བྱ་ཡོད་ཀྱང་བོང་བུས་ནམ་ཚོད།
རྩོམ་པ་པོ་རིག་རྒྱམ།
ཞོགས་པ་སྔ་མོར་བྱ་ཕྲུག་ཚོ་གཉིས་ལས་སད་དུས། བྱ་ཕོ་ཚང་ནང་དུ་མི་འདུག མ་གཞིར་མདང་ནུབ་མི་ཚང་དེར་མགྲོན་པོ་གལ་ཆེན་ཞིག་ཐོན་པས། ཁྱིམ་བདག་ནམ་གུང་ལངས་ནས་བྱ་ཕོ་བཤས་པ་རེད།
སྐྱ་རེངས་བཀྱགས་པ་ན། བྱ་ཕྲུག་ཚོས་སྐད་རྒྱག་མ་ཤེས་པར་འཚུབ་ཆ་ཆེན་པོ་ལངས་ཤིང་། ཆབས་ཅིག་འདུས་ནས་ཇི་ལྟར་བྱས་ན་བཟང་བའི་གྲོས་བྱས།
གཅན་བྱ་ཕྲུག་གིས་བྲང་ཁོག་ལྡིར་བཞིན། “ངའི་སྐད་མགོ་ཀུན་ལས་མཐོ་བས། ཞོགས་བརྡ་ངས་རྒྱག”ཟེར།
ཁྲི་བྱ་ཕྲུག་དེ་ལ་ཡེ་ནས་མ་དགའ་བར། མགྲིན་པ་གཟེངས་སུ་བཏེགས་ནས། “གཅན་བྱ་ཕྲུག་གི་སྐད་མགོ་མཐོ་ཡང་སྐད་གདངས་འཛེར་བོ་ཡིན་པས། རྩ་བ་ནས་ཚད་ལྡན་མ་རེད། ངའི་སྐད་ནི་ཀུན་ལས་སྙན་པོ་ཡོད་པས། ཞོགས་བརྡ་ངས་རྒྱག”ཟེར།
རེབ་བྱ་ཕྲུག་ཁོ་གཉིས་ཀྱི་གཏམ་ལ་གཏན་ནས་མ་འཐད་པར། མགོ་བོ་འཕྲེད་དུ་གཡུགས་བཞིན། “ཁྱོད་གཉིས་ཀྱི་སྐད་ཚད་ལྡན་མིན་པ་ཀུན་གྱིས་ལོས་ཤེས། དེ་བས་ངའི་སྐད་དྭངས་ཤིང་ཕྲ་ལ། མི་རྣམས་དགའ་བས། ཞོགས་བརྡ་ངས་རྒྱག”ཟེར།
འབའ་བྱ་ཕྲུག་གིས་གཤོག་རྡེབ་ཅིག་བྱས་ཤིང་། ང་རྒྱལ་གྱི་མགོ་བོ་མཐོན་པོར་བཏེགས་ནས། “ཁྱོད་གསུམ་པོས་གནས་ལུགས་མེད་པའི་གཏམ་མ་བཤད། ཞོགས་བརྡ་རྒྱག་ན་སྐད་གདངས་སྤོམ་དགོས། ངའི་སྐད་ནི་བྱ་ཕྲུག་ཀུན་ལས་སྤོམ་པས། ཞོགས་བརྡ་ངས་རྒྱག”ཟེར།
རྩེ་བྱ་ཕྲུག་གློ་བུར་དུ་ཁོང་ཁྲོ་དྲག་པོ་ལངས་ནས། ཕར་རྒྱུག་ཚུར་རྒྱུག་འགའ་བྱས་ཏེ། “ང་བྱ་ཕྲུག་ཀུན་ལས་རྒན་པ་ཡིན་པས། ངའི་སྐད་ནི་བྱ་ཕོའི་སྐད་ངོ་མ་ཡིན། ཞོགས་བརྡ་ངས་རྒྱག”ཟེར།
རྨ་བྱ་ཕྲུག་གིས་མིག་ཟུམ་མེར་བྱ་ཕྲུག་ཚོར་ལྟ་བཞིན། ངའོ་དང་བཅས། “ཞོགས་བརྡ་རྒྱག་པའི་ཚད་ལྡན་གྱི་སྐད་ནི་སྙན་པོ་དང་ཆེན་པོ། དྲག་པོ། སྦམ་པོ་གང་ཡང་མ་རེད། ཡིན་པ་ནི་ནང་ལ་ཚིག་འབྲུ་དོན་ཆེན་འཇོག་དགོས་པ་རེད། ཁྱོད་ཚོའི་གྲས་སུ་སྐད་འདོན་རྒྱུ་ལས་ཚིག་སྨྲ་ཤེས་མཁན་གཅིག་ཀྱང་མེད། ཞོགས་བརྡ་ངས་རྒྱག”ཟེར།
ཆབ་བྱ་ཕྲུག་ཐོལ་གྱིས་ཁྲེལ་དགོད་ཅིག་བྱས་ཏེ། “ཞོགས་བརྡ་རྒྱག་ན་ཚིག་དོན་ཆེན་བཤད་དགོས་པ་ངས་ད་ལྟའི་བར་དུ་ཐོས་མ་མྱོང་། ཞོགས་བརྡ་རྒྱག་ན་སྐད་ཁོ་ནས་མི་ཆོག་པར། ངག་གི་འགྱུར་ཁུགས་ཀྱང་དགོས། ང་ཚོ་བྱ་ཕྲུག་ཚོའི་གྲས་སུ་ང་ཁོ་ནར་ངག་གི་འགྱུར་ཁུགས་ལྡན་པ་སུས་མི་ཤེས། ཞོགས་བརྡ་ངས་རྒྱག”ཟེར།
རྔ་བྱ་ཕྲུག་གིས་ཚམ་ཚོམ་ཅི་ཡང་མེད་པར་གཤོག་རྡེབ་བྱེད་ཀྱིན། “ཞོགས་བརྡ་རྒྱག་ན་ནམ་ཚོད་བརྟག་པར་ཉམས་མྱོང་ཆེན་པོ་དགོས། ང་ལ་ཉམས་མྱོང་ཆེ་བས། ཞོགས་བརྡ་ངས་རྒྱག”ཟེར།
བྱ་ཕྲུག་ཚོས་རྩ་བ་ནས་ཕན་ཚུན་ལ་ཁས་ལེན་མ་བྱིན་པར་མུ་མཐུད་དུ་རྩོད་པ་བརྒྱབ་སྟེ། དུས་ཡུན་རིང་བོ་འགོར་བ་ལ། རིམ་གྱིས་ནམ་གསལ་ཏེ། ལས་ཀའི་དུས་ཚོད་ལ་སླེབས་ཤིང་། སྒོ་ཕྱུགས་རྣམས་རྩྭ་སར་འདེད་པའི་དུས་ཚོད་ཀྱང་འགོར་འགྱངས་ཐེབས་པ་ན། བོང་བུའི་གྲོད་ཁོག་རབ་ཏུ་ལྟོགས་ནས་བཟོད་བསྲན་བྱ་མ་ཐུབ་པར། བཤད་རྒྱུར། “ཁྱོད་ཚོས་རང་རང་གི་སྐད་ཚད་ལྡན་ཡིན་མིན་མུ་མཐུད་དུ་རྩོད་དང་། ནམ་ཚོད་ངས་བཟུང་ཆོག”ཟེར་ནས། ངུ་སྐད་ལྷག་ལྷང་བསྒྲགས་པར། གཞི་ནས་ཁྱིམ་བདག་མ་གཉིད་ལས་སད་དེ། གླལ་སྒྱིང་བྱེད་ཀྱིན། “བྱ་ཡོད་ཀྱང་བོང་བུས་ནམ་ཚོད་འཛིན་པ་འདི་ཇི་འདྲའི་ཐན་བལྟས་ཤིག་རེད་ཨང་”ཞེས་ཁེར་ལབ་སྨྲས།
ཟུར་མཆན། བརྩམས་སྒྲུང་བ་རིག་ལྡན་རྒྱ་མཚོའམ་སྨྱུག་མིང་ལ་རིག་རྒྱམ་དུ་འབོད་པ་ཁོང་ཕྱི་ལོ་༡༩༧༠ ལོར་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་གཅན་ཚ་རྫོང་དུ་སྐྱེས་ཤིང་། མཚོ་སྔོན་མི་རིགས་སློབ་ཆེན་ནས་སློབ་མཐར་ཕྱིན། ཁོང་གི་སྒྲུང་གཏམ་<<གནའ་གྲོང་>>ཞེས་པ་དུས་རབས་༢༡ པའི་བོད་ཀྱི་རྩོམ་པ་པོའི་དཔེ་ཚོགས་སུ་བདམས་ཤིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། ཁོང་གི་<<བློས་བསླངས་དཀྱིལ་འཁོར་>>ནི་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པ་དང་། རྒྱ་འགྱུར་དེབ་ལ་<<རིག་ལྡན་རྒྱ་མཚོའི་སྒྲུང་གཏམ་>>སོགས་འདུག
འབྲེལ་ཐག་འདི་བརྒྱུད་ནས་ཉི་ཡིག་ནང་ཀློག་ཐུབ།
No comments:
Post a Comment