རྒྱ་འདི་རྩིས་ལ་མཁས་པ་ཡིན་ནམ་ཅི། ལོ་རེ་བཞིན་སོ་སོའི་ལས་དོན་གྱི་ཁྱབ་ཁོངས་ལ་སྡོམ་རྒྱག མཁས་པ་དག་སྡོམ་རྒྱག་པའི་ལས་ལ་འཇུག བཟོ་བ་དག་སྡོམ་རྒྱག་པའི་ལས་ལ་འཇུག ཐ་ན་ཞིང་བ་ཚུན་ཆད་ཀྱང་སྡོམ་རྒྱག་པའི་ལས་ལ་འཇུག རང་གི་བྱ་བའི་གྲུབ་འབྲས་ལ་སྡོམ་རྒྱག གཞན་གྱིས་ཅི་བྱས་ཐམས་ཆད་ཀྱང་སྡོམ་དུ་འགོད། རྒན་པ་དག་འདུས་ནས་རང་གཞན་གྱི་ལས་ལ་སྡོམ་རྒྱག གཞོན་པ་རྣམས་འཛོམས་ནས་ཕྱི་ནང་གི་ལས་ལ་སྡོམ་རྒྱག སྲིད་ཀྱི་ལངས་ཕྱོགས་ནས་ཚོང་གི་རྒྱུ་ལམ་ཐམས་ཅད་ལ་སྡོམ་རྒྱག དཀར་ནག་གི་རྒྱ་རིམ་པ་མང་པོ་བཟོས་ཏེ། སོ་སོའི་དགའ་སྐྱོ་ཆགས་སྡང་གི་གཏམ་ལ་བསྲེས་ཏེ། གཞན་གྱི་འདུ་བྱེད་ཐམས་ཅད་སྡོམ་དུ་འགོད་པ་ལ་རྒྱ་མི་ལས་མཁས་པ་ས་སྟེང་ན་མི་འདུག་སྙམ་པ་ཞིག་རང་བཞིན་ངང་གིས་འབྱུང་མོད། ཞིབ་ཏུ་དཔྱད་ན། འདི་འབའ་ཞིག་ཁོ་ཚོ་བདེན་སྙམ་པ་རྙེད་དུ་དཀའ་བས། རྒན་མོའི་གོ་གཏམ་འབའ་ཞིག་གིས་སྲིད་པའི་འཇུག་ལྡོག་ལ་གོ་འབྱེད་པ་མི་སྲིད།
རང་རེ་རྣམས་ཀྱང་རྐྱེན་དེ་ལ་གཞི་བྱས་པ་ཡིན་ནམ་ཅི་ཆ། ཡི་གེའི་རོལ་རྩེད་ཚུན་ཆད་ལ་སྡོམ་བརྒྱབ་ནས་དུས་དེབ་དང་དྲ་རྒྱ་སྣ་ཚོགས་སུ་འགོད་ཅིང་། རིགས་སུ་མཐུན་པ་ཐམས་ཅད་ཀྱིས་ལེགས་ཉེས་བཟང་ངན་གྱི་དཔྱོད་པ་ཏིལ་ཙམ་མེད་པར་ཁྱབ་སྒྲོག་བྱེད། རང་རེའི་ཨ་མ་ནང་སྐོར་གྱི་ལས་འདི་གཞུང་གི་དཔོན་ངན་ལམ་ལུགས་དང་ཤིན་ཏུ་འདྲ་མོད། དེ་ཟེར་བ་ཐམས་ཅད་རིས་སུ་བཀར་ནས་ལོགས་སུ་བཙིར་ཏེ། ཁྱོད་ལ་དབང་དང་དཔུང་མེད་ན་སྨྲ་བའི་སྒོ་བསྡམས་རོགས་ཞེས་གམ་ནས་སྡིགས་འཛུབ་ཀེར་བ་དང་རིང་ནས་འཕྱ་དམོད་བྱེད་ལ་ཐེ་ཚོམ་མེད། མྱོང་བ་དེ་དང་དེ་ལྟ་བུ་དག་ཁོ་བོ་བདག་ལའང་ཡོད་པ་ཡིན་མོད། གོང་གི་རྒྱལ་བོའི་བཀའ་ལ་འགལ་དོགས་དང་འོག་གི་སྤྲང་བོའི་ལམ་ལ་གནོད་དོགས་སོགས་རྣམ་རྟོག་ཐམས་ཅད་བདུད་དུ་བབས་ན་རང་ཡང་གཏམ་བདེན་པ་སྨྲ་བའི་སྐབས་མེད་པ་འདི་བསམ་ནས། དྲང་བོའི་ལམ་དུ་འཇུག་པ་ཡིན།
ཉེ་བའི་ལོ་འདི་དག་ནི་འཕྲལ་གྱི་ཁེ་ལ་ཕུགས་ཀྱི་རྩིས་གཏོང་བའི་སྐབས་ཤིག་ཡིན་སྣང་། གཞུང་ན་སོ་སོའི་དཔོན་གནས་དང་དབང་ཟིལ་ལ་རྩོད་ཅིང་། དྲང་བོའི་ཁྲིམས་དང་བཟང་བོའི་སྲོལ་ཐམས་ཅད་ཉམ་ཆུང་རྣམས་འཇུག་པའི་སྒོ་འབའ་ཞིག་ཏུ་བཤད། དཔོན་སའི་འཕར་ཆག་ཙམ་ནི་སོ་སོའི་རིན་ཐང་དང་མི་འབྲེལ་གྱི་ཚད་དུ་བྱེད། སུ་དཔོན་གནས་མཐོ་བ་དེ་དགྲ་བོ་ཡིན་ཡང་ངོ་སོ་བསྟོད་ཅིང་གྲོགས་སུ་སྦྲོན། སུ་དཔོན་གནས་མེད་པ་དེ་སྤུན་མཆེད་ཡིན་ཡང་ངོ་མཚང་འདྲུ་ཞིང་རྒྱང་དུ་བཀྱེད། གྲལ་རིམ་ནང་ཁུལ་གྱི་བློ་མཐུན་དག་ནི་དཔུང་དུ་བསྡེབས་ཤིང་གཅིག་ཏུ་བསྒྲིལ་དགོས་པ་ཡིན་མོད། ཁོ་ཚོས་རང་གི་ཁེ་ལ་ནང་གི་རྩིས་གཏོང་བ་ཡིན་པས། དེ་འདྲའི་སྐབས་ཙམ་ཡང་བྱུང་མ་མྱོང་ཞེས་ནུབ་ཀྱི་མཁས་པ་དག་གསུང་བ་དོན་ལ་གནས་ཨང་སྙམ། དབང་ཕྲན་ཙམ་མེད་པ་དེ་དག་ཀྱང་དམངས་ཀྱི་གོང་ན་དཔའ་ཞིང་། གཞུང་གི་ལས་བྱེད་ཅེས་པའི་མིང་ཙམ་ཡང་དབང་ཆ་ཡ་མེད་དུ་རློམ་ནས་རང་གིས་རང་སྦྲིད་ཅིང་འཐོམ་པར་བྱེད། འདི་ལ་དབང་ཆའི་རློམ་པ་ཟེར་ཞིང་། ལམ་ལུགས་འདིའི་ནང་གི་མི་དག་ལ་ཞོར་སྐྱོན་འདི་ཉིད་མི་མངའ་བ་གཅིག་ཀྱང་རྙེད་དཀའ་ཞེས་ཧ་ཡེ་ཁུ་ལགས་གསུང་ཞིང་། དོན་ལའང་དེ་བཞིན་འདུག སེམས་ཁམས་འདི་ཉིད་དྲ་འབུ་ཚུན་ཆད་ལ་མངའ། འཕྲལ་གྱི་ཁེ་ལ་རང་གི་འདོམས་ཚུན་ཆད་སྟོན། ངུ་བ་དང་སྨྱོ་བ་དང་སྤྱོ་བ་སོགས་མི་འཁྲབ་པ་གཅིག་ཀྱང་མེད། བྱིས་པ་ལྟ་བུའི་ཨ་མཚར་གྱི་སེམས་ཁམས་དེས་དམངས་ཐམས་དེ་དག་ལྟ་ཞིང་། ཉིན་མཚན་དུས་དྲུག་ལ་དེ་དག་གི་སྨྱོ་རྟགས་གཟའ་རྟགས་ཐམས་ཅད་གཏམ་དུ་བྱེད། དེ་ལ་བསྡུས་པའི་མི་གྲངས་སུ་མང་ལ་གཞིགས་ཏེ། ཁོ་ཚོས་རང་ཉིད་ལ་དྲ་དཔོན་ཞེས་པའི་མིང་ཞིག་བཏགས་ཤིང་། དེ་ཉིད་གཟི་བརྗིད་ཀྱི་ཚད་དུ་བྱེད། མེས་པོས་བཞག་པའི་རྩིས་ཐང་དང་རུས་པ་ཐམས་ཅད་ཐལ་བའི་རྡུལ་བཞིན་འདོར། ངོ་ཚ་དང་བག་ཡོད་དག་ནི་འཇིག་རྟེན་ཕྱིན་ཅི་ལོག་པ་ཞིག་ཏུ་བལྟ། ཁྲིམས་ལ་མི་གནས་ཤིང་སྲོལ་ལ་མི་བརྩི་བའི་མ་རབས་ཀྱི་སྤྱོད་པ་འདི་དག་ནི་དཔལ་ཡོན་མེད་པའི་ཡུལ་དུ་དར་ཞེས་ཤེས་ནས་སྨྲ་བ་དག་ལེགས་པར་འདོམས། མི་རྣམས་ཀྱི་ཀུན་གཞིའི་ངོས་ན་འདི་དང་འདི་ལྟ་བུ་གདོད་མའི་སྤྱོད་པ་སྣ་ཚོགས་པ་ཡོད་མོད། བླངས་པའི་ཡུལ་དུ་མ་བྱེད་ཅེས་མཁས་པ་དག་ཡང་ཡང་གསུངས། ཀུན་གཞིའི་ངོས་ཀྱི་མི་དགེ་བ་འདི་དག་གཞོམ་པ་ལ་གནའ་དེང་མཁས་པ་མང་པོས་སོ་སོའི་དགོངས་པ་རྩལ་དུ་བཏོན་ནས་ལེགས་པར་བཤད་པའི་དེབ་མང་དུ་བརྩམས། ནུབ་ཀྱི་དཔལ་ཡོན་ཐམས་ཅད་དེ་དག་གིས་གདམས་པའི་ལེགས་ཉེས་བླང་དོར་དང་རང་གི་སྤྱོད་པ་ཚུལ་བཞིན་དུ་བསྐྱངས་པས་བྱུང་། མེས་པོ་གནམ་གྱིས་ས་བཀབ་པ་ལྟ་བུ། གསེར་རིའི་ཕྲེང་བ་མཚར་དུ་དངར་བ་ལྟ་བུ་དག མཐོན་པོ་གངས་ལ་འགྱིང་བའི་སེང་གེ་སྲབ་མེད་པ་ལྟ་བུ་དག་བཞུད་པའི་ཤུལ་དུ། རང་རེ་ནི། ཕ་ཐང་དཀར་རྒོད་པོ་ཞིག་ལ། བུ་ཁྭ་ཏ་སྐྱག་གཟན་ཞིག་ཅེས་པ་བཞིན། རྩྭ་ཤུལ་ལ་ལྡུམ་བུ་སྐྱེས་པའི་ཚུལ་ནི་མིག་གིས་མི་བཟོད་པ་ཤ་སྟག་འདུག དེ་དག་ཐམས་ཅད་ཁོ་ཚོ་འབའ་ཞིག་གིས་བཟོས་པའང་མིན་ཏེ། དེ་དག་གི་སྨྱོ་རྟགས་ལ་སྙིང་དམར་གནོན་པའི་ང་ཚོ་སྟེ། ལྟད་མོ་བ་གླེན་པ་དག་གིས་བཟོས་པ་ཡིན། ང་ཚོའི་གླེན་རྟགས་མེད་ན་དེ་དག་གི་སྨྱོ་རྟགས་ཀྱང་གནས་པའི་སྐབས་མེད་དོ།།
སྨྱོ་བ་ལ་ཤེས་ཡོན་ཅན་སྨྱོ་བ་ལས་ཐུ་མེད་དེ། ཤེས་ཡོན་ཅན་གྱིས་སྤྱི་ཚོགས་གང་ཞིག་ལེགས་ཉེས་ཀྱི་ལམ་དུ་ཁྲིད་པ་ལ་གཞན་དྲིང་མི་འཇོག་པའི་ནུས་པ་ཐོན། ཧྥ་རན་སིའི་གསར་བརྗེ་ཆེན་མོ་ཞེས་སྨྱོ་གར་གྱི་ཚད་དུ་འཇོག་པ་འདི་ཡང་། རྒྱུ་མེད་རྐྱེན་དུ་བྱུང་བ་ཞིག་མིན་ཏེ། རུ་སོལ་སོགས་སྟོང་བསམ་གྱི་སྤྱི་ཚོགས་སྐྲུན་མཁན་ཤེས་ཡོན་ཅན་དག་ལ་རག་ལས་པ་དང་། དབང་མཐའ་སྒེར་གཅོད་རིང་ལུགས་ཀྱི་མཐར་ཐུག་ཏུ་འཇོག་པ་ནཱ་ཛིའི་སྲིད་དབང་ཚུགས་པའང་ནུབ་ཕྱོགས་པའི་མཁས་པ་ཆེན་པོ་ཧེ་ཀེལ་སོགས་ཀྱི་བསམ་བློའི་སྨྱོ་འབོག་ལ་འབྲེལ་བ་ཞིབ་འཇུག་ཆེད་མཁས་དག་གསལ་བོར་གསུང་། ཇི་ལྟ་བུའི་སྤྱི་ཚོགས་ཤིག་འབྱུང་བ་ནི་དེ་ལྟ་བུའི་ཤེས་ཡོན་ཅན་གྱི་བསམ་བློའི་ལྟ་གྲུབ་ལ་འབྲེལ་ཡོད་པ་ཚད་མས་གྲུབ། སུ་ཞིག་རང་དབང་དང་ཐོབ་ཐང་ཁྱད་དུ་གསོད་ཅིང་། དབང་ཆ་དང་གོ་གནས་མཆོག་ཏུ་འཛིན་པ་དེས། སུ་ཞིག་སྐྱེས་བུ་སྒེར་གྱི་རྒྱུ་ནོར་གྱི་ཐོབ་ཐང་དང་སྨྲ་བརྗོད་ཀྱི་ཐོབ་ཐང་ལ་རྒོལ་ཞིང་། ཐུན་མོང་དང་གྲལ་རིམ་གྱི་ལྟ་གྲུབ་མཆོག་ཏུ་འཛིན་པ་དེས། སུ་ཞིག་ཁྲིམས་ཀྱི་དབང་སྒྱུར་ལ་མི་གནས་ཤིང་སྐྱེས་བུ་སྒེར་གྱི་ཚེ་སྲོག་ལ་བརྩི་བ་དེས། དཔལ་ཡོན་དང་སྒྲིག་སྲོལ་གཏོར་ནས་སྒེར་གཅོད་དང་བཙོན་ཁང་བསྐྲུན། སྨྱོ་འབོག་གི་བསམ་བློ་དེ་དང་དེ་ལྡན་པ་དག་ནི་རང་གི་སྣང་བརྙན་བསྐྲུན་པ་ལ་མཁས་ཤིང་། མི་གཞི་དང་སྒལ་ཚིགས་སོགས་ཀྱང་ཁོ་རང་གི་རྙེད་གྲགས་བསྐྲུན་པའི་ཐབས་སུ་བྱེད་ཀྱི་རིན་ཐང་གི་ཚད་དུ་མི་འཇོག བློའི་ཤེད་མ་རྒྱས་པ་དག་ནི་དེ་དག་གི་འཁྲབ་སྟོན་བསྟོད་པའི་ཡུལ་དུ་བྱེད་ཅིང་། ནམ་ཞར་ཡང་དེ་ཉིད་འབའ་ཞིག་རླབས་ཆེན་དུ་སེམས། མི་རིགས་དང་ཐུན་མོང་ཁ་ལ་འཁྱེར་ཏེ། སྒྱུ་སྣ་ཚོགས་བྱེད། ཁོ་རང་གང་བསྒྲུབས་པ་ཐམས་ཅད་མི་རིགས་ཀྱི་ཆེད་དུ་ཡིན་པའི་གཏམ་སྒྲོག་པས། ལས་དབང་དམན་པ་དག་ཁ་མཐུན་ཏེ་དེ་ཉིད་འབའ་ཞིག་མཆོག་ཏུ་སྙམ། གང་དུ་ཐུན་མོང་གི་དམིགས་འབེན་མཆོག་ཏུ་འཛིན་པ་དེ་རུ། རང་བཞིན་གྱི་ཀུན་སྤྱོད་དང་སྒྲིག་སྲོལ་གནས་པའི་ཡུལ་མེད་ཅེས་གསུང་བ་བཞིན། གང་དུ་མི་རིགས་ཀྱི་ལས་དོན་ཁ་ལ་འཁྱེར་ཏེ་གཏམ་སྨྲ་བའི་ཡུལ་དུ། རང་དབང་དང་སྒེར་ཚུགས་གནས་པའི་སྐབས་མེད། རང་དབང་དང་སྒེར་ཚུགས་སོགས་ནི་སྐྱེས་བུ་སྒེར་རེ་རེའི་རང་དབང་དང་ཐོབ་ཐང་གཞི་རྩར་བཟུང་བ་ཡིན་གྱི། སྟོང་བསམ་དང་རྨི་ལམ་གྱི་ཁམས་སུ་བསྐྲུན་པའི་བར་སྣང་གི་ཕོ་བྲང་དེ་རུ་ག་ལའོ།། ཤེས་ཡོན་ཅན་གྱིས་ཐུན་མོང་གི་ལས་དབང་ཁ་ལ་འཁྱེར་ཏེ་རྙེད་གྲགས་ལ་ཕྱོགས་པ་གང་དེ་ནི་སྒེར་གཅོད་པའི་འཁྲབ་སྟོན་དང་འདྲ་ཡི་བདེན་པའི་ཡུལ་དུ་མ་བྱེད། རང་དབང་མཆོག་ཏུ་འཛིན་པའི་ཤེས་ཡོན་ཅན་དག་ནི་དབང་ཆ་དང་གྱེས་ཤིང་། རྙེད་གྲགས་ཀྱང་མི་འཚོལ། ཁོ་རང་ཚོས་བདེན་པ་འབའ་ཞིག་འཚོལ། རྒྱུ་འབྲས་ཀྱི་ཆོས་ཉིད་ལ་བརྩི། ཁ་ལག་གོ་མཚུངས་སུ་འཇུག འཆལ་བོའི་འཁྲབ་སྟོན་ལ་མཁས་པའི་ཤེས་ཡོན་ཅན་རེ་གཉིས་ནི། རང་ཉིད་འབའ་ཞིག་མཆོག་ཏུ་འཛིན། སུ་ཞིག་རང་ཉིད་གང་འདོད་པ་དང་དུ་མི་ལེན་པ་མཐར་སྐྲོད་ཅིང་། བསྐུར་བ་འདེབས། དམའ་ཕབ་ཅིང་ངན་པའི་མཐའ་རུ་བཤད། རང་དང་མི་མཐུན་པའི་གཏམ་གཅིག་ཙམ་གོ་བས་ཀྱང་དཔུང་བསྒྲིགས་ནས་གཡུལ་བཤམས། ཆབ་སྲིད་ཀྱི་ཞྭ་མོ་ཚུན་ཆད་བསྐོན། ཉེ་བའི་ལོ་འདི་དག་ལ་རང་རེར་ཤེས་ཡོན་ཅན་འདི་འདྲ་མང་དུ་བྱུང་བས། སྐྱོ་བའི་ཡུལ་ལས་མེད། འདི་ནི་འཇོལ་ཉོག་ཏུ་གྱུར་པའི་སྤྱི་ཚོགས་སྣང་ཚུལ་ལས་ཆེས་ཚབས་ཆེ་ཤོས་དེའོ་བདག་གིས་སྙམ།
ཤེས་ཡོན་ཅན་གྱི་འགན་འཁྲི་ཉག་གཅིག་ནི་གཏམ་བདེན་པ་སྨྲ་བ་དེའོ།། རི་རྒྱ་ཀླུང་རྒྱ་བསྡམས་པའི་ལོ་འདི་དག་ལ་རང་རེའི་ཤེས་ཡོན་ཅན་དག་སྨྲ་བ་བསྡམས་པས། གཏམ་བདེན་པ་ཐོས་པའི་སྐབས་ནི་ཡིད་བཞིན་གྱི་ནོར་བུ་ལེན་པ་ལས་ཀྱང་དཀའ། ཁ་རྒྱལ་མགོ་སྟོང་དུ་གྱུར་པ་ནི་དྲ་ཐོག་གི་དྲ་དཔོན་དུ་འབོད་པ་དེ་དག་གོ། དེ་ཚོས་གང་སྨྲས་པའི་གཏམ་དག་རི་ལུང་གི་ཟོག་རྫི་དང་སློབ་ཆུང་གི་སློབ་མ་ཚུན་ཆད་ཟློ། ཤེས་ཡོན་ཅན་རྣམས་ཀྱང་དེ་དག་གླེང་མོད། སྣང་ཚུལ་དེ་དག་ལ་ཡི་གེ་ན་གཅིག་ཀྱང་མཐོང་དུ་མེད། སྲིད་ཀྱི་འཇུག་ལྡོག་ལ་རང་རེ་རྣམས་གཏམ་བདེན་པ་སྨྲ་བའི་སྤོབས་པ་མེད་ཀྱང་། དྲ་བའི་སྣང་ཚུལ་ལ་ཡི་གེ་ན་གཅིག་ཀྱང་མི་འབྲི་བ་འདི་ཉིད་རྒྱུ་འབྲས་བློ་མིག་ལ་གཞལ་ན་ག་འདྲ་ཡིན་ནམ། ལན་རེར་རང་གི་ངང་ཚུལ་ལ་རང་ཉིད་སྐྱུགས་མེར་བའི་སྐབས་ཀྱང་འབྱུང་། གཅིག་ཏུ་ན། གཞུང་ལུགས་ལ་འཇུག་པ་དོག་པའི་ཁོ་བོས་གཏམ་འདི་ཙམ་སྨོས་པས་བརྔོ་མི་ཐོགས་མོད། རང་གིས་རང་ལ་དྲན་སྐུལ་བའི་ཕྱིར་ན་འདི་ཙམ་མོ།།
ཡིག་ཐོག་གི་རྩོམ་ཡིག་འགྲན་སྡུར་དང་། དྲ་ཐོག་གི་རྡུང་ལེན་འགྲན་སྡུར། ཐང་ཐོག་གི་རྟ་རྒྱུགས་འགྲན་སྡུར་གསུམ་ནི་སྲིད་ཐོག་གི་དཔོན་གནས་འགྲན་སྡུར་བཞིན་ཚ་རླབས་འཕྱུར་བའི་སྐབས་ཤིག་ཏུ་གནས། འདི་དག་མཐོང་བས་རང་རེ་ཡང་འཇིག་རྟེན་ཡལ་བར་དོར་བའི་མི་རིགས་ཤིག་མིན་པ་བདེན་པར་གྲུབ་མོད། ཧམ་སེམས་ཀྱིས་བསྐྱེད་པ་དེ་དག་རང་དབང་དང་ཐོབ་ཐང་སོགས་འཇིག་རྟེན་བདེ་ཐབས་སུ་བསྐོར་ན་ཨེ་མ་ཧོ།། རང་དབང་གི་རྩ་དོན་དང་། ཐོབ་ཐང་གི་སྲུང་སྐྱོབ། ཁྲིམས་ཀྱི་དབང་སྒྱུར་དང་། དབང་ཆའི་དབྱེ་བསིལ་ཐམས་ཅད་ལ་རང་ཅག་ཤིན་ཏུ་རྨོངས། ཐ་ན་རྒྱུ་ནོར་སྒེར་ལ་དབང་བའི་ཐོབ་ཐང་སོགས་ལ་རང་རེ་རྨོངས་ཤིང་རྨོངས་ཏེ། དཔེར་ན། ལོ་འདི་དག་ལ་དཔར་སྐྲུན་ཁེ་ལས་ཅན་དུ་བསྒྱུར་པ་ན། བོད་ཡིག་དཔེ་སྐྲུན་ཁང་སོ་སོས་ལག་སྔ་བརྩད་དེ་དཔར་བསྐྲུན་གྱི་བགྱི་བ་དང་དུ་བླངས་པ་གོ་སྐབས་ལེགས་མོད། རེ་གཉིས་ཀྱིས་རྩོམ་མཁན་ལ་མི་དབང་བའི་དཔེ་ཆ་མང་དུ་དཔར་ཏེ་ཚོང་རར་བཀྲམ་པ་དང་། གང་བཀྲམ་པའི་དཔེ་ཆའི་ཡོང་འབབ་ཚང་མ་ཁོ་ཚོ་རང་གི་ཨམ་ཕྲག་ཏུ་འཇུག ཚུལ་མིན་གྱི་ལས་འདི་དག་ལ་རང་རེའི་རྩོམ་མཁན་དག་ལེགས་གསོལ་ཞུ། རྩོམ་ཐུང་རེ་དུས་དེབ་སྟེང་བཀོད་རྗེས་རྩོམ་སྒྲིག་པར་བཀའ་དྲིན་ཞུ་བའི་བྲན་གཤིས་ལ་ཁོ་བོས་ལོ་ངོ་འགའི་གོང་ནས་གླེང་བ་བཞིན། ངོ་བོ་གཉིས་སུ་མེད་པའི་བྲན་གཤིས་འདི་དག་ནི་རང་རེའི་རྩོམ་མཁན་ཡིན་སྙམ་པ་དག་གི་རྨོངས་པ་ལས་བསྐྱེད་པ་ཡིན། རྙེད་གྲགས་ཀྱི་ཧམ་སེམས་ལ་ཚོད་མེད་པ་དག་གིས་ནམ་ཞར་ཡང་འཕྲལ་གྱི་ཁེ་ལ་ཕུགས་ཀྱི་རྩིས་གཏོང་།
ཅུང་ཙམ་ཉམས་དགའ་བ་ནི། རྒན་གུར་མགོན་ལགས་ཀྱིས་གོ་ལའི་ལོ་རྒྱུས་ཆེན་མོ་བོད་ཡིག་ཏུ་བསྒྱུར་ཏེ་བཀྲམ་པ་དང་། རྒན་འཇམ་དབྱངས་བློ་གྲོས་ལགས་ནས་མིའི་རིགས་ཀྱི་ལོ་རྒྱུས་ཉིང་བསྡུས་སོགས་དེབ་འགའ་བོད་ཡིག་ཏུ་བསྒྱུར་ནས་བཀྲམ་པ་དེའོ།། རིན་ཐང་ལ་འདི་ཉིད་ཆེ་བ་ཡིན་མོད། འགའ་ཞིག་གཞན་ལ་བསྒྱུར་བ་རིན་ཐང་ཆེ་ཞེས་ཨུ་ཚུགས་ཀྱིས་འཇུག་པས་དེ་ལ་རྩོད་པ་སུ་ཞིག་འདོད། གཞན་ཡང་། ལོ་ངོ་མང་པོར་ཡི་གེའི་གོམ་ཁ་མ་བསྒྱུར་པའི་རྒན་ཞོགས་དུང་ལགས་ཀྱིས་ད་ལོ་སྲིད་གཞུང་དང་འབྲེལ་བའི་རྩོམ་རེ་གཉིས་སྤེལ་བ་བཀའ་དྲིན་ཆེ། རང་རེ་ནུབ་ཀྱི་སྲིད་དང་ཁྲིམས་ལ་རྨོངས། འཇིག་རྟེན་གཉེར་བ་ལ་དེ་དག་ཅིས་ཀྱང་མཁོ། ཀུན་གྱིས་ཁ་ལ་འཁྱེར་བའི་རང་དབང་དང་དམངས་གཙོ་མེད་པའི་ཡུལ་དེ་རུ། སྒེར་གཅོད་འབའ་ཞིག་གི་ཁ་དར། སྐྱེས་བུ་སྒེར་གྱི་སྨྲ་བརྗོད་རང་དབང་སོགས་གཏན་དུ་འགོག རིག་གནས་ཐམས་ཅད་ལ་ཉམ་ང་ཆག་འཇིག་འབྱུང་བས། ང་ཚོས་དེ་དག་གི་དགོངས་པ་ངེས་པར་ལེན་དགོས། གྲོགས་མེ་ལྕེ་དང་མེ་སོན་གཉིས་ནས་བསྟུད་མར་འབོལ་རྩོམ་མང་དུ་སྤེལ་བ་ནི་རྗེས་སུ་ཡི་རང་ཞུ་དགོས་པའི་གནས་སུ་ཡོད། ཤེས་ཡོན་ཅན་གྱི་སྙུ་གུ་ནི་སྤྱི་ཚོགས་གང་ཞིག་གི་རྒྱུ་འབྲས་ཀྱི་རྒྱ་མ་ཡིན་པས། ཤེས་ཡོན་ཅན་གྱིས་སྙུ་གུ་འགུལ་བའི་མཚམས་བཞག་པ་དང་། སྤྱི་ཚོགས་གང་དེའི་སྒྲིག་སྲོལ་ཐམས་ཅད་འཇོལ་ཉོག་ཏུ་འགྱུར་པའི་མགོ་བརྩམས་པ་ཡིན།
མདོར་ན། འཇོལ་ཉོག་ཏུ་གྱུར་པ་ཐམས་ཅད་ཀྱི་རྩ་བ་རང་རེ་རྣམས་དཔལ་ཡོན་ལ་རྨོངས་པས་ཡིན། རང་དབང་སྲོག་ཏུ་བྱས་པའི་དེང་རབས་དཔལ་ཡོན་གྱི་རྩ་ལག་ལ་སྦྱངས་པ་མ་སོང་བས། བདེན་རྫུན་ལེགས་ཉེས་ཐམས་ཅད་ཀྱི་རྩ་བ་མི་རྙེད། དེས་ན། སྒྱུ་རྩལ་ཡིན་ནོ་སྙམ་པ་དང་། རྒྱུ་ནོར་གསོག་གོ་སྙམ་པ་སོགས། སྒྱིད་ལུག་དང་ཧམ་སེམས་ཀྱིས་བསྐྱེད་པའི་ལས་ཀ་ཐམས་ཅད་ཀྱི་རྩ་བ་རང་དབང་ལ་གནས་དགོས་པས། རང་དབང་གི་རིག་པ་འཚོལ་བའི་ལམ་ལ་ཞུགས་དང་ཀྱེ།
___________ཞོགས་ལྗང་།
2024/12/31ཉིན།
No comments:
Post a Comment