག་པ་གཙོ་གྲས་དང་། མི་རིགས་ཀྱི་བསམ་བརྗོད་རང་དབང་དང་རྩོམ་རིག་གསར་རྩོམ་ཐད་ལ་མཛད་རྗེས་ཆེས་ཆེ་བའི་གདེང་འཇོག་ཐོབ་ཡོད། མེ་སེ་ཁན་མི་མང་ལ་མཚོན་ན། ཁོང་ནི་མེ་སེ་ཁན་མི་རིགས་རྩོམ་རིག་གི་འཐུས་ཚབ་པ་གཙོ་གྲས་སུ་ངོས་འཛིན། ཕྱི་ལོ་༢༠༠༩ ལོར་ཡུལ་དེའི་རླབས་ཆེའི་རྩོམ་པ་པོའི་རྩོམ་རིག་གཟེངས་རྟགས་(Cervantes Literature)བསྩལ་མྱོང་།
བརྩམས་ཆོས་གཙོ་བོ་<<རྩིག་སྲུབས་ཀྱི་ལྗོན་པ་>>(Tree
between two walls) དང་།
<<མྱ་ངམ་ཐང་གི་གཡུལ་འགྱེད།>>(
Battles in the Desert) <<བདག་གིས་མི་ཡུལ་ལ་ཅེར།>>(I
Watch the Earth) <<མཚན་མོའི་འབྱུང་ཁམས།>>(
Elements of Night) <<ལྐོག་གྱུར་གྱི་འཐབ་མོ་བ།>>(
The Unknown Soldier)<<གཉིད་དུ་ཡན་པའི་མེ།>>(The
Sleep of the Fire) <<མཱི་ཌུ་སའི་ཁྲག>>(The
Blood of Medusa) <<སྙན་ངག་པའི་གྲིབ་མ།>>(poets
of the shadow)སོགས་འདུག
No comments:
Post a Comment