དང་པོ།
འུ་ཅག་འཚོ་སྡོད་བྱེད་སའི་གོ་ལ་རིལ་མོའི་སྒང་འདིར་མི་དང་མིའི་བར་དང་། མི་དང་རང་བྱུང་ཁམས་བར། མི་དང་སྤྱི་ཚོགས་བར་གྱི་འབྲེལ་བ་བྱུང་བ་དང་བསྟུན་འཐབ་རྩོད་དང་དམག་འཁྲུག མུ་གེ་དང་ནད་ཡམས། བདེ་སྐྱིད་དང་སྡུག་བསྔལ། བདག་དང་གཞན། དགེ་དང་སྡིག ཡག་དང་བཙོག་སོགས་ཀྱི་མིང་བརྡ་བྱུང་ཞིང་། ལོ་རྒྱུས་ཤིང་རྟ་ཆེན་མོའི་འཁོར་ལོའི་རྩིབས་སྟོང་དེ་ནི་མ་གཞི་ནས་གོང་གི་མིང་བརྡ་འདི་དང་འདི་ལྟ་བུ་མང་པོས་གྲུབ་པ་རེད་ཨང་།
ཟུར་གཅིག་ནས་བལྟས་ན་འཇིག་རྟེན་ནི་ཐ་སྙད་དང་མིང་བརྡའི་ཚོགས་ཀྱི་བང་རིམ་ཆེན་པོ་ཞིག་གོ །རྩིབས་མའམ་མིང་བརྡ་ལ་ཤས་ནི་འགྲོ་མིའི་ཡོངས་ཁྱབ་ཀྱི་རིན་ཐང་ལྟ་ཚུལ་ཞིག་ཏུ་ཆགས་ཡོད་པ་སྟེ། དཔེར་ན་རང་དབང་དང་རྩིས་ཐང་དང་དཔའ་རྟུལ་དང་དྲང་གཞག་སོགས་ལྟ་བུ་རེད། ཡང་རྩིབས་མའམ་མིང་བརྡ་ཁ་ཤས་ནི་འགྲོ་མི་ཡོངས་ཀྱིས་ཐན་དང་ངན་དུ་བརྩི་བ་ཤ་སྟག་སྟེ། དཔེར་ན་སྒེར་གཅོད་དང་བྲན་གཡོག་དང་མནར་གཅོད་དང་ཞེ་འཁོན་སོགས་ལྟ་བུ་རེད། ད་ལྟ་ང་ཚོས་གླེང་འགྱུར་གྱི་ལྐོག་ཞུ་ནི་ཕྱི་མའི་རིགས་ཀྱི་རྩིབས་མའམ་མིང་བརྡ་ལ་གཏོགས་པ་ཡིན་ནོ།།
ལྐོག་ཞུ་ནི་མི་བུའི་རང་བཞིན་གྱི་ཆེས་མི་དགེ་བ་དང་ནག་ནོག་གི་ཆ་རེད་ལ། ལྐོག་ཞུ་ནི་མི་བུའི་རྒྱུ་འབྲས་བློ་མིག་རྨང་ནས་འཇོམས་པའི་གཏེ་བོ་ཡང་རེད། གལ་ཏེ་མི་བུ་ཞིག་གིས་ལྐོག་ཞུ་ལ་བརྟེན་ནས་རང་གི་རེ་འདོད་བསྐངས་པ་ཡིན་ན་དེ་ནི་དོན་གྱིས་ཉིད་ཀྱི་རྒྱུ་འབྲས་བཙོངས་ནས་འདོད་པ་བསྐངས་པ་འབའ་ཞིག་རེད་ལ། གལ་ཏེ་སྐྱིད་སྡུག་ཅིག་གམ་ཚོགས་པ་གང་རུང་ཞིག་གིས་ལྐོག་ཞུ་ལ་བརྟེན་ནས་གང་གི་དམིགས་ཡུལ་འགྲུབ་པར་བྱས་ན་དེ་ནི་དོན་གྱིས་བཙན་དྲག་དང་དབང་ཤེད་ཀྱིས་དབང་ཆ་གཅིག་སྡུད་བྱས་པ་འབའ་ཞིག་རེད།
ལྐོག་ཞུ་ནི་མ་རུང་ཐ་ཤལ་གྱི་ལས་ཤིག་ཡིན་པས་ན་སྔོན་བྱོན་སྙན་ངག་མཁན་དང་བསམ་བློ་མཁན། རྩོམ་མཁན་སོགས་གང་མང་གིས་ལྐོག་ཞུའི་སྣང་ཚུལ་ལ་ཟུར་སོ་སོ་ནས་ཟུར་ཟ་དང་མཚང་འབྱིན་བྱས་མྱོང་བ་དང་། ཐ་ན་གནའ་བོའི་ཀེ་རི་སེའི་མཚན་ཉིད་པ་སོ་ཁི་ར་ཐེ་ལགས་ཀྱིས་ལྐོག་ཞུ་པ་ནི་མི་བུ་མ་ཡིན་ནོ་ཞེས་ཀྱང་གསུངས་མྱོང་། དེ་ལྟ་ནའང་མི་བུ་མ་ཡིན་པའི་ “མི་”དེ་དག་རྒྱལ་ཁབ་མི་འདྲ་བ་དང་མི་རིགས་མི་འདྲ་བ་དང་སྤྱི་ཚོགས་མི་འདྲ་བའི་ཁྲོད་དུ་འབུ་སྦྲང་བཞིན་གང་སར་གནས་ཤིང་། མི་བུ་གཞན་ལ་གནོད་པ་དང་འཚེ་བ་དང་གཙེས་པས་འཚོས་ཤིང་འཚོ་བཞིན་ཡོད་པ་རེད།
གཉིས་པ།
ལྐོག་ཞུ་ནི་སྲིད་དབང་སྒེར་གཅོད་དང་བསམ་བློ་སྒེར་གཅོད་གཉིས་ཀྱི་བསྐྱེད་འབྲས་ཤིག་སྟེ། གང་ན་སྲིད་དབང་སྒེར་གཅོད་ཀྱི་ཁ་དར་ན་དེ་རུ་ལྐོག་ཞུ་དར་ཞིང་། གང་ན་བསམ་བློ་སྒེར་གཅོད་ཀྱི་དུད་སྤྲིན་འཐིབས་ན་དེ་རུ་ལྐོག་ཞུའི་རླུང་འཚུབ་འཁོར།
བསམ་བློ་སྒེར་གཅོད་ཀྱི་སྐབས་སུ་ལྟ་ལོག་འདྲི་གཅོད་ཁང་བཙུགས་ནས་གཙོ་རྒྱུགས་བསམ་བློའམ་ཆོས་ལུགས་ཀྱི་ལྟ་ཚུལ་དང་མི་མཐུན་པ་རྣམས་ལྐོག་ཞུ་བྱེད་ཀྱི་ཡོད་ལ། སྲིད་དབང་སྒེར་གཅོད་ཀྱི་སྐབས་སུ་གསང་བའི་ལས་ཁུངས་སམ་བདེ་འཇགས་ལས་ཁུངས་བཙུགས་ནས་སྲིད་ཀྱི་ལྟ་ཚུལ་མི་མཐུན་པ་སྒྲོག་མཁན་རྣམས་ལྐོག་ཞུ་བྱེད་ཀྱི་ཡོད་པ་རེད། བསམ་བློ་སྒེར་གཅོད་ཡིན་ནའང་འདྲ། སྲིད་དབང་སྒེར་གཅོད་ཡིན་ནའང་འདྲ། ལྐོག་ཞུའི་ཞབས་འདེགས་ཞུ་ཡུལ་ནི་ཉག་གཅིག་སྟེ་སྒེར་གཅོད་ཅེས་པ་དེ་རེད།
འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་སྟེང་ལྐོག་ཞུ་ཤིན་ཏུ་དར་བའི་དུས་ནི་དུས་རབས་བར་མའི་ལྟ་ལོག་འདྲི་གཅོད་ཁང་གི་སྐབས་དང་། དུས་རབས་ཉི་ཤུ་པའི་སི་ཏ་ལིན་སྐབས་ཀྱི་སུའུ་ལེན་དང་ཧི་ཐི་ལིར་སྐབས་ཀྱི་ན་ཙི་འཇར་མན། མའོ་ཙེ་ཏུང་སྐབས་ཀྱི་ “རིག་གནས་གསར་བརྗེ་ཆེན་མོ་"སོགས་རེད། ལྟ་ལོག་འདྲི་གཅོད་ཁང་གི་སྐབས་སུ་ཆོས་ཚོགས་ཀྱི་དབང་གྲགས་ལ་རྒོལ་མཁན་དང་བསམ་བློ་མི་མཐུན་པ་རྣམས་ཚར་གཅོད་བྱ་བ་ལ་ལྐོག་ཞུ་པ་ནི་ཆར་ཤུལ་གྱི་ཤ་མོ་བརྡོལ་བ་ལྟར་བྱུང་ཞིང་། དེའི་མཇུག་འབྲས་ལ་ལྟ་ལོག་འདྲི་གཅོད་ཁང་གིས་ “ཉེས་ཅན་”དང་“ལྟ་ལོག་པ་”རྣམས་སྡིག་སྦྱོང་གསོན་སྲེག་བྱས་པའོ། །ཨི་ཐ་ལིའི་མཚན་ཉིད་མཁན་པི་རུའུ་ནོ་ལྐོག་ཞུ་བྱས་པར་བརྟེན་གསོན་སྲེག་བྱས་སོང་ལ། སི་ཕེན་གྱི་སྨན་པ་སར་ཝེ་ཐི་ཡང་ལྐོག་ཞུ་བྱས་པར་བརྟེན་གསོན་སྲེག་བྱས་པ་ཅི་ལ་མིན།
དབྱིན་ཇིའི་ལོ་རྒྱུས་སྨྲ་པོ་ཞིག་གིས་བྲིས་པའི་སི་ཏ་ལིན་སྐབས་ཀྱི་ཆབ་སྲིད་འཚོ་བའི་སྐོར་གྱི་གསུང་རྩོམ་ 《ཤབ་ཤུབ་པ་》ཞེས་པར་སྐབས་དེར་སུའུ་ལེན་གྱི་ལས་བྱེད་མི་སྣའམ་གཞུང་ཞབས་པ་ལྔའི་ཁྲོད་དུ་ལྐོག་ཞུ་པ་གཅིག་གནས་པ་དང་། རྒྱལ་ས་མོ་སི་ཁོ་ཁོ་ནར་དུད་ཁྱིམ་དྲུག་ནས་བདུན་བར་དུ་ལྐོག་ཞུ་པ་གཅིག་འདུག་པར་བཤད། དེ་ནི་དངོས་གནས་སྙན་ངག་མཁན་མན་ཏེལ་སི་ཐམ་(曼德里施塔姆) ལགས་ཀྱིས་བརྗོད་པ་བཞིན་ “སྤྱང་ལྟོགས་ཀྱིས་རི་དྭགས་བདས་པའི་དུས་རབས་”ཤིག་ཡིན་སོང་།
ན་ཙི་འཇར་མན་གྱི་སྐབས་སུ་རྒྱལ་ཡོངས་ཁེབས་པའི་ལྐོག་ཞུའི་དྲ་རྒྱ་ཆེན་པོ་ཞིག་བཟོས་ཤིང་། དེ་རུ་ལྐོག་ཞུ་དང་མྱུལ་མའི་ལས་ཁུངས་མང་པོ་བཙུགས་པ་དང༌། ལྐོག་ཞུ་པ་དང་སོ་པ་གང་མང་སྐྱེད་སྲིང་བྱས་ཏེ་མི་རྣམས་འཇིགས་སྣང་དང་དངངས་སྐྲག་གི་ངང་ནས་འཚོ་བས་མི་ཚད། ལྐོག་ཞུའི་ལམ་ལུགས་ལ་བརྟེན་ནས་དམངས་རྣམས་འཇིགས་སྐུལ་གྱིས་དབང་སྒྱུར་བྱེད་ཀྱིན་ཡོད་པ་རེད།
མེ་མདའ་དང་བྷིར་ལིན་བར་གྱང་ཁོ་ནར་བརྟེན་ཏེ་མང་ཚོགས་ཁ་ལོ་སྒྱུར་གྱིན་པའི་འཇར་མན་ཤར་མ་ལ་མཚོན་ན་མི་འབོར་ཁྲི་ཆིག་སྟོང་བདུན་བརྒྱ་ལས་མེད་ནའང་། རྒྱལ་ཁབ་བདེ་འཇགས་ཅུས་ཏེ། “སི་ཐ་སི་”ཡི་ལས་བྱེད་མི་སྣ་ཁྲི་བཅུ་ལྷག་ལོངས་པ་དང་དེའི་སྟེང་དུ་འབོར་ཆེན་གྱི་ལྐོག་ཞུ་པ་དག་བསྣན་ཚེ་ཕལ་ཆེར་མི་དྲུག་གི་ཁྲོད་དུ་མི་གཅིག་གིས། “སི་ཐ་སི་"རུ་ཞབས་ཞུ་སྒྲུབ་ཀྱི་ཡོད་འདུག འཇར་མན་ཤར་མ་རུ་སྐབས་དེར་མི་བཅུ་ལྷག་འདུས་སྡོད་ཀྱིས་ཁ་བརྡ་ལ་གློད་པ་ཡིན་ན་དེའི་ནང་དུ་མི་གཅིག་གིས་ནི་རྣ་བ་གླགས་ཏེ་ལྐོག་ཉན་དང་ལྐོག་ཞུའི་ལས་ལ་འཇུག་གི་ཡོད་སྐད།
མའོ་ཙེ་ཏུང་སྐབས་ཀྱི་"རིག་གནས་གསར་བརྗེ་ཆེན་མོ་"ཡི་དུས་སུ་ལྐོག་ཞུ་ལ་ཡིན་འཇོག་དང་རྟིང་སྐུལ་གྱིས་ལྷ་འདྲེ་གདོན་བགེགས་དང་གསར་བརྗེ་ངོ་ལོག་པ། མ་རྩ་རིང་ལུགས་ཀྱི་རྒྱུག་ཁྱི་དང་གྲལ་རིམ་དགྲ་བོ་སོགས་སྔོག་འདོན་སྒོས་ཕམ་པར་བརྒྱབ་སྟེ་ལྐོག་ཞུའི་རིག་གནས་ལ་ལམ་ལུགས་ཀྱི་སྟེང་ནས་ཁག་ཐེག་བྱས་པས། བུས་ཕ་བཙོངས་ཤིང་། ཆུང་མས་ཁྱོ་ག་བཙོངས་པ། སློབ་མས་དགེ་རྒན་བཙོངས་པ་སོགས་ཀྱི་སྐྱི་གཡའ་བའི་སྣང་ཚུལ་མང་དུ་བྱུང་ངོ་།།
གསུམ་པ།
ལྐོག་ཞུའི་སྣང་ཚུལ་ནི་གནའ་ནས་ད་བར་དུ་ཡོད་མྱོང་བ་དང་སོ་སོའི་མི་རིགས་དང་སོ་སོའི་རིག་གནས་ཀྱི་དབང་གིས་ལྐོག་ཞུ་པའི་ལས་དབང་ལ་ཡང་འདྲ་མིན་སྣ་ཚོགས་ཡོད་པ་རེད། ལྐོག་ཞུ་པ་སོ་སོ་ལ་ཁྱད་པར་ཆེན་པོ་ཡོད་ནའང་རྩ་བའི་ཆ་ནས་རིགས་གཉིས་སུ་དབྱེ་ཆོག་སྟེ། གཅིག་ནི་གཞན་དབང་དུ་གྱུར་པ་སྟེ་གནད་འགག་གི་སྐབས་སུ་ཕ་རོལ་པོའི་བཙན་དྲག་མ་བཟོད་པར་ལྐོག་ཞུའི་ལས་ལ་འཇུག་པ་དང་། ཅིག་ཤོས་ནི་རང་མོས་རང་འཐད་དེ་བསམ་བཞིན་དང་འདོད་བློའི་དབང་གིས་ལྐོག་ཞུའི་ལས་ལ་འཇུག་པའོ༎
སྤྱིར་ན་བཙན་དང་དྲག་གི་དབང་གིས་ལྐོག་ཞུའི་ལས་ལ་འཇུག་མཁན་དག་ལ་སྙིང་རྗེ་དང་བསམ་ཤེས་ཅུང་བྱེད་ཐུབ་ནའང་། ལྐོག་ཞུ་པ་སྔ་མའི་རིགས་དང་ཕྱི་མའི་རིགས་གང་ཞིག་ཡིན་རུང་ལྐོག་ནས་ཞུ་བ་དང་ལྐོག་ནས་ཉན་པ་དང་ལྐོག་ནས་ལྟ་བ་སོགས། ལྐོག་གི་ལས་རིགས་ཤིག་དང་ལྐོག་གི་ངན་སེམས་ཤིག་ཡིན་པས་ན་སྔ་ཕྱི་གཉིས་ལ་ཧེ་བག་ཆེན་པོ་མེད་པར་འདོད།
དམངས་གཙོ་རྒྱལ་ཁབ་དག་ཏུ་ལྐོག་ཞུ་ནི་མཚན་སྙན་ལ་ཤིན་ཏུ་ནས་གནོད་པའི་མ་རུང་བ་དང་མི་དགེ་བའི་ཐན་ལྟས་ཀྱི་ལས་ཤིག་ཏུ་ལྟ་བ་དང་། གང་ན་ལྐོག་ཞུ་པ་ཡོད་ན་དེ་ལ་འཕྱ་སྨོད་དང་དམོད་ཚིག་འབོར་ལ། གང་ན་ལྐོག་ཞུ་དར་ན་དེ་ལ་མཆིལ་ཞགས་འཕེན་ཞིང་སྡང་མིག་བགྲད་པར་བྱེད། ལྡོག་སྟེ་སྒེར་གཅོད་སྤྱི་ཚོགས་སུ་ད་གཟོད་ལྐོག་ཞུའི་ལས་ནི་ལུགས་མཐུན་དང༌། གཟི་བརྗིད་ཅིག་ཏུ་རློམ་གྱི་ཡོད་པ་རེད། དེ་ནི་སྤྱི་ཚོགས་དང་ལམ་ལུགས་དང་བསམ་བློ་དང་ཀུན་སྤྱོད་སོགས་མ་འདྲ་བའི་དབང་གིས་བྱུང་བའི་རིག་གནས་ཀྱི་ཁྱད་པར་ཡིན་པ་དང་། ཡང་ན་མི་བུའི་བློ་སྦྱོང་དང་མི་གཞི་དང་འབྱུང་སྤུས་དང་བསམ་པ་སོགས་ལ་མཐོ་དམན་ཡོད་པ་ལས་བྱུང་བའི་འབྲས་བུ་ཞིག་ཀྱང་ཡིན་པ་རེད།
བགྲེས་པོ་ཧྥོལ་ཐེར་ལགས་ཀྱིས་ཁོང་གི་སྤྲོ་གར་ 《སི་ཀད་ལིན་གྱི་བུད་མེད་》ཅེས་པར་ཏིས་ཏི་རོད་དང་ཚིག་མཛོད་ཀུན་བཏུས་ཆེན་མོའི་ཤོག་ཁ་ནི། "ཉེན་ཁ་ཆེ་བའི་གསར་བཅོས་ཚོགས་པ་”ཞིག་རེད་ཅེས་སྐབས་དེའི་གསར་འགྱུར་དཔེ་སྐྲུན་གཟིགས་སྤྱི་ལ་ལྐོག་ཞུ་བྱེད་མཁན་གྱི་ཡོན་ཏན་པ་ཧྥི་རེ་རོན་ཞེས་པར་ཟུར་ཟ་དང་མཚང་འབྱིན་བྱས་འདུག་ཅིང༌། ལྐོག་ཞུ་པ་དེ་ནི་ཡོ་རོབ་ཀྱི་ཆབ་སྲིད་དང་ཀུན་སྤྱོད་དང་རྩོམ་རིག་སོགས་ཁྲོད་ཀྱི་ཀུན་སྤྱོད་ཉམས་དམས་ཞེས་པའི་དོན་གཅིག་མིང་གི་རྣམ་གྲངས་སུ་གྱུར་ཡོད་འདུག
སྤྱིར་ན་ལྐོག་ཞུ་པ་ཞིག་ཡིན་ཕྱིན་དེ་ལ་བཟང་ངན་དང་ལེགས་ཉེས་ཀྱི་དབྱེ་བ་གཏན་ནས་འབྱེད་རྒྱུ་མེད་ནའང་། ཡོན་ཏན་པའི་ལྐོག་ཞུ་ནི་ལྐོག་ཞུ་པ་དག་ལས་ཆེས་ཐ་ཤལ་དང་ཆེས་གདུག་རྩུབ་ཆེ་བ་ཞིག་ཏུ་འདོད་ཆོག་སྟེ། རྒྱུ་མཚན་ནི་ཡོན་ཏན་པའི་ལྐོག་ཞུ་ལ་གཞན་ལས་བློ་འགུག་གི་ནུས་པ་དང་གསང་བརྟོལ་གྱི་ནུས་པ་ལྡན་པ་ཡིན་པས། དེ་ལས་བྱུང་བའི་གནོད་འཚེའི་ནུས་པ་ཡང་གཞན་ལས་ལྡབ་འགྱུར་གྱིས་ཆེ་བའོ། །ཡོན་ཏན་པ་དག་གིས་ཀྱང་འདི་ལྟར་མཚན་སྙན་དོར་ཞིང་མི་གཞི་དང་རྩིས་ཐང་དང་དྲང་བདེན་སོགས་ཐེད་ལ་བོར་ནས་ལྐོག་ཞུའི་ལས་ལ་འཇུག་གིན་པས་ན་དེའི་ཉེས་དམིགས་ནི་རི་རབ་ལྷུན་པོ་ལས་ཀྱང་ལྕི་བ་ཡང་སྨོས་མ་དགོས་སོ༎
བཞི་པ།
རིག་པའི་དཔའ་བོ་དགེ་ཆོས་ལགས་མི་ཡུལ་ནས་བཙན་གྱིས་བསྐྲད་པ་ཡང་ཁོང་ནི་རྒྱ་གར་དམར་ཤོག་ཚོགས་པའི་མྱུལ་མ་རེད་ཅེས་ལྐོག་ཞུ་བྱས་པས་རེད་ལ། རྩིས་དཔོན་ལུང་ཤར་ལགས་ཀྱི་སྤྱན་འབྲས་ཐོལ་གྱིས་འབྲུ་དོན་ཡང་ཀ་ཤོད་ཆོས་རྒྱལ་ཉི་མས་ལྐོག་ཞུ་བྱས་པས་རེད། པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་ལོ་དགུ་ཟླ་བརྒྱད་རིང་བཙོན་དུ་བཞུགས་དོན་ཡང་ཁོང་ནི་"གསར་བརྗེ་ངོ་ལོག་པ་”རེད་ཅེས་ལྐོག་ཞུ་བྱས་པས་རེད་ལ། འབའ་པ་ཕུན་ཚོགས་དབང་རྒྱལ་ལགས་ཀྱིས་ “མི་རིགས་རིང་ལུགས་”ཀྱི་ཞྭ་མོ་གོན་ནས་མི་ལོ་བཅོ་བརྒྱད་ཀྱི་རིང་ལ་བཙོན་དུ་བཞུགས་དོན་ཡང་ནང་མིས་ལྐོག་ཞུ་བྱས་པས་རེད། རང་རེའི་ཁ་བ་ཅན་དུ་ཀ་ཤོད་ཆོས་རྒྱལ་ཉི་མ་ལྟ་བུའི་ལྐོག་ཞུ་པ་ནི་མཐོ་བཀའ་ཤག་ནས་དམའ་མི་སེར་གྱི་བར་དུ་གང་སར་ཡོད་པ་དང་། ཁོ་ཚོས་ཐོབ་གོ་ས་དང་རྒྱུ་འབྱོར་བ། མཚན་སྙན་གྲགས་དང་དབང་གོ་ཐོབ་སོགས་ཀྱི་ཕྱིར་དུ་ལྐོག་ཞུའི་ལས་ལ་མ་བསྐུལ་དང་བླངས་ཀྱིས་འཇུག་གིན་ཡོད་པ་རེད། ཁྱད་པར་དུ་ས་བྱི་ལོའི་ཞི་རྒོལ་དོན་རྐྱེན་བྱུང་བ་ནས་བཟུང་ནང་མི་ལྐོག་ཞུ་བྱེད་མཁན་དང་ཁ་པར་ལྐོག་ཉན་རྒྱག་མཁན་ནི་སྲན་མ་ས་ལ་གཏོར་བ་བཞིན་བོད་ཡུལ་གྱི་གྲུ་ཟུར་སོ་སོར་ཁྱབ་ཡོད་པ་དང་། ལྐོག་ཞུ་པ་དང་ལྐོག་ཉན་པ་དག་གིས་ཀྱང་ནང་མི་བཙོངས་པའི་ “བྱས་རྗེས་”ལ་བརྟེན་ནས་སོ་སོའི་ཁེ་ཕན་དང་འདོད་པ་གཉེར་གྱིན་ཡོད་པ་རེད། “རང་ཤ་བཅད་དེ་ཁྱི་ལ་འཕེན་པའི་“ལྐོག་ཞུ་པ་ནི་རང་རེའི་སྤྱི་ཚོགས་སུ་ཇི་འདྲའི་མང་བ་ལ་ཨང་།
ལྐོག་ཞུ་ལ་བརྟེན་ནས་གཞུང་དང་ལྟ་ཚུལ་མི་མཐུན་པ་སྒྲོག་མཁན་རྣམས་འདུལ་བ་དང་། ལྐོག་ཞུ་ལ་བརྟེན་ནས་སོ་སོའི་སྲིད་དབང་སྲ་བརྟན་དུ་གཏོང་བ་ནི་སྒེར་གཅོད་པའི་ཐབས་ལམ་ཉག་གཅིག་ཡིན་པ་དེ་བཞིན་དུ། ལྐོག་ཞུ་ཁོ་ན་ནི་སྲིད་དབང་སྒེར་གཅོད་གནས་ཐུབ་པའི་དབུགས་ཀྱི་རྒྱུ་བ་དེ་ག་རེད། ནམ་ཞིག་ལྐོག་ཞུའི་དབུགས་ཀྱི་རྒྱུ་བ་འགག་སོང་ཚེ་བསམ་བློ་སྒེར་གཅོད་དང་སྲིད་དབང་སྒེར་གཅོད་ཀྱི་ཚེ་སྲོག་ཀྱང་རྒྱུན་ཆད་པ་ཡིན་ནོ།།
དུས་ད་ལྟ་ཡང་མི་བུ་སུ་ཞིག་གིས་ཆོས་ལུགས་དང་སྲོལ་རྒྱུན་ལ་དོགས་སློང་དང་དགག་པ་ཅུང་སྤྲོས་པ་ཡིན་ན་དེ་མ་ཉིད་དུ་སོ་སོའི་ཕ་མའམ་གང་རུང་ལ་ལྐོག་ཞུ་བྱེད་ངེས་ཡིན་ལ། ཡང་སྐྱེས་བུ་སུ་ཞིག་གིས་སྲིད་ཀྱི་ལྟ་ཚུལ་གཞུང་ཕྱོགས་དང་ཅུང་མི་མཐུན་པ་ཞིག་བསྒྲགས་ཚེ་དེ་མ་ཉིད་དུ་སོ་སོའི་ལས་ཁུངས་དང་བདེ་འཇགས་ཅུས་ལ་ལྐོག་ཞུ་བྱེད་ཀྱིན་འདུག་གོ །
ལྐོག་ཞུའི་ལམ་ལུགས་ཀྱིས་མི་བུའི་ཤེས་རབ་དང་བློ་གྲོས། དོགས་སློང་དང་དཔྱོད་ཤེས། སྒེར་ཚུགས་དང་མི་གཞི། བློ་སྤོབས་དང་དཔའ་གདེང་སོགས་དགྲ་རུ་འཛིན་པའི་དུས་མཚུངས་སུ། འུ་ཅག་གི་མི་བུ་ཤེས་རབ་ཅན་དང་བློ་གྲོས་ཅན། དཔྱོད་ཤེས་ཅན་དང་སྒེར་ཚུགས་ཅན། བློ་སྤོབས་ཅན་དང་དཔའ་གདེང་ཅན་དག་ཀྱང་འབུར་འཇོམས་གཏོང་གི་ཡོད་པ་རེད།
ལྐོག་ཞུའི་རིག་གནས་ཀྱིས་རང་དབང་དང་དམངས་གཙོ་དང་མི་ཆོས་སོགས་ཀྱི་སོན་རྩ་རྨང་ནས་འགོག་པའི་དུས་མཚུངས་སུ། དོགས་པ་དང་ཞེ་འཁོན་དང་གདུག་རྩུབ་སོགས་མིའི་རང་བཞིན་གྱི་གཉུག་མའི་མི་དགེ་བའི་དུག་དག་ཁོལ་དུ་འདོན་བཞིན་ཡོད་པ་རེད།
མདོར་ན། ལྐོག་ཞུའི་རིག་གནས་ནི་རང་དབང་གི་དགྲ་བོ་དང་ཀུན་སྤྱོད་ཀྱི་ཉལ་ཐ་རེད་ལ། ལྐོག་ཞུའི་ལམ་ལུགས་ནི་སྒེར་གཅོད་ཀྱི་ལག་ཆ་དང་མི་སེམས་ཀྱི་སྲིན་འབུ་རེད།
ལྔ་པ།
གནད་འགག་གི་སྐབས་སུ་མི་བུ་རང་གིས་རང་ངོ་ཟིན་ཅིང་རང་གི་གདོང་འབག་རང་གིས་མཐོང་བ་དང་རང་གི་དེ་ཉིད་རང་ལ་གསལ་འོང་བས་ན། བསམ་བློ་སྒེར་གཅོད་དང་སྲིད་དབང་སྒེར་གཅོད་གང་གི་སྐབས་ལ་འཕྲད་ནའང་ལྐོག་ཞུ་བྱེད་མིན་དེ་ནི་མི་བུ་རང་གི་རྒྱུ་འབྲས་དང་མི་གཞི་སོགས་ལ་ཐུག་འདུག་པ་དང་། ཡང་ན་རང་གིས་རང་ལ་ཚ་འདྲི་ཡང་ཡང་བཏང་རྗེས་འདམ་ག་གཏོང་དགོས་པའི་བྱ་སྤྱོད་ཅིག་རེད་པས། དེ་ནི་ནམ་ཡང་མི་བུ་རང་གིས་རང་གི་བླ་སྲོག་ལ་བྱི་དོར་དང་མི་བུ་རང་གིས་རང་གི་མི་གཞི་ལ་གོང་བཀུར་བྱེད་མིན་ལ་ཐུག་འདུག་བསམས།
གཞན་དུ་ན་དམངས་གཙོ་དར་བའི་རང་དབང་ལུང་པའི་སྤྱི་ཚོགས་སུ་དེ་སྔོན་གྱི་བསམ་བློ་སྒེར་གཅོད་དང་སྲིད་དབང་སྒེར་གཅོད་སྐབས་ཀྱི་ལྐོག་ཞུའི་ཡིག་ཚགས་དག་སྤྱི་ལ་བཀྲམ་པ་དང་ཀུན་གྱིས་གླེང་སྟེ་སྤྱི་གཞུང་གླེང་གཞི་ཞིག་ཏུ་བསྒྱུར་དང་སྒྱུར་གྱིན་འདུག དེ་ལྟར་བྱས་པའི་རྒྱུ་མཚན་ནི་ལོ་རྒྱུས་ཀྱི་དྲན་པ་གསོ་བ་དང་ཕྱིར་རྟོག་གི་འདུ་ཤེས་ཆགས་པར་བྱས་ཏེ་སྒེར་གཅོད་ཀྱི་ལམ་ཁར་ཕྱིར་མི་ལྡོག་པ་དང་ལྐོག་ཞུའི་སྐྱོ་གར་མི་འབྱུང་བར་སྨོན་པ་ཡང་ཡང་འདེབས་ཀྱིན་འདུག དེ་ནི་སྒམ་དཀྱེལ་ཆེ་ཞིང་བློ་གཤོག་རྒྱས་པའི་མི་རིགས་ཤིག་གི་བྱེད་ལས་ཡིན་པ་གོར་མ་ཆག དེ་ནི་སྐྱོ་གར་ལ་ཐད་ཀར་གདོང་གཏོད་ཕོད་ཅིང་དཔྱོད་ཤེས་ཀྱིས་བསམ་གཞིགས་གཏོང་ཐུབ་པའི་མི་རིགས་ཤིག་གི་བློ་སྤོབས་ཡིན་པ་གདོན་མི་ཟ།
ནམ་ཞིག་ན་རང་རེ་ལའང་རང་དབང་དམངས་གཙོའི་ཉི་ཟེར་ཕོག་སྲིད་ཅིང་། ནམ་ཞིག་ན་རང་རེའི་སྤྱི་ཚོགས་ཀྱང་རང་དབང་དམངས་གཙོའི་ལམ་ཁར་འགྲོ་སྲིད་པས། སྐབས་དེར་ལྐོག་ཞུའི་ཡིག་ཚགས་དག་ཀྱང་སྤྱི་ལ་མངོན་བསྒྲགས་དང་ཀུན་གྱི་མིག་སྔར་དགྲམ་པའི་སྲིད་པ་ཡོད་ན་དུས་ད་ལྟ་ནས་ལྐོག་ཞུ་པ་དང་ལྐོག་ཞུའི་རིག་གནས་ཀྱི་གནོད་འཚེ་མྱངས་དང་མྱོང་བཞིན་པ་རྣམས་ཀྱིས་དེར་གདོང་གཏོད་ཐུབ་པའི་བསམ་བློའི་གྲ་སྒྲིག་ཡོད་དགོས་པའི་དུས་མཚུངས་སུ་གོང་གི་བློ་སྤོབས་དང་བློ་གཤོག་དང་དཔྱོད་ཤེས་དེ་ལྟ་བུ་ཡང་ཡིད་ལ་སྒོམ་དགོས་པ་ཡིན་ནོ།།
༢༠༠༩ལོའི་ཟླ་༥ པའི་ཚེས་༢༦ ཉིན་ལན་གྲུ་རུ།
རྩོམ་མཁན། མེ་ལྕེ།
རྩོམ་ཁུངས། ཤར་དུང་རི།
No comments:
Post a Comment