མེ་ལྕེ།
བོད་ཀྱི་སྐད་ཡིག་འདི་ལོ་ངོ་ག་ཚོད་ལ་གནས་ཐུབ་རྒྱུ་རེད་ཨང་། དྲི་བ་འདི་ཀོ་སྤྱི་ལོ་༢༠༡༣ལོའི་དགུན་ཁར་མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ལགས་ནུབ་བྱང་མི་རིགས་སློབ་ཆེན་དུ་འཆད་ཁྲིད་ལ་ཕེབས་ནས་དེ་གའི་དགེ་སློབ་སྐོར་ཞིག་ལ་བཏོན་པའི་དྲི་བ་ཞིག་རེད། དྲི་བ་འདི་ནི་ཚན་རིག་པས་སའི་གོ་ལའི་ཚེ་ཚད་ལོ་ངོ་ག་ཚོད་ཡིན་པ་དང་། ཆོས་ལུགས་པས་བསྟན་པའི་གནས་ཚད་ལོ་ངོ་ག་ཚོད་ཡིན་པ་ལྟ་བུའི་དྲི་བ་བརྗིད་པོ་དང་ཆེན་པོ་དང་རྫིག་པོ་དེ་འདྲ་མ་ཡིན་ནའང་། མི་རིགས་ཤིག་གི་ཆགས་འཇིགས་དང་ལས་དབང་གི་ངོས་ནས་བཤད་ན། དྲི་བ་འདི་ཡང་སྤྱིར་བཏང་བའི་དྲི་བ་ཞིག་མ་རེད། རང་ག་བའི་དྲི་བ་ཞིག་མ་རེད།
ཁོང་གི་དྲི་བ་འདི་རྣ་བའི་བུ་གར་འཛུལ་བ་ནས་བཟུང་བ་དག་ནི་རང་དབང་མེད་པར་འདང་རྒྱག་ནང་ལ་ལྟུང་བ་དང་། ལན་རེར་ཤ་གསེང་རུས་གསེང་ནས་གྲང་འདར་རྒྱག་རྒྱུ་འོང་ལ། སྐབས་རེར་བྲང་ཁོང་གི་སྙིང་ཁོང་ནས་ཙག་ཤད་རྒྱུག་པར་བྱེད་དོ།། ཡང་ལན་རེར་རང་གིས་རང་ལ་ཚ་འདྲི་བཏང་བ་ཡིན་ལ། སྐབས་རེར་རང་དང་གཞན་ལ་ལེ་འདེད་བྱེད་པའོ།།
"བོད་ཀྱི་སྐད་ཡིག་འདི་ལོ་ངོ་ག་ཚོད་ལ་གནས་རྒྱུ་རེད་ཨང་།" རང་རེའི་དཔྱོད་ཡངས་ཤེས་ལྡན་དག་གིས་དྲི་བ་འདི་ལ་བསམ་བློ་འཁོར་མྱོང་ཡོད་དམ། མི་སེར་དཀྱུས་མ་རྣམས་ཀྱིས་གནད་དོན་འདི་ལ་སེམས་ཁྲལ་བྱེད་མྱོང་ཡོད་དམ།
ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ལགས་ཀྱི་དྲི་བ་དེ་གའི་ཞོར་དུ་གཤམ་གྱི་ཆ་འཇོག་དག་ཀྱང་ངང་གིས་ཐོན་འོང་སྟེ། གལ་ཏེ་བོད་ཀྱི་སྐད་ཡིག་གིས་ཚེ་ལོ་ལྔ་བཅུ་མ་གཏོགས་མ་ཐུབ་པ་ཡིན་ན། གལ་ཏེ་དབྱངས་གསལ་སོ་བཞིས་ཚེ་ལོ་བརྒྱ་མ་གཏོགས་མ་ཐུབ་ཚེ། ཡང་གལ་ཏེ་མི་རབས་གཅིག་གི་གཞུག་ནས་བོད་ཀྱི་སྐད་ཡིག་གི་དབུགས་ཀྱི་རྒྱུ་བ་རྩད་ནས་འགགས་སོང་བ་ཡིན་ན། གལ་ཏེ་མི་ཐོག་གཉིས་ཀྱི་རྗེས་སུ་ཀ་ཁ་སུམ་ཅུའི་མཛེས་སྡུག་ཤུལ་མེད་རྗེསམེད་དུ་གྱུར་སོང་ཚེ། ཆ་འཇོག་འདི་མུ་ནས་མུར་བྱེད་དཀའ་བར་གྱུར། དངོས་གནས་དེ་ལྟ་བུའི་སྐབས་ཤིག་ལ་སླེབ་རྒྱུ་ཡོད་ཚེ། བདག་ཅག་གིས་ནམ་ལངས་ན་ས་རུབ་ན། མི་རིགས་མི་རིགས་ཞེས་པ་དང༌། རིག་གནས་རིག་གནས་ཞེས་པ་དང་། ཕ་ཁང་ཕ་གཞིས་ཞེས་པ་དེ་ལའང་སྙིང་པོ་ཅི་ཞིག་ཡོད་ཨང་།


No comments:
Post a Comment