ན་བུན།
མུན་ཁྲོད་དུ་འཚེར་བའི། ཚེ་སྲོག་གི་འོད་ཞག
མཚན་སྨག་གི་མཚོ་ཀློང་དུ།
ཆུ་ལ་འཁྱུག་པའི་ཉ་མོ་འོད་དུ་འཚེར།
མཚན་སྨག་གི་ནགས་ཀླུང་དུ།
གཤོག་པ་བརྐྱངས་པའི་བྱེའུ་འོད་དུ་འཚེར།
མཚན་སྨག་གི་གྲིབ་གཟུགས་ཁྲོད་དུ།
མེ་སྟག་འཚུབ་པའི་ཀེང་རུས་འོད་དུ་འཚེར།
འཇིག་རྟེན། འཇིག་རྟེན།
ཁྱེད་གཅིག་པུ་རབ་རིབ་མག་མོག་གྱུར་ཅིང་།
ཚེ་སྲོག་གི་རེ་ཞག་ད་དུང་འོད་དུ་འཚེར།
༢༠༢༠།
རྣམ་ཤེས་ཀྱི་རྫི་བོ།
སྙན་ངག་ཆུ་རེད། ཚོར་བ་འཇའ་རེད།
བརྡ་འཕྲིན་གློག་རེད། ཉིན་མཚན་རླུང་རེད།
ཡང་སྙིང་། ག་རེ་འཚོལ།
མྱི་སེམས་མྱེ་རེད། ཕུགས་བསམ་རྩྭ་རེད།
རེ་སྒུག་སྨག་རེད། བརྩེ་བ་ཉོག་རེད།
ཡང་སྙིང་། སུ་ཡིས་དྲན།
༢༠༡༩།
No comments:
Post a Comment