མགོན་པོ་རྣམ་རྒྱལ། <སི་ཁྲོན་ཞིང་ཆེན་འབར་ཁམས་མི་རིགས་དགེ་འོས་སློབ་གླིང་།>
[ནང་དོན་གནད་བསྡུས] དཔྱད་རྩོམ་འདི་ལས་སྤྱི་ཚོགས་གྱི་འཕེལ་རིམ་དང་བསྟུན་ནས་རྒྱལ་ཁབ་དང་རིག་གནས་ཕན་ཚུན་བར་འབྲེལ་འདྲེས་རྒྱ་ཆེར་བྱས་ནས་སའི་གོ་ལ་ལག་མཐིལ་དུ་ལེན་པའི་སྐབས་འདིར་སྐད་གཉིས་སློབ་ཁྲིད་ཀྱི་ངོས་ཟིན་དང་སྤེལ་དགོས་པའི་རྒྱུ་རྐྱེན་བཅས་སྤྲོས་ཡོད་ལ། དུས་མཚུངས་སུ་མི་རིགས་ཀྱི་དོན་དངོས་དང་སྦྱར་ནས་སྐད་གཉིས་སློབ་ཁྲིད་ཀྱི་བགྲོད་ལམ་ལ་རང་ནུས་གང་ཐུབ་གྱིས་དཔྱད་པ་རགས་ཙམ་བྱས་ཡོད།
[བརྡ་ཆད་གཙོ་བོ] སྐད་གཉིས་སློབ་གསོ། སྐད་གཉིས་སློབ་ཁྲིད། ཐབས་ལམ་དང་པོའི་ སློད་ཁྲིད། ཐབས་ལམ་གཉིས་པའི་སློབ་ཁྲིད།
ཐོག་མའི་གཏམ།
དེ་ཡང་ཤེས་རིག་དང་དཔལ་འབྱོར་གྱི་འགྲན་རྩོད་རླབས་ཕྲེང་དགུང་ལ་འཕྱོ་བཞིན་པའི་ དུས་རབས་ཉེར་གཅིག་གི་བར་སྐབས་འདིར། འཛམ་གླིང་གི་ཡུལ་གྲུ་ཀུན་ཏུ་སློབ་གསོ་དང་དཔལ་འབྱོར། དོ་དམ་སྲིད་ཇུས་གསུམ་གཙོར་བྱས་ཏེ་ཕྱོགས་གང་ཐད་ནས་སྔ་ན་མེད་པའི་འཕོ་འགྱུར་ཆེན་པོ་བྱུང་དང་འབྱུང་བཞིན་མཆིས་ལ། རང་རྒྱལ་གྱིས་སློབ་གསོ་འཛམ་གླིང་ལ་ཁ་ཕྱོགས་པ་དང་མ་འོངས་པར་ཁ་ཕྱོགས་པ། དེང་རབས་ལ་ཁ་ཕྱོགས་པའི་དགོངས་པ་གཙིགས་སུ་བཟུང་ནས་སྐད་གཉིས་སློབ་ཁྲིད་ཀྱི་འཕེལ་རྒྱས་གོམ་ཁ་ཇེ་བརྟན་དང་ཇེ་མགྱོགས་སུ་གཏོང་གིན་ཡོད། འུ་ཅག་བོད་ཀྱི་ཡུལ་གྲུ་ཁ་ཤས་སུའང་སྐད་གཉིས་སློབ་གསོ་སྤེལ་ནས་སྐད་གཉིས་སློབ་ཁྲིད་ཀྱི་ལམ་དུ་རང་ནུས་གང་ཡོད་སྒོས་ཆས་བཞིན་འདུག
རྒྱལ་ཁབ་གང་དང་མི་རིགས་གང་ཞིག་ཡིན་རུང་སྔོན་ཐོན་དང་དར་རྒྱས་སུ་འགྲོ་དགོས་ན་རྩ་བ་སློབ་གསོར་ཐུག་ཡོད་དེ། ལོ་བརྒྱའི་ཇུས་ཆེན་ཁྲོད་སློབ་གསོ་ཉིད་ནི་ཡོད་ཚད་ཀྱི་སྲོག་རྩ་ཡིན་པས་ང་ཚོ་བོད་མི་རིགས་ཀྱིས་སློབ་གསོར་བརྟེན་ནས་སྔར་ཡོད་ཀྱི་སྲོལ་རྒྱུན་རིག་གནས་ལ་དུས་རབས་ཀྱི་འགྲོས་དང་བསྟུན་ནས་ལེགས་བཅོས་བྱས་ཏེ་གནའ་དེང་ཟུང་འབྲེལ་སྒོས་འཛིན་སྐྱོང་སྤེལ་གསུམ་དང་། སྤྱི་ཚོགས་ལ་མཁོ་བའི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་སྤྱི་ཚོགས་ལ་སྨན་པའི་རིག་གཞུང་དར་སྤེལ་བྱ་དགོས་པ་ཡིན་ལ། ཁྱད་པར་དུ་འདས་ཟིན་ལོ་རྒྱུས་ལ་ཕྱིར་རྟོག་དང་ད་ལྟའི་གནས་བབས་ལ་འཚོལ་རྟོག མ་འོངས་མདུན་ལམ་ལ་བསམ་གཞིགས་བཏང་ནས་བོད་ཡུལ་དང་འཚམ་པའི་ཡང་དག་པའི་སློབ་གསོའི་བགྲོད་ ལམ་ཞིག་འཚོལ་རྒྱུ་ནི་ཤིན་ཏུ་གལ་ཆེ། དེས་ན་སློབ་གསོ་འཛམ་གླིང་ཅན་དང་སྣང་མང་ཅན་དུ་འགྱུར་བཞིན་པའི་ཤེས་རིག་དཔལ་འབྱོར་གྱི་དུས་སྐབས་འདིར་ང་ཚོ་བོད་མི་རིགས་སྐད་གཉིས་སློབ་གསོའི་ས་ཆེན་ནས་འགྲེངས་སྟེ་སྐད་གཉིས་སློབ་ཁྲིད་ཀྱི་ལམ་དུ་ཞུགས་ན་འཛམ་གླིང་ལ་མིག་གིས་བལྟ་ཐུབ་པ་མ་ཟད། སྐད་གཉིས་སློབ་ཁྲིད་འདིར་བརྟེན་ནས་དུས་རབས་དང་འཚམ་པའི་ཤེས་ལྡན་མི་སྣ་སྐྱེད་སྲིང་དང་རིག་གཞུང་གསར་བ་བསྡུ་ལེན་བྱེད་ཐུབ་ཅིང་། ཐབས་ལམ་འདི་བོད་མི་རིགས་ཀྱི་དོན་དངོས་དང་མཐུན་ཞིང་འཕེལ་རྒྱས་ལ་སྨན་པ་བོད་ཡུལ་གྱི་ས་ཆ་ཁ་ཤས་སུ་ལོ་རྒྱུས་ཀྱིས་བདེན་དཔང་ཅུང་བྱས་འདུག་པས། ང་ཚོ་ལམ་འདི་ལ་ཡིད་ཆེས་བརྟན་པོ་དང་བློ་བརྟན་འགྱུར་མེད་ཀྱིས་ཆས་དགོས་པར་བསམ་ལ། ལམ་འདི་ལས་འཕྲད་པའི་དཀལ་ངལ་དག་ནི་འཕེལ་རྒྱས་ཁྲོད་ཀྱི་གོ་རིམ་ཡིན་པ་ལས་ལམ་ནོར་བ་ནི་མིན་ནོ།།
དང་པོ། སྐད་གཉིས་སློབ་ཁྲིད་ལ་ངོས་འཛིན་ཟབ་མོ་མཛད་པ།
༡ སྐད་གཉིས་སློབ་ཁྲིད་ཀྱི་ཐབས་ཤེས་བརྗོད་པ།
སྤྱི་ཚོགས་ཀྱི་འཕེལ་འགྲོས་མྱུར་བའི་དབང་གིས་སློབ་གསོའི་ཐད་ལ་སྔར་མེད་ཀྱི་བླང་བྱ་ མང་པོ་བཏོན། དུས་རབས་ཉེར་གཅིག་གི་ཤེས་རིག་དཔལ་འབྱོར་གྱི་དུས་སྐབས་འདིར་རྒྱལ་ཁབ་དང་རྒྱལ་ཁབ། མི་རིགས་དང་མི་རིགས་དབར་ཚོང་ལས་དང་བརྡ་འཕྲིན། རིག་གཞུང་དག་གི་བརྗེ་རེས་ཀྱི་ཚ་རླབས་འཕྱུར་བས་གཞན་སྐད་མཁྱེན་པའི་ཤེས་ལྡན་མི་སྣ་མཁོ་བ་ནི་ཁ་ཚ་དགོས་གཏུག་གི་གནད་དོན་དུ་གྱུར་བས། སྐད་གཉིས་སློབ་ཁྲིད་ཀྱི་སློབ་གསོའི་ཐབས་ལམ་འཛིན་མའི་ཁྱོན་དུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས། སྒྲ་དོག་འཇུག་ཏུ། སྐད་གཉིས་སློབ་ཁྲིད་ཅེས་པ་ནི་སློབ་གྲྭ་རུ་ཕ་སྐད་དང་སྐད་ཡིག་གཉིས་པའི་ལམ་ནས་གྲངས་དངོས་རྫས་གསུམ་དང་ལོ་རྒྱུས། ས་ཁམས། ཆབ་སྲིད་སོགས་སློབ་ཁྲིད་བྱེད་པ་ལ་ཟེར། རང་རྒྱལ་གྱི་མི་རིགས་སློབ་གསོའི་ཁྲོད་དུ། སྐད་གཉིས་སློབ་ཁྲིད་ཅེས་པ་ནི་མི་རིགས་རང་གི་སྐད་ཡིག་དང་རྒྱའི་སྐད་ཡིག་ཟུང་འབྲེལ་སྒོས་སློབ་ཁྲིད་བྱེད་པའི་སློབ་གྲྭའི་སློབ་གསོའི་རིགས་ཤིག་ཡིན། ད་ལྟ་བོད་ཡུལ་ཆོལ་ཁ་གསུམ་དུ་རྩ་བ་ཚུགས་མགོ་བརྩམས་པའི་སྐད་གཉིས་ སློབ་ཁྲིད་ལ་གཞི་རྩའི་ཐབས་ལམ་རིགས་གཉིས་ཡོད་དེ། ཐབས་ལམ་དང་པོའི་སྐད་གཉིས་སློབ་ཁྲིད་ནི་བོད་ཡིག་གཙོ་དང་རྒྱ་ཡིག་ཕལ་བའི་སྐད་གཉིས་སློབ་ཁྲིད་ལ་གོ་སྟེ། གྲངས་དངོས་རྫས་གསུམ་དང་ཆབ་སྲིད། ལོ་རྒྱུས། ས་ཁམས་སོགས་བསླབ་ཚན་མང་པོ་བོད་སྐད་ཡིག་ལམ་ནས་ཁྲིད་པ་དང་དེའི་ཁར་རྒྱའི་སྐད་ཡིག་ཁྲིད་པའི་སློབ་ཁྲིད་ཐབས་ལམ་ཡིན་པ་དང་། ཐབས་ལམ་གཉིས་པའི་སྐད་གཉིས་སློབ་ཁྲིད་ནི་རྒྱའི་སྐད་ཡིག་གཙོ་དང་བོད་སྐད་ཡིག་ཕལ་བའི་སྐད་གཉིས་སློབ་ཁྲིད་ལ་ཟེར་ཏེ། གྲངས་དངོས་རྫས་གསུམ་དང་ཆབ་སྲིད། ལོ་རྒྱུས། ས་ཁམས་སོགས་བསླབ་ཚན་མང་པོ་རྒྱའི་སྐད་ཡིག་ལམ་ནས་ཁྲིད་པ་དང་དེའི་ཁར་བོད་ཡིག་ཁྲིད་པའི་སློབ་ཁྲིད་ཀྱི་ཐབས་ལམ་ལ་བསྟན་པ་ཡིན་ལ། འདི་ལས་གཙོ་ཕལ་ཞེས་པ་ནི་གྲངས་དངོས་རྫས་གསུམ་དང་ཆབ་སྲིད་སོགས་ཁྲིད་བྱེད་ཀྱི་སྐད་གང་ཡིན་བསྟན་པ་ལས། བོད་རྒྱ་སྐད་ཡིག་གཉིས་ལ་གཙོ་ཕལ་ཕྱེ་བ་མ་ཡིན་ནོ།།
ཉེ་བའི་ལོ་འགའི་ནང་དུ་མཚོ་སྔོན་དང་ཀན་སུའུ། སི་ཁྲོན་གྱི་བོད་ཁུལ་དུ་ཐབས་ལམ་དང་པོའི་སྐད་གཉིས་སློབ་ཁྲིད་སྤེལ་གྱིན་ཡོད་ལ། དེ་ནི་བོད་ཡུལ་གྱི་དོན་དངོས་དང་མཐུན་ཞིང་ འཕེལ་ཕྱོགས་ལ་སྨན་པའི་སྐད་གཉིས་སློབ་ཁྲིད་ཀྱི་ཐབས་ལམ་ཞིག་ཡིན་པ་ལོ་རྒྱུས་ཀྱིས་ར་སྤྲད་དང་སྤྲོད་བཞིན་ཡོད།
མིག་སྔར། ཐབས་ལམ་དང་པོའི་སྐད་གཉིས་སློབ་ཁྲིད་སྤེལ་སའི་སློབ་གྲྭ་རུ་རྒྱ་ཡིག་ནི་སྐད་ཡིག་གཉིས་པ་དང་དབྱིན་ཡིག་ནི་ཕྱིའི་སྐད་ཡིག་ཏུ་བཞག་ཡོད་ཅིང་། བོད་ཡིག་ལམ་ནས་ རང་བྱུང་ཚན་རིག་སོགས་ཁྲིད་པ་ནི་བོད་ཡིག་བཀོལ་བ་ཡིན་གྱི་སློབ་པ་མིན་ལ། དབྱིན་ཡིག་སློབ་ཁྲིད་ནི་ཕྱི་ཡིག་སློབ་ཁྲིད་ཀྱི་ཁོངས་སུ་གཏོགས་པ་ལས་སྐད་གཉིས་སློབ་ཁྲིད་ཀྱི་ཁོངས་སུ་ནི་མིན། གཞན་ཡང་། སྐད་གཉིས་སློབ་ཁྲིད་ནི་སྐད་གཉིས་སློབ་གསོ་དང་མི་འདྲ་སྟེ། སྐད་གཉིས་སློབ་ཁྲིད་ནི་དགེ་རྒན་གྱིས་སྐད་གཉིས་ཀྱི་ལམ་ནས་སློབ་མར་ཚན་རྩལ་ཤེས་བྱ་ཁྲིད་པ་དང་། སྐད་གཉིས་སློབ་གསོ་ནི་ཕ་མའམ་དགེ་རྒན་གྱིས་སྐད་གཉིས་ལམ་ནས་སློབ་བུ་ལ་མཛུབ་སྟོན་གནང་ནས་མི་ཚེའི་གནས་ལུགས་རྟོགས་སུ་འཇུག་པ་དང་རྒྱུད་ལ་ཤེས་བྱ་སྤྲད་དེ་ཤེས་ལྡན་མི་སྣར་སྐྱེད་པའི་བྱ་བཞག་ལ་གོ སྤྱིར་བཏང་དུ། སྐད་གཉིས་སློབ་གསོའི་ཁྱབ་རྒྱ་ཤིན་ཏུ་ཆེ་སྟེ། སྐད་གཉིས་སློབ་ཁྲིད་ནི་སྐད་གཉིས་སློབ་གསོའི་བྱེ་བྲག་ཅིག་ཏེ། མ་དང་བུ་ཡི་འབྲེལ་བ་ལྟ་བུ་ཡིན། དཔེར་ན། ཁྱིམ་ནས་ཕ་མས་བུ་ཕྲུག་ལ་སྐད་གཉིས་ལམ་ནས་ཁ་ཏ་སློབ་གསོ་བྱེད་པ་ནི་སྐད་གཉིས་སློབ་གསོའི་མ་ལག་གི་ཁྱིམ་གྱི་སློབ་གསོའི་ནང་ཚན་ཡིན་གྱི་སྐད་གཉིས་སློབ་ཁྲིད་ནི་མིན།
༢ སྐད་གཉིས་སློབ་ཁྲིད་ཀྱི་རྒྱུ་རྐྱེན་བཤད་པ།
སྐད་གཉིས་སློབ་ཁྲིད་ཀྱི་རྩ་བའི་རྒྱུ་རྐྱེན་གསུམ་ནི་དགེ་རྒན་གྱི་དཔུང་སྡེ་དང་། སློབ་མའི་སྐད་གཉིས་ཆུ་ཚད་དང་སློབ་སྦྱོང་ནུས་པ། ཁྲིད་དེབ་བཅས་ཡིན་ཏེ། དང་པོ་དགེ་རྒན་གྱི་ དཔུང་སྡེ་ནི་དགེ་རྒན་ལ་སྐད་གཉིས་ཀྱི་ཡོན་ཚད་བཟང་པོ་ཡོད་དགོས་པ་མ་ཟད་ཆེད་ལས་ཀྱི་རྨང་གཞི་ཟབ་མོ་ཡོད་དགོས། བོད་ཡུལ་གྱི་སྐད་གཉིས་སློབ་ཁྲིད་སྤེལ་བའི་སློབ་གྲྭར་བོད་རྒྱ་ ཡིག་འབྲི་ལ་ཐོགས་པ་མེད་ཅིང་སྨྲ་ལ་བྱང་ཆ་དོད་པའི་ཁར་ཆེད་ལས་ཀྱི་རྨང་མཐུག་པའི་སྐད་ གཉིས་དགེ་རྒན་ནི་ཤིན་ཏུ་མཁོ། གཉིས་པ་སློབ་མའི་སྐད་གཉིས་ཆུ་ཚད་དང་སློབ་སྦྱོང་གི་ནུས་པ་ནི། སློབ་མར་བོད་རྒྱ་ཡི་གེའི་འབྲི་ཀློག་ཉན་གསུམ་གྱི་རྨང་གཞི་བཟང་བོ་དང་སྐད་དེ་གཉིས་ལ་བརྟེན་ནས་བསླབ་གཞིར་སྦྱངས་བརྩོན་དང་བརྡ་འཕྲིན་བརྗེ་སྤེལ། བསམ་བློ་བརྗེ་རེས་བྱེད་པའི་ནུས་པ་ཡིན། བོད་རིགས་སློབ་མ་ཀུན་ལ་ཕ་སྐད་ཀྱི་བག་ཆགས་ཟབ་ཅིང་རྨང་གཞི་བཟང་ལ། རུས་རྐང་དུ་ཟུག་པ་ནི་ཕ་སྐད་རྣལ་མ་ཡིན་པས་བོད་སྐད་ཡིག་ལམ་ནས་རང་བྱུང་ཚན་རིག་སོ་སོར་སྦྱངས་པ་བྱས་ན་ཧ་གོ་སླ་ཞིང་དོན་རྟོགས་ཐུབ་པ། སྐད་བརྡའི་དཀའ་ཁག་མེད་པ། དང་ལེན་བྱེད་སླ་བ། ཡུན་རིང་བོར་མི་བརྗེད་པ་བཅས་ཀྱི་དགེ་མཚན་མཆིས་པ་མ་ཟད། འགྲོ་བ་མིའི་ཤེས་རྟོགས་ཀྱི་ཆོས་ཉིད་དང་སློབ་གསོའི་ངོ་བོ་དང་ཡང་ཡོངས་སུ་མཐུན་པ་ཡིན། ལོ་ན་ཡར་ཕྱིན་པ་དང་བསྟུན་ནས་རྒྱའི་སྐད་ཡིག་གི་རྨང་གཞི་མཐོར་འདེགས་བཏང་ནས་རམ་འདེགས་ཀྱི་ནུས་པ་ཐོན་ན་ཤིན་ཏུ་ལེགས། གསུམ་པ་ཁྲིད་དེབ་ནི་དགེ་སློབ་བར་ཤེས་བྱ་དང་བསམ་བློ་བརྗེ་རེས་བྱེད་པའི་གསེར་ཟམ་ལྟ་བུ་ཡིན། སྐད་གཉིས་སློབ་ཁྲིད་ཀྱི་ཡོ་ལང་རབ་ཏུ་རྒྱས་པའི་དུས་འདིར་ང་ཚོ་བོད་ཡུལ་དུ་རང་བྱུང་ཚན་རིག་སོ་སོའི་བོད་ཡིག་གི་ཁྲིད་དེབ་དང་ལྷན་ཐབས་ཆ་ཚང་མིན་པ་མ་ཟད། བརྡ་ཆད་གཅིག་གྱུར་དང་ཁྲིད་དེབ་གཅིག་གྱུར་ཐད་ལ་སྔར་ལས་ལྷག་པའི་ཤུགས་སྣོན་རྒྱག་དགོས།
༣ སྐད་གཉིས་སློབ་ཁྲིད་ཀྱི་འཕེལ་ཕྱོགས་གླེང་བ།
སྐད་གཉིས་སློབ་ཁྲིད་ཀྱི་འཕེལ་ཕྱོགས་གསུམ་ནི་ཕ་སྐད་ཀྱི་འཕེལ་རྒྱས་དང་སྐད་ཡིག་ གཉིས་པའི་འཕེལ་རྒྱས། སྐད་གཉིས་མཉམ་དུ་འཕེལ་རྒྱས་འགྲོ་བ་བཅས་ཡིན། ཕ་སྐད་གྱི་འཕེལ་རྒྱས་ནི་སྐད་ཡིག་སྦྱངས་པའི་རྨང་གཞིའི་ཐོག་རང་སྐད་ཡིག་ལམ་ནས་རང་བྱུང་ཚན་རིག་དག་ལ་སྦྱངས་པ་བྱས་ན་རང་སྐད་ཡིག་གི་རྨང་གཞི་སྲ་བརྟན་དང་བཀོལ་རྒྱ་ཇེ་ཆེར། ཆུ་ཚད་ཡང་འཕར་བར་རམ་འདེགས་ཀྱི་ནུས་པ་ཐོན་སྲིད་པ་མ་ཟད་རང་སྐད་ཡིག་འཐུས་ཚང་དང་དེང་རབས་ཅན་དུ་འགྱུར་བར་སྔོན་འགྲོའི་ཆ་རྐྱེན་བསྐྲུན་ཐུབ། སྐད་ཡིག་གཉིས་པ་ནི་བསླབ་གཞིར་སྦྱངས་བརྩོན་དང་བརྡ་འཕྲིན་བརྗེ་སྤེལ། ཕན་ཚུན་འབྲེལ་འདྲིས། ཁོར་ཡུག་རྒྱ་སྐྱེད། གཞན་གཞུང་རོལ་མྱོང་བྱེད་པ་སོགས་ལ་ཤིན་ཏུ་མཁོ་བས་དུས་ཀྱི་དགོས་མཁོ་དང་བསྟུན་ནས་འཕེལ་རྒྱས་འབྱུང་ངེས། སློབ་གསོའི་རྨང་གཞི་བཟང་ཞིང་སྤྱི་ཚོགས་ཀྱི་མཐུན་རྐྱེན་ལེགས་པ། དགེ་རྒན་གྱི་དཔུང་སྡེ་མཐུག་ཅིང་ཁྲིད་དེབ་ཁ་ཚང་བ། སྐད་གཉིས་སློབ་ཁྲིད་མ་ལག་ཇེ་རྒྱས་ཡིན་དུས་སྐད་གཉིས་མཉམ་དུ་འཕེལ་རྒྱས་འབྱུང་ངེས་སོ།།
གཉིས་པ། སྐད་གཉིས་སློབ་ཁྲིད་ཀྱི་ལོ་རྒྱུས་ལ་རགས་ཙམ་དཔྱད་པ།
རང་རྒྱལ་གྱི་སྐད་གཉིས་སློབ་ཁྲིད་ཀྱི་མགོ་ཁུངས་ནི་དུས་རབས་༡༩པའི་དུས་དཀྱིལ་དུ་བྱུང་ བའི་“ཕྱི་ལུགས་གཉེར་བའི་ལས་འགུལ་” ཡིན་པར་བཤད། ༡༨༤༠ལོའི་ཉལ་ཐའི་དམག་འཁྲུག་གི་རྗེས་སུ་ཆིན་སྲིད་གཞུང་ཉམས་རྒུད་རུལ་སུངས་སུ་གྱུར་ནས་བཙན་རྒྱལ་རིང་ལུགས་དང་འདྲ་མཉམ་མིན་པའི་ཆིངས་ཡིག་རབ་དང་རིམ་པ་བཞག་ལ། བཙན་འཛུལ་གྱི་གོ་རིམ་དུ་ཕྱིའི་རྒྱལ་ཁབ་གྱི་སྔོན་ཐོན་ཚན་རྩལ་རིག་གནས་ཀྱིས་ཤུགས་རྐྱེན་ཟབ་མོ་ཐེབས། ཕྱི་གླིང་གི་ལེགས་ཆ་གཡར་ནས་ཀྲུང་གོ་འཕེལ་རྒྱས་གཏོང་བའི་ཁ་གཡང་སྒྲོག་པའི་ཕྱི་ལུགས་གཉེར་བའི་ལས་འགུལ་གྱི་དུས་སུ་ཙུན་ཀོ་ཧྥན་སོགས་ཀྱིས་ཕྱི་ཡིག་སློབ་གྲྭ་མང་པོ་བཙུགས་ཏེ་ཐོག་མར་ཕྱི་ཡིག་སྦྱོང་བ་དང་དེ་ནས་སྔོན་ཐོན་གྱི་ཚན་རིག་རིག་གནས་སྦྱངས་པའི་ཁོར་ཡུག་སྐྲུན། སློབ་གྲྭ་དེ་དག་ནས་དབྱིན་དང་ཧྥ་རན་སི། འཇར་མན། འཇའ་ཕན་སོགས་ཀྱི་སྐད་དང་རིག་གནས་ལ་སྦྱངས་པ་བྱེད་དུ་བཅུག དེ་ནི་རང་རྒྱལ་དུ་སྐད་གཉིས་སློབ་ཁྲིད་ཀྱི་ས་བོན་ཐོག་མར་བཏབ་པ་ཡིན་པར་རྒྱའི་མཁས་པ་མང་པོས་ཐུན་མོང་དུ་ཁས་འཆེས་འདུག
དུས་རབས་བདུན་པའི་སྐབས་བཙན་པོ་སྲོང་བཙན་གྱིས་སྲིད་དབང་བཟུང་རྗེས་བོད་ཡུལ་ཁ་ཐོར་དང་རྙིང་ཞེན་ལས་བརྒལ་ཏེ་སྲིད་འབྱོར་རིག་གསུམ་ཐད་སྔར་མེད་ཀྱི་འཕེལ་རྒྱས་ལེགས་པོ་བྱུང་ལ། དཀྱེལ་ཡངས་པའི་རིག་གནས་ཀྱི་ཁོར་ཡུག་ཅིག་ཀྱང་ཡུན་གྱིས་བྱུང་བས། བོད་རིགས་མི་དམངས་ཀྱིས་རྒྱ་དཀར་ནག་སོགས་ནས་སངས་རྒྱས་ཆོས་ལུགས་གཙོས་པའི་སྔོན་ཐོན་རིག་གནས་བསྡུ་ལེན་བྱེད་པའི་སྒོ་མོ་ཆེས་ཆེར་ཕྱེས། སངས་རྒྱས་ཆོགས་ལུགས་ཀྱི་གཞུང་རྣམས་ལེགས་སྦྱར་ཡི་གེ་ལས་གྲུབ་པའི་རྒྱུ་མཚན་གྱིས་བོད་ཀྱི་མཁས་དབང་རྣམས་ཀྱིས་ནང་བསྟན་རིག་གནས་བསྡུ་ལེན་བྱེད་པར་རང་གི་རིག་གནས་ ཤེས་དགོས་ལ། རྒྱ་གར་གྱི་ལེགས་སྦྱར་ཡི་གེ་མཁྱེན་དགོས་པའི་ངེས་ཤེས་རྙེད། དེ་ནས་སངས་རྒྱས་ཆོས་ལུགས་བོད་ཡུལ་དུ་གོང་འཕེལ་སོང་བ་དང་བསྟུན་ནས་སྒྲ་རིག་པའི་གཞུང་འདི་བོད་དུ་རྒྱ་ཆེར་དར། བསྟན་པ་ཕྱི་དར་གྱི་རྗེས་སུ་ས་སྐྱ་པཎྡི་ཏ་དང་ཐར་ལོ་ཉི་མ་རྒྱལ་མཚན་སོགས་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་ཆུ་བོའི་རྒྱུན་བཞིན་བྱོན་ལ། སྡོམ་བརྩོན་དམ་པའི་རི་མོ་ལས་ཀྱང་ཁོ་ཚོའི་མཐར་ཐུག་གི་དགོངས་པ་མཚོན་ཐུབ། སྒྲ་རིག་པ་དགོན་པ་དང་སློབ་གྲྭའི་བསླབ་གཞིར་གྱུར་པས་བོད་དུ་སྐད་གཉིས་སློབ་ཁྲིད་ཀྱི་ས་བོན་འདེབས་པའི་སྟ་གོན་བྱས་པ་འདྲ། བཅིངས་བཀྲོལ་ཀྱི་རྗེས་སུ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་ཡི་གེ་ནི་རྒྱ་ཡིག་ཡིན་པས་བོད་དུ་རྒྱ་བོད་སྐད་གཉིས་སློབ་ཁྲིད་ཀྱི་མྱུ་གུ་འབུས་མགོ་ཚུགས་ལ། རྒྱལ་ཁབ་གྱི་རྩ་ཁྲིམས་ནང་དུ་ “མི་རིགས་སོ་སོར་སྐད་ཡིག་བཀོལ་སྤྱོད་དང་དར་སྤེལ་བྱེད་པའི་དབང་ཆ་ཡོད་” སོགས་གཏན་ལ་ཕབ་པས་གྲངས་ཉུང་མི་རིགས་འདུས་སྡོད་བྱས་པའི་ས་ཁུལ་མང་པོར་རྒྱལ་ཁབ་ཀྱི་སྤྱི་སྤྱོད་ཡི་གེ་དང་མི་རིགས་རང་གི་སྐད་ཡིག་གཉིས་ཀྱི་ལམ་ནས་སློབ་ཁྲིད་དང་སློབ་གསོ་སྤེལ་བའི་གཞི་ཚུགས། དཔེར་ན། ཞིན་ཅང་ས་ཁུལ་དུ་ཡུ་གུར་ཡི་གེ་དང་རྒྱ་ཡིག་གི་སྐད་གཉིས་སློབ་ཁྲིད་དང་། མདོ་དབུས་ཁམས་གསུམ་དུ་བོད་ཡིག་དང་རྒྱ་ཡིག་གི་སྐད་གཉིས་སློབ་ཁྲིད། ནང་སོག་ཏུ་སོག་ཡིག་དང་རྒྱ་ཡིག་གི་སྐད་གཉིས་སློབ་ཁྲིད། ཅི་ལིན་ཞིང་ཆེན་དུ་ཁྲོའོ་ཞན་ཡི་གེ་དང་རྒྱ་ཡིག་གི་སྐད་གཉིས་སློབ་ཁྲིད་ལྟ་བུ་སོགས།
མིག་སྔར་རྒྱལ་ཡོངས་སུ་ཞིང་ཆེན་༡༣དང་རང་སྐྱོང་ཁུལ་༢༡གི་མི་རིགས་ས་ཁུལ་གྱི་སློབ་ གྲྭ་ཁྲི་ཚོ་ལྷག་གི་སློབ་མ་ཁྲི་༦༠༠ཡན་སྐད་གཉིས་སློབ་ཁྲིད་ཀྱི་ལམ་དུ་ཞུགས་ཡོད། སྤྱི་ཚོགས་ཀྱི་དགོས་མཁོ་དང་སློབ་གསོ་ཡི་འཕེལ་ཕྱོགས་དབང་གིས་མི་རིགས་ས་ཁུལ་མང་པོར་ཕ་སྐད་གཙོ་བོ་དང་རྒྱའི་སྐད་ཡིག་ཕལ་བའི་ཐབས་ལམ་དང་པོའི་སྐད་གཉིས་སློབ་ཁྲིད་དང་། རྒྱའི་སྐད་ཡིག་གཙོ་དང་ཕ་སྐད་ཕལ་བའི་ཐབས་ལམ་གཉིས་པའི་སྐད་གཉིས་སློབ་ཁྲིད་དེ་རྩ་བའི་སློབ་ཁྲིད་ཀྱི་རྣམ་པ་གཉིས་ཆགས་ཡོད།
གསུམ་པ། གཞན་ལ་མིག་དཔེ་བལྟས་ནས་རང་ཉིད་ཀྱི་བློ་སྒོ་འབྱེད་པ།
༡ ཨ་རི་ནི་འཛམ་གླིང་ཁྱོན་དུ་ཚན་རིག་ལག་རྩལ་དང་དམག་དོན་སོགས་གང་ཐད་ནས་ ཀུན་གྱི་རྩེར་སོན་པའི་རྒྱལ་ཁབ་ཅིག་ཡིན་ལ། རྒྱལ་འབངས་ལས་རི་ཡོང་བ་ཧ་ཅང་མང་བས་སྐད་དང་རིག་གནས་ཐད་དུ་སྣ་མང་དང་འདྲ་མཉམ་དུ་གནས་ཡོད། ༩༡༦༨ལོར་ཨ་རིའི་རྒྱལ་ཚོགས་ཀྱིས་ 《སྐད་གཉིས་སློབ་ཁྲིད་ཀྱི་རྩ་ཁྲིམས་》 གཏན་ལ་ཕབ་རྗེས་ཕྱི་ནས་ཡོང་བའི་རིག་གནས་རྒྱབ་ལྗོངས་མི་འདྲ་བའི་སློབ་ཕྲུག་མང་པོར་དབྱིན་ཡིག་དང་ཕ་སྐད་མཉམ་དུ་སྦྱངས་པའི་འདྲ་མཉམ་གྱི་སློབ་གསོའི་ཁོར་ཡུག་བསྐྲུན་ལ། དབྱིན་ཡིག་ནི་ཨ་རིའི་རྒྱལ་ཡིག་ཏུ་བཀས་བཅད་དེ་དབྱིན་ཡིག་རྨང་གཞི་ཞན་པའི་སློབ་ཕྲུག་ཚོར་སྲིད་ཇུས་དང་སྤྱི་ཚོགས་གང་ཐད་ནས་རོགས་རམ་རྒྱ་ཆེར་གནང་ནས་སྐད་གཉིས་སློབ་གསོ་སྤེལ་བར་མཐུན་རྐྱེན་དང་རྨང་གཞི་བཏིང༌། ཨ་རིའི་སྐད་གཉིས་སློབ་ཁྲིད་དུ་དབྱིན་ཡིག་ནི་ཨང་དང་པོར་བཞག་སྟེ་སློབ་ཆུང་ལོ་རིམ་དང་པོ་ནས་མཐོ་འབྲིང་ལོ་རིམ་གསུམ་པའི་བར་རང་བྱུང་ཚན་རིག་སོ་སོ་དབྱིན་ཡིག་ལ་བརྟེན་ནས་སྦྱངས་པ་བྱེད་ལ་ཕ་སྐད་ཀྱང་སྦྱངས་པ་ལེགས་པོ་བྱེད། ཨ་རིའི་ཁཱ་ནར་ཏུན་ཀུ་ཁུལ་མཚོན་ལ་སློབ་མ་ཁྲི་2.1ལྷག་ལ་དབྱིན་སྐད་དང་སི་པན་སྐད་གཉིས་ཀྱི་སློབ་ཁྲིད་བྱེད་ཀྱིན་ཡོད་ལ། དེ་ཚོས་ཁུལ་ཡོངས་ཀྱི་སློབ་མ་ཡོངས་ལས་95%ཟིན་ཡོད། ཨ་རིས་སྐད་གཉིས་སློབ་ཁྲིད་ལེགས་པར་སྤེལ་ནས་དབྱིན་ཡིག་རྨང་གཞི་མཐོ་རུ་བཏེགས་པས་རིག་གནས་གསར་བ་བསྡུ་ལེན་དང་རྒྱལ་ཁབ་གཞན་ལ་འབྲེལ་འདྲིས་ཀྱི་གོམ་སྟབས་ཤིན་ཏུ་མྱུར་རྐྱེན་སྔོན་ཐོན་གྱི་རིག་གནས་ནམ་ཡང་ཁོ་ཚོའི་ལག་ཏུ་སོན་ཡོད།
༢ རྒྱ་གར་གྱིས་འཛམ་གླིང་ཧྲིལ་བོ་མིག་གིས་འཚོས་ནས་སྐད་གཉིས་ཤེས་ལྡན་མི་སྣ་སྐྱེད་ སྲིང་བྱེད་པའི་སྐད་གཉིས་སློབ་ཁྲིད་ཀྱི་ཐབས་ལམ་ཅུང་སྤྲོས་ན། རྒྱ་གར་ནི་མི་རིགས་དང་ཆོས་ལུགས་མང་ལ་རིག་གནས་སྣ་ཚོགས་འཛོམས་ཞིང་། འཛམ་གླིང་དུ་མིའི་རིགས་དང་ཆོས་ལུགས། སྐད་བརྡ་གསུམ་རྒྱུན་འཛིན་དང་ཉར་ཚགས་བྱས་པ་ཆེས་བཟང་བའི་རྒྱལ་ཁབ་ཅིག་ཡིན། རྒྱ་གར་དུ་སྐད་རིགས་མི་འདྲ་བ་1625དང་མི་རིགས་མི་འདྲ་བ་33ཡོད་ཅིང་དབྱིན་ཡིག་ནི་སྲིད་སྤྱོད་ཡི་གེར་བཀས་བཅད་ཡོད།
རྒྱ་གར་ནི་དབྱིན་ཇིའི་མི་སེར་སྤེལ་ཡུལ་དུ་གྱུར་བའི་ལོ་ངོ་ཉིས་རྒྱའི་རིང་དུ་དབྱིན་ཡིག་སློབ་ཁྲིད་རྒྱ་གར་དུ་གཞི་ཆགས་ཤིང་དར་རྒྱས་བྱུང་རྐྱེན་དབྱིན་ཡིག་ནི་རྒྱ་གར་རྒྱལ་འབངས་ཡོངས་ཀྱི་ཐུན་མོང་གི་ལོངས་སུ་སྤྱོད་བྱར་གྱུར་བ་མ་ཟད། དབྱིན་ཡིག་དང་ས་གནས་སྐད་གཉིས་ཀྱི་ལམ་ནས་རང་གི་ཁྱད་ཆོས་མ་བོར་ཞིང་གཞན་གྱི་ལེགས་ཆ་མྱུར་བར་བསྡུ་བའི་སྐད་གཉིས་སློབ་ཁྲིད་ཀྱི་རྨང་བཟང་བོ་བཏིང༌། དུས་རབས་བཅུ་དགུ་བའི་མཇུག་ཏུ། རྒྱ་གར་དུ་ལོ་རིམ་དང་པོ་ནས་བཅུ་བའི་བར་རིག་ཚན་འཛིན་གྲྭའི་བསླབ་ཚན་མང་པོ་ས་གནས་སྐད་ཡིག་ལམ་ནས་ཁྲིད་པ་དང་དེའི་ཁར་དབྱིན་ཡིག་སློབ་ཁྲིད་ཅིག་བཀོད་སྒྲིག་བྱེད་པ་ཡིན། སྤྱིའི་ཆ་ནས་རྒྱ་གར་གྱི་མཐར་ཕྱིན་སློབ་མའི་དབྱིན་ཡིག་གི་འབྲི་ཀློག་སྨྲ་གསུམ་གྱི་ཆུ་ཚད་རྒྱལ་སྤྱིའི་དབྱིན་ཡིག་གི་ཚད་ཐིག་ཏུ་སོན་པས་རྒྱལ་སྤྱིའི་ཐོག་ནས་འབྲེལ་འདྲིས་དང་འགྲན་རྩོད་ལ་དཀའ་ཁག་ཆེན་པོ་མེད་ལ། རིག་གནས་གསར་བ་བསྡུ་ལེན་བྱེད་པའི་འགྲོས་ཀྱང་ཤིན་ཏུ་མགྱོགས། མདོར་བསྟན་ན། 1947ལོར་རྒྱ་གར་རང་བཙན་ཐོབ་རྗེས་དབྱིན་ཡིག་དང་རང་སྐད་གཉིས་ཀྱི་སློབ་ཁྲིད་ཐད་ལ་གཙིགས་ཆེན་བླ་མེད་བྱས་པའི་སྟབས་ཀྱིས་སྤྱི་ཚོགས་ཚན་རིག་དང་རང་བྱུང་ཚན་རིག་གི་ཐད་དུ་འཕེལ་རྒྱས་རླབས་པོ་ཆེ་བྱུང་སྟེ། འཛམ་གླིང་མཁས་པའི་གར་སྟེགས་སུ་གྲོང་ངེར་འགྱིངས་ཐུབ་པའི་ཚན་རིག་པ་གཅིག་རྗེས་གཉིས་མཐུད་དུ་བྱོན་པ་སྟེ། དཔེར་ན། རྒྱ་གར་རང་བཙན་གྱི་རྗེས་སུ་རྩོམ་རིག་དང་དངོས་ལུགས། གསོ་རིག ཞི་བདེ། དཔལ་འབྱོར་བཅས་ཐད་ནས་ནོལ་པེ་བྱ་དགའ་དྲུག་ཐོབ་ལ། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་གྲོས་ཚོགས་སོགས་ཀྱི་ལས་ཞུགས་པའི་ཁྲོད་རྒྱ་གར་བ་ནི་གཞན་གང་ལས་ཀྱང་མང་བ་དང་། ལྷག་པར་དུ་རྩིས་འཁོར་མཉེན་ཆས་ཕྱོགས་ནས་འཛམ་གླིང་གི་སྔོན་ཐོན་དུ་གྱུར་ཡོད་པ་སྟེ། ཨ་རིའི་(IMB)ཀུང་སི་དང་(Microsofi)ཀུང་སི་སོ་སོ་ནས་རྒྱ་གར་བས་28%དང་34%ཟིན་ཡོད། འདི་དག་ནི་སྐད་གཉིས་སློབ་ཁྲིད་ལ་ཡང་དག་པར་མཐོང་ཆེན་བྱས་པའི་གྲུབ་འབྲས་ཡིན་པ་སུས་ཀྱང་བསྙོན་དུ་མེད་དོ།།
བཞི་བ། སྐད་གཉིས་སློབ་ཁྲིད་སྤེལ་བར་སྲིད་ཁྲིམས་ཀྱི་རྒྱབ་སྐྱོར་ཡོད་པ།
སྲིད་འབྱོར་རིག་གསུམ་དང་སློབ་གསོ་གང་ཐད་ནས་འཕེལ་རྒྱས་ཀྱི་འགྲོས་མྱུར་བའི་དུས་རབས་ཉེར་གཅིག་གི་དུས་སྐབས་འདིར། མི་རིགས་སློབ་གསོ་ཡར་རྒྱས་དང་མི་རིགས་ས་ཁུལ་འཕེལ་རྒྱས་གཏོང་བར་རྒྱལ་ཁབ་རིམ་པས་ཐུགས་ཁུར་བླ་ལྷག་དང་རོགས་སྐྱོར་བླ་མེད་གནང་བཞིན་ཡོད་ལ། ཐུགས་ཁུར་དང་རོགས་སྐྱོར་དེ་དག་ནི་གཙོ་བོ་སྲིད་དང་ཁྲིམས་ ཀྱི་རྒྱབ་སྐྱོར་ཡོད་མེད་དང་དེ་ནས་དཔལ་འབྱོར་གྱི་མཐུན་རྐྱེན་ལྡན་མིན་ཐད་ནས་མངོན་པ་ ཡིན། དེང་སྐབས་སྲིད་ཀྱི་ལམ་བཟང་ཞིང་ཁྲིམས་ཀྱི་དཀྱེལ་ཡངས་པའི་སྤྱི་ཚོགས་ཁོར་ཡུག་ ནས་ང་ཚོ་སྐད་གཉིས་སློབ་ཁྲིད་ཀྱི་གྲུ་གཟིངས་སུ་བསྡད་དེ་རིག་གཞུང་གི་མཚོ་མོར་འཇུག་རྒྱུ་དང་འཇིག་རྟེན་གཞན་ལ་ལྟད་མོར་འགྲོ་རྒྱུ། རང་བདག་ལ་མཁོ་བའི་ནོར་བུ་ལེན་པར་བརྩོན་རྒྱུ་ནི་རང་ཉིད་ཀྱི་བརྩོན་པ་དང་ནུས་པར་རག་ལས་པ་ཡིན་གྱི་གཞན་ལ་སྐྱབས་བཅོལ་བ་ནི་རང་ཉིད་འཆི་བའི་སྔ་ལྟས་ཡིན་ལ། རང་ལ་ནུས་པ་དང་སྟོབས་ཤུགས་མེད་པར་རང་གི་རུམ་གྱི་བྲོ་ལྷུང་ནས་རྒྱ་མཚོའི་གཏིང་གི་རྡོ་འཁྱག་འཁྱེར་ཡོང་ནའང་གཞན་ལ་ཁག་དཀྲི་ས་དང་ལེ་བདའ་བྱེད་ས་ཡེ་ནས་ཡོད་པ་མ་ཡིན་ནོ།།
<<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གྱི་བཅའ་ཁྲིམས་>>ཀྱི་ཨང་4བར། “མི་ རིགས་སོ་སོར་རང་སྐད་ཡིག་བདེ་སྤྱོད་དང་འཕེལ་རྒྱས་གཏོང་བའི་དབང་ཆ་ཡོད" ཅེས་དང་། ཨང་10པར། “མི་རིགས་རང་སྐྱོང་ས་ཁུལ་གྱི་རང་སྐྱོང་ལས་ཤག་དག་གིས་རང་ས་གནས་ཀྱི་སྐད་ ཡིག་བཀོལ་སྤྱོད་དང་འཕེལ་རྒྱས་གཏོང་བར་ཁེག་ཐེག་བྱ་དགོས” ཞེས་དང་། <<མི་རིགས་ས་ཁུལ་གྱི་རང་སྐྱོང་བཅའ་ཁྲིམས་>> ཨང་21པར། “མི་རིགས་རང་སྐྱོང་ས་ཁུལ་གྱི་ལས་ཤག་དག་གིས་ལས་དོན་སྒྲུབ་པའི་སྐབས་སུ་ས་གནས་དེའི་སྤྱི་སྤྱོད་སྐད་ཡིག་གཅིག་གམ་འགའ་བཀོལ་ཆོག་ལ། སྐད་ཡིག་སྣ་མང་བཀོལ་སྐབས་རང་སྐྱོང་ཁུལ་གྱི་མི་རིགས་སྐད་ཡིག་གཙོར་འཛིན་དགོས” ཞེས་དང་། ཨང་49པར། “མི་རིགས་རང་སྐྱོང་ས་ཁུལ་གྱི་ལས་ཤག་གིས་ལས་བྱེད་པ་ཕན་ཚུན་བར་སྐད་རིགས་སློབ་སྦྱོང་བྱེད་པར་སློབ་གསོ་དང་སྐུལ་མ་གནང་དགོས་ལ། རྒྱའི་ལས་བྱེད་པས་ས་གནས་དེའི་མི་རིགས་ཀྱི་སྐད་ཡིག་སློབ་པ་དང་མི་རིགས་ལས་བྱེད་པས་རང་གི་སྐད་ཡིག་བཀོལ་སྤྱོད་བྱེད་པ་དང་ཆབས་ཅིག་རྒྱལ་ཁབ་ཀྱི་སྤྱི་སྤྱོད་ཡི་གེར་སྦྱངས་པ་བྱེད་དགོས” ཞེས་དང་། <<ཀྲུང་ཧྭ་མི་རིགས་སྤྱི་མཐུན་རྒྱལ་ཁབ་གྱི་མི་རིགས་ས་ཁུལ་གྱི་རང་སྐྱོང་བཅའ་ཁྲིམས་>>ཀྱི་དོན་ཚན་སོ་བདུན་པར། གྲངས་ཉུང་མི་རིགས་ཀྱི་སློབ་མ་སྡུད་པའི་སློབ་གྲྭ་དང་སློབ་གསོའི་ལས་ཁུངས་སུ་ཆ་རྐྱེན་འཛོམས་ན། གྲངས་ཉུང་མི་རིགས་ཀྱི་ཡི་གེ་ཡིན་པའི་དཔེ་དེབ་བེད་སྤྱོད་དང་གྲངས་ཉུང་མི་རིགས་ཀྱི་སྐད་ཀྱིས་སློབ་ཁྲིད་བྱེད་པར་འཚམ་ཞེས་སོགས་ཡོད། དེའི་ཕྱིར་ང་ཚོ་བོད་ཀྱིས་སྐད་གཉིས་སློབ་ཁྲིད་ལེགས་པར་སྤེལ་ནས་མི་རིགས་སློབ་གསོ་ཡར་རྒྱས་དང་མི་རིགས་སྐད་ཡིག་འཕེལ་རྒྱས་གཏོང་བ་ནི་བཅའ་ཁྲིམས་དང་འགལ་བ་མ་ཡིན་ལ། བཅའ་ཁྲིམས་ཀྱི་མངའ་ཁོངས་སུ་འཕེལ་རྒྱས་གཏོང་ཐུབ་མིན་མི་རིགས་རང་གི་ནུས་རྩལ་ལ་རག་ལས་ཡོད་པར་སྙམ།
གོང་གི་བཅའ་ཁྲིམས་དག་ལས་ཤེས་ཐུབ་པ་སྟེ། ང་ཚོར་སྐད་གཉིས་སློབ་ཁྲིད་སྤེལ་བའི་ བཅའ་ཁྲིམས་ཀྱི་ས་ཁོངས་ཡོད་ལ། རང་གི་སྐད་ཡིག་བཀོལ་སྤྱོད་དང་དར་སྤེལ་བྱེད་པའི་དབང་ཆའང་ཡོད། དེའི་སྟབས་ཀྱིས་ང་ཚོས་སྐད་གཉིས་སློབ་ཁྲིད་སྤེལ་བའི་སློབ་གྲྭ་དང་ཁྲིད་དེབ། དགེ་རྒན། རིག་གཞུང་། ཐབས་ལམ་སོགས་ཀྱི་མ་ལག་ཆ་ཚང་བར་བསྐྲུན་པར་འབད་དེ་ཡང་དག་པའི་སློབ་གསོའི་བགྲོད་ལམ་ཡངས་པོ་ཞིག་བཟོ་དགོས།
ལྔ་བ། སྐད་གཉིས་སློབ་ཁྲིད་ཀྱི་དགེ་མཚན་བརྗོད་པ།
༡ སྐད་གཉིས་སློབ་ཁྲིད་ཀྱིས་ཕྱོགས་ཡོངས་ནས་འཚར་ལོངས་བྱུང་བའི་སྣ་འཛོམས་མི་སྣ་ སྐྱེད་སྲིང་བྱེད་པ།
སྐད་གཉིས་སློབ་ཁྲིད་ནི་དུས་རབས་ཀྱི་དགོས་མཁོ་དང་འཚམ་ཞིང་དུས་མཐུན་གྱི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པའི་མ་མ་ལྟ་བུ་ཡིན་ཏེ། དེས་གཞན་སྐད་གོ་ཞིང་རང་སྐད་མཁྱེན་ལ། ཆེད་ལས་རྟོགས་ཅིང་གསར་གཏོད་ཀྱི་ཤེས་རབ་ལྡན་པའི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་ལ། མི་སྣ་དེ་དག་ཚན་རྩལ་ཤེས་བྱའི་འགྲན་རྩོད་ཀྱི་ཚ་རླབས་དགུང་ལ་འཕྱུར་བའི་དུས་འདིར་ རྒྱལ་ཁབ་དང་མི་རིགས་ཡར་རྒྱས་གཏོང་བའི་སྲོག་ཤིང་དུ་འགྱུར་ངེས། རང་མི་རིགས་ལ་མཚོན་ན་རང་ཡིག་ལ་མཁས་ཤིང་གཞན་སྐད་མཁྱེན་པའི་ཆེད་ལས་ཀྱི་ཤེས་ལྡན་མི་སྣ་ཧ་ཅང་ཉུང་སྟེ། དེ་ནི་རང་རིགས་སྔོན་ཐོན་གྱི་གྲལ་དུ་ཚུད་ཐུབ་མིན་གྱི་རྩ་བའི་ཆ་རྐྱེན་དང་། སྲོལ་རྒྱུན་དེ་རྙིང་ཞེན་ལས་བརྒལ་ཏེ་གནའ་དེང་ཟུང་འབྲེལ་བྱེད་མཁས་པའི་དེང་རབས་བོད་པ་ཡོད་མེད་ཀྱི་འགག་རྩ་འང་ཡིན།
༢ སྐད་གཉིས་སློབ་ཁྲིད་ཀྱིས་གཞན་སྐད་སློབ་པར་མཐུན་རྐྱེན་སྒྲུབ་པ་དང་སྐུལ་མ་ཐེབས་པ།
ཕ་སྐད་ཁོ་ན་མཁྱེན་མཁན་ཞིག་ཕ་ཡུལ་གྱི་ས་ཁོངས་དོག་མོ་ལས་བརྒལ་མི་ཐུབ་ལ། སྐད་གཉིས་མཁྱེན་པ་ཞིག་རྒྱལ་ཁབ་གྱི་ཡུལ་གྲུ་ལས་ཐར་མི་ཐུབ་ཅིང་སྐད་གསུམ་མཁྱེན་པ་ཞིག་གིས་ད་གཟོད་འཛམ་གླིང་ཞབས་ཀྱིས་འཇོག་ཐུབ།
ས་ཁུལ་ལམ་སློབ་གྲྭ་གང་དུ་སྐད་གཉིས་སློད་ཁྲིད་ལེགས་པར་སྤེལ་ན་ཕ་སྐད་དང་གཞན་སྐད་ལ་ཐོས་བསམ་བཟང་བོ་བྱེད་ཐུབ་ལ། གཞན་སྐད་སློབ་པའི་འདུན་པ་དང་ཁོར་ཡུག་ཀྱང་བཟང་བོ་བསྐྲུན་ཐུབ། ཕ་སྐད་ཁོ་ནར་བརྟེན་ནས་གཞན་སྐད་མ་སྦྱངས་ན་རང་ཡུལ་གྱི་སྲོལ་རྒྱུན་དང་རྙིང་ཞེན་གྱི་ཁོར་ཡུག་ལས་བརྒལ་མི་ཐུབ་ལ་རིག་གནས་གཞན་གྱི་བྲོ་བ་མྱོང་མི་ཐུབ་པས་འཛམ་གླིང་གི་གནས་ཚུལ་མི་ཤེས་ཤིང་འགྲོ་བ་སྤྱིའི་འཕེལ་རྒྱས་དང་བདེ་སྡུག་ལ་ཞིབ་རྟོག་མི་ཐུབ་པ་མ་ཟད། བསམ་བློ་ཡང་ཁེར་རྐྱང་དང་རྗེས་ལུས་ཡིན་འགྲོ་བས་གཞན་སྐད་སློབ་རྒྱུ་ནི་འཁྲུལ་མེད་ཀྱི་འོས་འགན་ཡིན་ལ། འོས་འགན་འདི་སྐད་གཉིས་སློབ་ཁྲིད་ལེགས་པར་སྤེལ་བར་བརྟེན་ནས་འགྲུབ་ཐུབ།
༣ སྐད་གཉིས་སློབ་ཁྲིད་ཀྱིས་སློབ་གསོ་རྒྱལ་སྤྱི་ཅན་ཏུ་འགྱུར་བར་དགོས་ངེས་ཀྱི་ཆ་རྐྱེན་བསྐྲུན་པ།
དེང་སྐབས་ཤེས་རིག་དང་དཔལ་འབྱོར་རང་ཡུལ་གྱི་ས་ཁོངས་དོག་མོ་ལས་བརྒལ་ཏེ་ འཛམ་གླིང་ཁྱོན་ཏུ་གཅིག་གྱུར་ཏུ་དར་བ་དང་། དུས་མཚུངས་སུ་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་བསྟུན་ནས་སློབ་གསོ་ཡང་མི་རིགས་དང་རྒྱལ་ཁབ་ཀྱི་ཡུལ་གྲུ་ལས་ཐར་ཏེ་རྒྱལ་སྤྱི་ཅན་ཏུ་འགྱུར་ལ། ཏིན་ཞོན་ཕིང་གི་སློབ་གསོ་འཛམ་གླིང་དང་དེང་རབས། མ་འོངས་པར་ཁ་ཕྱོགས་པའི་དགོངས་པའི་འབྲས་བུ་ཡང་སྨིན་གྱིན་ཡོད། དེས་ན་སྐད་གཉིས་སློབ་ཁྲིད་ལེགས་པར་སྤེལ་ནས་སྐད་གཉིས་སློབ་གསོ་ཡར་རྒྱས་བཏང་ན། སྐད་གཉིས་མཁྱེན་པའི་ཤེས་ལྡན་མི་སྣ་འཚར་ལོངས་འབྱུང་ཐུབ་པ་དང་། མི་རིགས་གཞན་གྱི་རིག་གནས་སོགས་ལ་ཐོས་བསམ་བྱེད་ཐུབ་པ་དང་། གཞན་གྱི་ལེགས་ཆ་དག་ཚུར་ལེན་བྱེད་ཐུབ་པས། མི་རིགས་སློབ་གསོ་ཡང་རྒྱལ་སྤྱི་ཅན་དུ་འགྱུར་བར་ཁ་ལོ་བསྒྱུར་ངེས་སོ།།
དུས་རབས་ཉི་ཤུ་བའི་དུས་མཇུག་ཏུ་འཇའ་ཕན་གྱིས་འཛམ་གླིང་མཁྱེན་པའི་འཇའ་ཕན་པ་སྐྱེད་སྲང་དང་འབུར་ཐོན་གྱི་རྒྱལ་ཁམས་པ་ཞིག་ཡིན་ན་ད་གཟོད་འབུར་ཐོན་གྱི་འཇའ་ཕན་ པ་ཡིན་སོགས་ཀྱི་སློབ་གསོའི་དམིགས་འབེན་གཏན་ལ་ཕབ་པ་ནང་བཞིན་། ང་ཚོ་བོད་པས་ཀྱང་སྐད་གཉིས་སློབ་ཁྲིད་ལེགས་པར་སྤེལ་ནས་སློབ་གསོ་རྒྱལ་སྤྱིར་ཁ་ཕྱོགས་སྟེ་འཛམ་གླིང་མཁྱེན་པའི་བོད་པ་སྐྱེད་སྲིང་བྱས་ན་ཅིས་མི་ཆོག
༤ སྐད་གཉིས་སློབ་ཁྲིད་ཀྱིས་རང་བྱུང་ཚན་རིག་སོགས་ལེགས་པར་སྦྱངས་ཐུབ་པ།
ཚན་རིག་ལ་རྒྱལ་མཚམས་དང་མི་རིགས་ཀྱི་དབྱེ་བ་མེད་པར་མི་རིགས་དང་རྒྱལ་ཁབ་གང་ལ་ནུས་པ་ཡོད་ན་དེ་ཚོས་ལོངས་སུ་སྤྱད་ཆོག་མོད། ཚན་རིག་དེ་དག་ནི་སྐད་ཡིག་མི་འདྲ་བ་ མང་པོས་གྲུབ་བར་བརྟེན་དེར་ཐོས་བསམ་བྱེད་འདོད་ན་སྐད་ཡིག་མང་པོ་ཤེས་དགོས་པ་སྨོས་ཅི་དགོས། སྐད་གཉིས་སློབ་ཁྲིད་ཀྱིས་ཕ་སྐད་ཁོ་ན་ལས་བརྒལ་ཏེ་གཞན་སྐད་སྦྱངས་པའི་ཁོར་ཡུག་སྐྲུན་པས་ཚན་རིག་དེ་དག་ཏུ་བདེ་བླག་ངང་འཇུག་པའི་ལམ་བཟོས།
ང་ཚོ་བོད་ཀྱི་རང་བྱུང་ཚན་རིག་གི་རྨང་གཞི་ཧ་ཅང་ཞན་པས་རྒྱ་བོད་སྐད་གཉིས་ཀྱི་སློབ་ ཁྲིད་ལེགས་པར་སྤེལ་ན་གྲངས་དངོས་རྫས་གསུམ་དང་ས་ཁམས་སོགས་ཀྱི་རིག་གཞུང་མང་པོར་རོལ་མྱོང་བྱེད་ཐུབ་པ་མ་ཟད། དེ་དག་ལ་ཐོས་བསམ་བཟང་བོ་བྱས་རྗེས་རང་སྐད་ཡིག་ཏུ་བསྒྱུར་ན་བོད་ལའང་དེང་རབས་རིག་གནས་ཀྱི་ཁ་སྐོང་ཐུབ་པ་ཡིན།
༥ མཐོ་རིམ་སློབ་གྲྭའི་སྐད་གཉིས་སློབ་ཁྲིད་ཀྱིས་རྨང་གཞིའི་སློབ་གསོའི་སྐད་གཉིས་སློབ་ ཁྲིད་ལ་སྣེ་ཁྲིད་པ།
ང་ཚོ་བོད་ཀྱི་རྨང་གཞིའི་སློབ་གསོའི་སྐད་གཉིས་སློབ་ཁྲིད་ནི་རྗེས་ལུས་དང་དྭ་ཕྲུག་གི་ གནས་སུ་མི་ལྷུང་བར་གོང་དུ་དབུ་ཁྲིད་པའི་སྐད་གཉིས་སློབ་ཁྲིད་ཅིག་དགོས་པ་ནི་བོད་ཡུལ་དུ་སྐད་གཉིས་སློབ་ཁྲིད་ཀྱི་མ་ལག་ཆ་ཚང་བསྐྲུན་པའི་ཆ་རྐྱེན་ཡིན། ཁྲོའོ་ཞན་མི་རིགས་ལ་མཚོན་ན་སློབ་ཆུང་ནས་སློབ་ཆེན་དང་། སྤྱི་ཚོགས་སུ་སྐད་གཉིས་སློབ་ཁྲིད་ཀྱི་མ་ལག་ཆ་ཚང་ཡོད་པས་མི་རིགས་དེའི་སློབ་གསོ་དང་དཔལ་འབྱོར་ཐད་འཕོ་འགྱུར་རླབས་པོ་ཆེ་བྱུང་ཡོད། མཐོ་རིམ་སློབ་གྲྭའི་སྐད་གཉིས་སློབ་ཁྲིད་ཀྱིས་སྐད་གཉིས་ཚད་ལྡན་གྱི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱས་ཏེ་ཕྱིར་སྤྱི་ཚོགས་དང་གཞི་རིམ་སློབ་གྲྭར་མངགས་ནས་རྨང་གཞིའི་སློབ་གསོའི་སྐད་གཉིས་སློབ་ཁྲིད་སྤེལ་བར་དཔུང་སྡེ་འཛུགས་པ་དང་། མཐོ་རིམ་སློབ་གྲྭའི་སྐད་གཉིས་དགེ་སློབ་རྣམས་ཀྱིས་གཞན་གྱི་ཚན་རྩལ་རིག་གནས་བོད་ཡིག་ཏུ་བསྒྱུར་བར་སྣེ་ཁྲིད་མཛད་དེ་རྨང་གཞིའི་སློབ་གསོའི་སྐད་གཉིས་ཁྲིད་དེབ་ཆ་ཚང་བར་བསྐྲུན་དགོས།
དྲུག་པ། སྐད་གཉིས་སློབ་ཁྲིད་དུ་གནས་པའི་དཀའ་ཁག་དང་གནད་དོན།
༡ བོད་ཡུལ་གྱི་སྐད་གཉིས་སློབ་ཁྲིད་སྤེལ་སའི་སློབ་གྲྭའི་སྒྲིག་གཞི་ཆ་ཚང་མིན་པ་དང་། སྐད་གཉིས་དགེ་རྒན་གྱི་དཔུང་སྡེ་ཞན་པ། སློབ་མའི་སྐད་གཉིས་ཆུ་ཚད་དོ་མི་མཉམ་པ། སྐད་གཉིས་སློབ་ཁྲིད་སྐོར་གྱི་ཆེད་མཁས་པ་དཀོན་ལ་རིག་གཞུང་གིས་སྟོང་བ་སོགས་ཀྱི་གནད་དོན།
མིག་སྔར་བོད་ཁུལ་དུ་སྐད་གཉིས་སློབ་ཁྲིད་སྤེལ་སའི་སྒྲིག་གཞི་ཆ་ཚང་བ་ཞིག་མེད་ལ། ལྷག་ཏུ་ཐབས་ལམ་རིགས་དང་པོ་བཀོལ་བའི་སློབ་ཆུང་ནས་སློབ་འབྲིང་དང་། སློབ་ཆེན་བར་ཆ་ཚང་བའི་མ་ལག་མེད་པ་དང་། སྐད་གཉིས་མི་སྣ་གསོ་སྐྱོང་བྱེད་སའི་སློབ་ཆེན་དེ་བས་ཉུང་བས་གཞི་རིམ་དུ་སྐད་གཉིས་དགེ་རྒན་ཤིན་ཏུ་དཀོན་ལ། ཡོད་པ་དག་ལས་ཆེད་ལས་དགེ་རྒན་མིན་པ་དང་སྐད་གཉིས་ཆུ་ཚད་ཞན་པ་ཤིན་ཏུ་མང་། སྤྱིར་བོད་ཀྱི་དགེ་རྒན་ཀྱི་ཆུ་ཚད་ཞན་པ་དེ་སློབ་གསོ་འཕེལ་བའི་གེགས་ཆེན་པོ་ཡིན་ལ། དགེ་རྒན་གྱི་ཆུ་ཚད་དེས་སློབ་མའི་སྐད་གཉིས་ཆུ་ཚད་དོ་མི་མཉམ་པ་དང་འབྲེལ་ཡོད་ཁྲིད་ཡིག་དཀོན་པས་གནད་དོན་སོགས་བྱུང་ངོ་། །
༢ སྐད་གཉིས་སློབ་ཁྲིད་ཀྱི་གོ་རྟོགས་ཞན་པ། རྒྱབ་སྐྱོར་དམན་པའི་གནད་དོན།
མིག་སྔར། བོད་ཡུལ་གྱི་ས་ཆར་ལ་ལར་སྐད་གཉིས་སློབ་ཁྲིད་ཐད་ཀྱི་གོ་རྟོགས་ཟབ་མོ་མེད་པ་མ་ཟད། དེའི་དགེ་མཚན་དང་འབྲས་བུ་གང་འདྲ་ཡིན་པ་མང་པོས་དཔོག་གིན་མི་འདུག་ལ། སློབ་གྲྭ་རེ་འགས་ད་དུང་ཡིད་ཆེས་དམ་དུམ་ངང་སྐད་གཉིས་སློབ་ཁྲིད་ཀྱི་ཚོད་ལྟའི་ལས་ལ་འཇུག་བཞིན་དུས་ཚོད་ལམ་ནས་ཟད་ཅིང་བྲོ་ཁ་རུམ་ནས་ཚར་བའི་རྗེས་སུ་ལྡོག་གྱིན་ཡོད། མང་ཚོགས་ལྟ་ཅི་སློབ་གསོའི་ལས་དོན་པ་ཡང་རྨོངས་པའི་དྲ་རྒྱར་ཚུད་པས་རྒྱབ་སྐྱོར་བྱེད་མཁན་གང་ནས་ཡོང་། ད་དུང་། མི་རིགས་ས་གནས་ཀྱི་མགོ་ཁྲིད་དང་ལས་དོན་པ་རེ་འགས་རང་གི་དབང་ཆུང་ཆུང་དེའི་ང་རྒྱལ་གྱི་དབང་གིས་སློབ་གསོའི་ཆོས་ཉིད་དང་མི་རིགས་ཀྱི་འཕེལ་རྒྱས་མ་བསམ་པར་རང་སྣང་གང་ཤར་གྱིས་སློབ་གསོ་དང་སློབ་ཁྲིད་ལ་ཁ་ལོ་དང་བཅོས་བསྒྱུར་བྱེད་པ་རེད།
༣ སྐད་གཉིས་སློབ་ཁྲིད་ཀྱི་རྒྱ་བོད་སྐད་གཉིས་ཀྱི་གཙོ་ཕལ་གྱི་གནད་དོན།
མིའི་རིགས་ཀྱི་ཤེས་རྟོགས་ཆོས་ཉིད་དང་མཐུན་ཞིང་སློབ་གསོའི་ཕན་འབྲས་བཟང་བའི་ཐབས་ལམ་དང་པོའི་སྐད་གཉིས་སློབ་ཁྲིད་ནི་གྲངས་དངོས་རྫས་གསུམ་དང་ཆབ་སྲིད། ལོ་ རྒྱུས། ས་ཁམས་སོགས་བསླབ་ཚན་མང་པོ་བོད་སྐད་ཡིག་ལམ་ནས་ཁྲིད་པ་དང་དེའི་ཁར་རྒྱའི་སྐད་ཡིག་ཁྲིད་པའི་སློབ་ཁྲིད་ཐབས་ལམ་ཡིན་པ་དང་། འདི་ལས་བོད་རྒྱ་སྐད་ཡིག་གཉིས་ལ་གཙོ་ཕལ་ཕྱེ་བ་མ་ཡིན་པར་མི་རིགས་སློབ་གྲྭའི་རང་བྱུང་ཚན་རིག་སོགས་ཁྲིད་བྱེད་ཀྱི་སྐད་བརྡ་ལ་གོ་བ་ཡིན་པས། བོད་ཀྱི་ས་ཁུལ་ནས་བོད་ཡིག་གཙོ་དང་། སྤྱི་ཚོགས་ཀྱི་དགོས་མཁོ་དང་རིག་གཞུང་གི་བརྗེ་རེས་སོགས་ཀྱི་དོན་དུ་རྒྱ་ཡིག་ལའང་མཐོང་ཆེན་ནན་མོ་བྱེད་དགོས་ཤིང་། བཅའ་ཁྲིམས་ཀྱི་མངའ་ཁོངས་ནས་སྐད་གཉིས་མཉམ་གནས་ཡིན་པས་བོད་ཡིག་མཁོ་མེད་ཀྱི་ལྟ་བ་ལ་དགག་རྒྱག་ཚ་ནན་གཏོང་དགོས།
༤ སྐད་གཉིས་སློབ་ཁྲིད་ཀྱི་བཀོལ་སྤྱོད་དང་འཕེལ་རྒྱས་ཐད་ཀྱི་གཏན་ཕབ་སྲིད་ཇུས་སྐོར་ ཞིག་ལག་ཏུ་བསྟར་གྱིན་མེད།
མི་རིགས་རང་སྐྱོང་བཅའ་ཁྲིམས་ཀྱིས་ས་གནས་ལས་ཤག་དང་སློབ་གྲྭ་སོགས་ནས་སློབ་ གསོ་དང་ཚན་རིག འཕྲོད་བསྟེན། སྒྱུ་རྩལ། ལུས་རྩལ་སོགས་རང་སྐད་ཡིག་གི་ལམ་ནས་དོན་འཁྱོལ་དང་འཕེལ་རྒྱས་གཏོང་བའི་དབང་ཆ་དང་སྲིད་ཁྲིམས་མང་པོ་བྱིན་ཡོད་མོད། མང་པོ་ཞིག་དོན་དུ་སྨིན་བཞིན་མི་འདུག་པས་སྐད་གཉིས་སློབ་ཁྲིད་ཀྱི་བགྲོད་ལམ་ཇེ་དོག་ཏུ་ཕྱིན་འགྲོ།
༥ སྐད་གཉིས་དགེ་རྒན་ཟབ་སྦྱོང་བྱེད་སའི་ཁོར་ཡུག་དང་གོ་སྐབས་ཉུང་བ།
སྤྱིར་རྒྱལ་ཁབ་ཀྱིས་མི་རིགས་སློབ་གསོར་མཐོང་ཆེན་དང་རྒྱབ་སྐྱོར་བྱེད་མོད། མི་རིགས་ས་ཁུལ་དུ་ཐབས་ལམ་རིགས་དང་པོ་སྤེལ་བའི་སློབ་གྲྭ་ཉུང་བ་དང་སྐད་གཉིས་མཁྱེན་པའི་ཆེད་མཁས་པ་དཀོན་པ་སོགས་ཀྱིས་རྐྱེན་བྱས་མི་རིགས་ས་ཁུལ་གྱི་སྐད་གཉིས་དགེ་རྒན་རྣམས་ལ་ཟབ་སྦྱོང་བྱེད་པའི་གོ་སྐབས་ཤིན་ཏུ་ཉུང་།
བདུན་པ། སྐད་གཉིས་སློབ་ཁྲིད་ཀྱི་བགྲོད་ལམ་དུ་ཡང་དག་པར་འགྲོ་བར་བསམ་གཞིགས་བྱེད་པ།
སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་སྟབས་དང་སྲིད་ཇུས་བཟང་བོའི་འོད་སྣང་དང་འགྲོགས་ནས་ང་ཚོ་བོད་ཀྱི་སློབ་གསོའི་ལས་དོན་ཐད་སྔར་ལས་ལྷག་པའི་འཕེལ་རྒྱས་བྱུང་ཡོད་མོད། སློབ་ གསོའི་མགོ་ཁྲིད་ཀྱི་སློབ་གསོའི་གོ་རྟོགས་དམའ་ཞིང་མི་དམངས་མང་ཚོགས་ཀྱི་བསམ་བློའི་ཆ་རྐྱེན་ཞན་པ། སྤྱི་ཚོགས་ཁོར་ཡུག་གི་རྒྱབ་སྐྱོར་དམན་པ་བཅས་ཀྱི་རྐྱེན་བྱས་ནས་བོད་ཡུལ་གྱི་སློབ་གསོ་གཞན་ལས་རྗེས་ལུས་ཡིན་པ་སྤྱི་ཚོགས་འཚོ་བ་དང་འདས་ཟིན་ལོ་རྒྱུས་ཀྱིས་བདེན་དཔང་བྱས་འདུག ཁྱད་པར་དུ་སྐད་གཉིས་སློབ་ཁྲིད་ཀྱི་རྨང་གཞིའི་གོ་རིམ་ཅུང་ཙམ་ཆགས་རུང་མ་ལག་ཆ་མི་ཚང་བ་དང་སྤུས་ཚད་ཞན་པ། ངོས་འཛིན་མི་དག་པ། དགེ་རྒན་གྱི་བྱང་ཚད་དམན་པ་བཅས་ཀྱི་མི་འདང་ས་མང་པོ་ཡོད་ཀྱང་འདི་དག་ནི་སྐད་གཉིས་སློབ་ཁྲིད་ཀྱི་ལོ་རྒྱུས་ཀྱི་འཕེལ་རིམ་ཡིན་པས་ང་ཚོ་ཡིད་ཆེས་དམ་དུམ་ངང་མི་གནས་པར་སྐད་གཉིས་སློབ་ཁྲིད་ཀྱི་ལམ་དུ་བློ་བརྟན་འགྱུར་མེད་ཀྱིས་མདུན་གྱི་དཀའ་ཁག་མང་པོ་ཐབས་དང་དཀའ་བས་སེལ་ནས་ཆས་དགོས།
ཡིན་ཡང་སྐད་གཉིས་སློབ་ཁྲིད་ཀྱི་རྩ་བའི་ཐབས་ལམ་གཉིས་ལས་གང་དུ་བགྲོད་པར་ང་ ཚོས་རྒྱུན་དུ་བསམ་གཞིགས་གནད་ཐིངས་བྱེད་དགོས་སྟེ། ཡང་དག་པའི་སློབ་གསོའི་ལམ་ནི་མི་རིགས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་ལམ་གལ་ཆེན་ཡིན་ཏེ། གལ་ཏེ་རང་མི་རིགས་ལ་ཡང་དག་པའི་སློབ་གསོའི་ལམ་ཆེན་ཞིག་ཡོད་ཚེ་མི་རིགས་རང་ཉིད་སྟོབས་དང་ལྡན་པ་ཞིག་ཏུ་འགྱུར་བར་ཐེ་ཚོམ་ཡེ་ནས་མེད། མིག་སྔར་མཚོ་སྔོན་དང་ཀན་སུའུ། སི་ཁྲོན་བཅས་ཀྱི་བོད་ཀྱི་སློབ་གྲྭ་འགའ་ཞིག་ཏུ་སྐད་གཉིས་སློབ་ཁྲིད་ཀྱི་རྩ་བའི་ཐབས་ལམ་གཉིས་ལས་ཐབས་ལམ་དང་པོ་སྤེལ་ན་གྲུབ་འབྲས་བཟང་བ་ར་སྤྲོད་བྱས་ཟིན་ཏེ། དེ་ནི་བོད་རིགས་སློབ་མར་རང་གི་ཕ་སྐད་ཀྱི་བག་ཆགས་ཟབ་ཅིང་རྨང་གཞི་བཟང་བས་ཆུང་དུས་ནས་རང་བྱུང་ཚན་རིག་སོགས་རང་སྐད་ཡིག་གིས་ཁྲིད་ན་ཧ་གོ་སླ་ཞིང་རྒྱུད་ལ་འབྱོར་སླ་བ་མ་ཟད་སྦྱངས་འབྲས་ཀྱང་ལེགས་པ་ཡིན་ལ། འགྲོ་བ་མིའི་ཤེས་རྟོགས་ཀྱི་ཆོས་ཉིད་དང་སློབ་གསོའི་ངོ་བོ་དང་ཡང་ཡོངས་སུ་མཐུན་པ་ཡིན་པ་དང་། ཕ་སྐད་ནི་མི་ཞིག་མའི་མངལ་ནས་ཐོན་པ་ནས་བཟུང་རྣམ་ཤེས་སུ་སིམ་ཡོད་ལ། འཚོ་བའི་བར་གསེང་ཀུན་ཏུ་འབྲེལ་འདྲིས་བྱེད་པའི་སྐད་བརྡ་དང་པོ་དང་གཙོ་དམ་པ་ཡིན། བོད་ཀྱི་ཁོར་ཡུག་ནས་གཉོམ་ལག་རྒྱས་ཤིང་བོད་སྐད་མ་གཏོགས་མི་གོ་བའི་བོད་ཕྲུག་རྣལ་མ་དག་གིས་ཐོག་མར་ཕ་སྐད་སྦྱངས་སླ་ཞིང་དེ་ནས་ལོ་ན་ཡར་འཕར་བ་དང་སློབ་ནུས་ཡར་ཕྱིན་པ་དང་བསྟུན་ནས་གཞན་ཡིག་སློབ་ན་ལེགས། དཔེར་ན། ལྷ་སའི་སློབ་འབྲིང་ཞིག་ཏུ་ཐབས་ལམ་རིགས་དང་པོ་དང་རིགས་གཉིས་པའི་སློབ་མ་ཡོད་པར། སློབ་གསོ་བརྟག་བྱེད་ཆེད་མཁས་པས་ དམའ་རིམ་གཉིས་པའི་ཐབས་ལམ་རིགས་པོའི་འཛིན་གྲྭ་གཅིག་དང་ཐབས་ལམ་རིགས་གཉིས་པའི་འཛིན་གྲྭ་གཅིག་བདམས་ནས་སོ་སོར་ནང་དོན་གཅིག་པའི་གྲངས་རིག་རྒྱུགས་བླངས་པར། ཐབས་ལམ་རིགས་དང་པོའི་གྲངས་རིག་ཆ་སྙོམས་སྐར་གྲངས་ནི་སོ་བདུན་དང་ཐབས་ལམ་རིགས་གཉིས་པའི་གྲངས་རིག་ཆ་སྙོམས་སྐར་ནི་དགུ་ཡིན། ད་དུང་། རྔ་བ་ཁུལ་ལ་མཚོན་ན་བོད་ཀྱི་སློབ་ཆུང་དང་སློབ་འབྲིང་མང་པོར་ཐབས་ལམ་རིགས་དང་པོའི་སློབ་ཁྲིད་ལམ་ལུགས་སྤེལ་བ་ནས་བཟུང་སློབ་གྲྭར་ཞུགས་ཚད་ཇེ་མང་དང་སློབ་མའི་རྒྱུགས་འབྲས་ཇེ་བཟང་དུ་སོང་ཡོད་དེ། ཐ་ན་འབྲིང་རྒྱུགས་ཀྱི་ཆེས་མཐོ་བའི་སྡོམ་སྐར་དང་ཆ་སྙོམས་སྐར་མ་སོགས་ཀྱང་སྔར་ལས་ཇེ་མཐོ་ཡིན། དེའི་ཕྱིར། བོད་སྐད་གཙོ་དང་རྒྱ་སྐད་ཕལ་བ་ཡིན་པའི་ཐབས་ལམ་དང་པོའི་སློབ་ཁྲིད་སྤེལ་ན་བོད་ཀྱི་རིག་གནས་ཤེས་ཤིང་གཞན་གྱི་རིག་གནས་མཁྱེན་པའི་ཆེད་ལས་མི་སྣ་དང་རྒྱལ་སྤྱིའི་འགྲན་རྩོད་ཀྱི་དོ་ཟླར་ལངས་ཐུབ་པའི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་ཐུབ་པ་དང་། མི་རིགས་ཀྱི་སྲོག་རྩའམ་ཁྱད་ཆོས་མ་བོར་བར་མི་རིགས་གཞན་ལས་སྔོན་ཐོན་རིག་གནས་བསྡུ་ལེན་དང་རང་གི་རིག་གནས་ལེགས་བཅོས་བྱས་ཏེ་དུས་ཀྱི་སྲོག་ཞུགས་པའི་དེང་རབས་བོད་ཀྱི་རིག་གནས་བསྐྲུན་ཐུབ་པ་མ་ཟད། མི་རིགས་ཀྱི་འདུ་ཤེས་དང་དུངས་ཞེན་མ་བོར་བར་བསམ་བློ་གསར་བར་དཔྱོད་ཤེས་བྱེད་ཐུབ་ལ། ཕ་སྐད་གཙོས་པའི་ཐབས་ལམ་དང་པོའི་སློབ་ཁྲིད་ནི་ཕ་སྐད་སློབ་གསོའི་ཆོས་ཉིད་དང་མཐུན་པའི་སློབ་ཁྲིད་ཀྱི་ལམ་ལུགས་ཤིག་ཡིན་པ་མ་ཟད། སློབ་མའི་སྐད་ཆའི་བསམ་གཞིགས་དང་གཏན་ཚིགས་ཀྱི་འཕེལ་རིམ་དང་ཡང་འཕྲོད་པ་ཡིན། གཞན་འཛམ་གླིང་གི་མིའི་རིགས་ཀྱི་སློབ་གསོའི་ལོ་རྒྱུས་ཐད་ནས་གཞིགས་ན། ཕ་སྐད་གཙོས་པའི་ཐབས་ལམ་དང་པོའི་སློབ་ཁྲིད་ནི་ཕན་འབྲས་ཆེས་བཟང་བའི་སློབ་གསོའི་ཐབས་ལམ་ཞིག་ཡིན་པ་ར་སྤྲད་ནས་ཡོད། དེའི་རྐྱེན་གྱིས་ང་ཚོ་བོད་ཡུལ་དུ་སྐད་གཉིས་སློབ་ཁྲིད་ཀྱི་ཕ་སྐད་གཙོས་པའི་ཐབས་ལམ་དང་པོའི་སློབ་ཁྲིད་ཀྱི་བགྲོད་ལམ་དུ་ཆས་རྒྱུ་ནི་བོད་ཡུལ་གྱི་དོན་དངོས་དང་མཐུན་ཞིང་འཕེལ་རྒྱས་ལ་སྨན་པའི་ཡང་དག་པའི་ལོ་རྒྱུས་ཀྱི་ཁ་ཕྱོགས་སུ་བསྐྱོད་པར་འདོད་དོ།།
མཇུག་བསྡུ་བ།
མི་རིགས་ཤིག་གི་ཚེ་སྲོག་ནི་མི་རིགས་དེའི་སྐད་དང་རིག་གནས་ཡིན་པས། མི་རིགས་འདི་ སའི་གོ་ལ་སྟེང་ནས་རང་ངོ་མ་ཤེས་པའི་ནགས་ཁྲོད་ཀྱི་སྤྲེའུ་བཞིན་མི་འགྱུར་བར་བསྐལ་བརྒྱའི་བར་དུ་མིང་དོན་མཚུངས་པར་གནས་དགོས་ན། དུས་རབས་ཀྱི་འཕེལ་འགྲོས་དང་མཐུན་ཞིང་མི་རིགས་ཀྱི་ཚེ་སྲོག་ལ་སྨན་པའི་སློབ་གསོའི་བགྲོད་ལམ་ཡང་དག་ཅིག་ནས་རང་གི་རིག་གནས་རྒྱུན་འཛིན་དང་དར་སྤེལ། ལེགས་བཅོས་བྱེད་དགོས། ང་ཚོ་རྗེས་རབས་པས་འདས་ཟིན་ལོ་རྒྱུས་ལས་ཉམས་མྱོང་འཚོལ་སྡུད་དང་ད་ལྟའི་གནས་བབས་ལ་ངོས་འཛིན་ཡང་དག མ་འོངས་བགྲོད་ལམ་ལ་བསམ་གཞིགས་གནད་ཐིངས་བྱས་ནས་འཛིན་མའི་ཁྱོན་ནས་རང་གི་རུས་རྐང་གིས་རང་གི་བླ་སྲོག་འབྲི་བར་གཞོལ་དགོས་ཤིང་། སློབ་གསོའི་ཐད་ནས་ནོར་འཁྲུལ་དང་ཕམ་ཁ་མྱངས་ཚེ་རང་གི་ལུས་ལ་གཞན་གྱི་སྲོག་ཞུགས་འགྲོ་ལ། རང་གི་རིག་གནས་ཀྱི་ཕོ་བྲང་བདག་པོ་གཞན་གྱིས་རྒྱག་སྲིད། དེར་བརྟེན། རང་ཅག་གིས་བོད་ཡུལ་གྱི་དོན་དངོས་དང་འཚམ་ཞིང་འཕེལ་ཕྱོགས་དང་མཐུན་པའི་སྐད་གཉིས་སློབ་ཁྲིད་ཀྱི་བོད་ཡིག་གཙོས་པའི་ཐབས་ལམ་དང་པོའི་སློབ་ཁྲིད་ལེགས་པར་སྤེལ་ནས་མི་རིགས་སློབ་གསོ་ཡར་རྒྱས་བཏང་སྟེ་གནའ་དེང་ཟུང་འབྲེལ་སྒོས་དེང་རབས་བོད་ཀྱི་རིག་གནས་ཤིག་བསྐྲུན་པ་དང་འཛམ་གླིང་མཁྱེན་པའི་བོད་པ་མང་པོ་སྐྱེད་སྲིང་བྱེད་པར་གཞོལ་དགོས་པར་སྙམ་མོ།།


No comments:
Post a Comment