མདའ་བཙན་པོའི་སྙམ་ཚོམ། I འོས་སྦྱོར།


དུས་ཚོད་འདི་འདྲ་ཞིག་ཀྱང་ཡོད་མྱོང་། 


གང་ཞིག ཁེར་རྐྱང་དུ་བླུགས་ནས།

ཁོལ་བྱེད་དུ་དྲན་གདུང་གི་མེ་སྦར་ནས།

རེ་སྒུག་གི་དབུགས་རྒྱབ་མོད།


གཅིག་ཟེར་བའི་བརྩིས་མ་ཚར་བའི་རང་ཉིད་དང་།

གཉིས་ཟེར་བའི་ངོས་མ་ཟིན་པའི་གཞན་དེ་དང་།

གསུམ་ཟེར་བ་ཞིག་ཡོད་ཡོད་འདྲ་བའི་དུས་ཚོད་ཀྱིས།


མི་ཚོགས་རྡུང་ནས་ང་ལ་ལག་སྒྲོག་བཟོས་སོང་།

སེམས་ཀློག་ནས་ང་ལ་ཁྲིམས་བཅས་སོང་།


བོད་ཟླ་དྲུག་པའི་ཚེས་གསུམ་ཉིན། 


གནམ་ངོ་ཤིན་ཏུ་རུབ་པས།

སྐད་རིགས་གཞན་པ་ཞིག་སྦྱངས་ནའང་འགྲིག་པ་འདྲ།


སྲང་ལམ་ཟེར་བ་དེ་བཞུས་ནས་གྲི་ཞིག་རྡུང་ན། 

མིའི་ཞེ་སྡང་ཡང་གཅོད་ཐུབ་པ་འདྲ།


སྒེའུ་ཁུང་འདི་དོང་ཞིག་ཡིན་ན།

འདིའི་ནང་དུ་མ་ལྷུང་བའི་མིག་ཟུང་ཞིག་མེད་པ་འདྲ།

གལ་ཏེ། ལོང་བ་ཚོ་ཟེར་ན།

དེ་མ་གཞི་ནས་དོང་ཞབས་མེད་ཅིག་ཡིན་པས།

དེ་རུ་སྒེའུ་ཁུང་ཡང་ལྷུང་ནས་བསྐལ་བ་ཞིག་འགོར།


ཉིན་གུང་འདི་ཚོང་རྫས་ཤིག་ཡིན་ན།

དེ་འདྲའི་ཚོང་བྲིན་པོ་ཞིག་མིན་མོད།

ས་ཆགས་ཤིན་ཏུ་བཟང་སྟེ་སྲོད་དང་ཐོ་རེངས་གཉིས་ཀྱི་དཀྱིལ་ན་ཡོད།


བུ་མོ་ཚོའི་འདོམ་གྱི་དེ་དཀར་ཡོལ་ཞིག་ཡིན་ན།

ང་ཚོའི་ཟ་མ་བཟའ་སྲོལ་དེ།

བཅོས་བསྒྱུར་སྒོ་འབྱེད་ལས་ཀྱང་ཧ་ལས་པ་ཞིག་ཏུ་འགྱུར་ངེས།


བོད་ཟླ་དྲུག་པའི་ཚེས་གསུམ་ཉིན་དེ་རིང་རེད།

ངས་ལྷམ་ཡང་མ་གོན་པར་དྲན་པའི་ནང་ལ་ཡང་ཡང་ཉུལ།



ངས་འདི་ལྟར་འདོད་བྱུང་།


མི་ཚང་མར་གཤོག་པ་རེ་ཐོགས་ན།

རྐུན་མ་ཇེ་མང་དུ་འགྲོ་འམ།

བར་སྣང་གི་སྤྲིན་པ་རྩོད་རེས་བྱས་ནས།

འཛིང་རེས་ཇེ་མང་དུ་འགྲོ་འམ།

ཡང་ན་ཆགས་སྲེད་ཀྱི་གླང་ཕྲུག་ལ་ལས།

འཁྲིག་པ་བར་སྣང་ནས་སྤྱོད་དམ།

དེ་ཡང་མིན་ན།

བཟི་བོ་མང་པོས་གནམ་གྲུར་གདོང་ཐུག་བརྒྱབ་ནས།

འཆི་བ་ཇེ་མང་དུ་འགྲོ་འམ།

དགུན་ཁའི་ཕྱི་དྲོ་ཞིག་ལ། ངས་དེ་ལྟར་འདོད་བྱུང་།

 

སློབ་ཁྲིད་སྟེགས་བུའི་སྟེང་ནས་རྩིས་རིག་ལ་སྡིག་དམོད་བྱེད་པ།


གཅིག་གི་སྟེང་ལ་བཅུ་བསྣན་ན།

འོག་མ་བོ་གཅིར་མི་འགྲོའམ།


བརྒྱ་ཡི་ནང་ནས་བཅུ་འཐེན་ན།

བཅུ་ཤོག་འགའ་ཡིན་ནམ། ཉི་ཤུ་ཤོག་ཁ་ཤས་ཡིན།


ཡང་ན། སྒྱུར་རྟགས་དེ་འགྲོ་བ་མིའི་རིགས་ཀྱི།

སྐྱེ་འཕེལ་བརྒྱུད་རིམ་ཞིག་ཡིན་ནམ།

ཡང་ན། བགོ་རྟགས་ཀྱི་ཕར་ཕྱོགས་ནའང་།

མཉམ་རྟགས་ཤིག་ཡོད་ན།

ཁྱོ་ཤུག་ཁ་ཤས་འཐོར་ཏེ་བསྐྱར་དུ་འགྲིག་ནའང་།

ཅི་ལ་མི་ཆོག


ཡིག་རྩིས་ཁ་ཤས་ཀྱིས།

ང་ཚོའི་མ་འོངས་པ་ནང་བཞིན།

རང་གི་ཐོབ་འབྲས། རང་གིས་ཀྱང་ཤེས་ཀྱི་མི་འདུག

གནའ་ཤི་བོ། རྩིས་རིག་ཁྱོད།

འདྲི་ཚིག་ཆེས་མང་བའི་བྱིས་པ་སྣབས་དྲུད་ཅིག་རེད།


འབྲོག་ཐང་།


དེ་རིང་སྤང་ཐང་ནས་ལྷོད་ཀྱིས་བསྡད་ན།

བསིལ་རླུང་གི་སྐེ་རྒྱན་བཏེགས་པའི་དཔྱིད་ཀ་དེ།

སྔོ་མའི་གླུ་ཚིག་སྒྲིག་གིན།

ལུག་ཁྱུའི་བརྡ་སྤྲོད་དང་ལྷན་དུ་འགུལ་གྱིན་འདུག་ལ།

མགོ་ཐོག་གི་ནམ་མཁའ་ཡང་ཅུང་ཙམ་དམའ་རུ་བཏང་འདུག


དེ་རིང་སྤང་ཐང་ནས་ལྷོད་ཀྱིས་བསྡད་ན།

དགུན་ཁ་ཟེར་བའི་ཤུལ་དུ་འཁྱག་པ་ཐར་ཐོར་རེ།

སྔ་དགོང་གཉིས་ཀྱི་རྔོག་རྩེ་ན་གཡོ་ཙམ་གཡོ་ཙམ་བྱེད།


དེ་རིང་སྤང་ཐང་ནས་ལྷོད་ཀྱིས་བསྡད་ན།

སྲང་ལམ་གྱི་ལབ་གླེང་དང་།

མི་ཚོགས་ཀྱི་ཡིག་ཆ་དང་འབྲེལ་བ་མེད་པའི་དཔྱིད་ཀ་དེ།

གཉིད་ཁུགས་པའི་བེའུ་ཡི་རྨི་ལམ་ལ་ཁེན་ནས་འདུག་པས།

ངས་འཚོ་བ་ལས་ཁོད་ཡངས་པའི་འབྲོག་ཐང་ཞིག་འདི་ལྟར་མཐོང་བྱུང་།


མདའ་བཙན་པོ། དངོས་མིང་ལ་ཚེ་རིང་བཀྲ་ཤིས། ༡༩༧༩ ལོར་མདའ་ཚན་དུ་སྐྱེས། སྙན་དེབ་<<མི་རྐྱང་གི་ཕྱི་ནང་>>དང་། <<སྐད་ཆ་བསོར་མོ་རེ་བཤད་ན།>> <<དབུས་ལ་སོང་བའི་སྒྲུང་།>> <<མདའ་བཙན་པོའི་རྩོམ་བཏུས།>> <<ཆོས་པའི་ཤུལ་གྱི་ཁྱིམ་པ་ང་།>> <<རྗེ་མི་ལ་རས་པའི་ཚིག་གི་ཐང་ག>> སྒྲུང་རིང་དེབ་<<མཛེས་མ་དང་གཞན་དག་>>བཅས་པར་དུ་བསྐྲུན་ལ། མི་རབས་གསུམ་པའི་ཚབ་མཚོན་སྙན་ངག་པའི་བྱ་དགའ་དང་། གངས་རྒྱན་མེ་ཏོག་སྙན་ངག་བྱ་དགའ། མི་རིགས་རྩོམ་རིག་གི་ལོ་འཁོར་བྱ་དགའ་སོགས་ཐོབ་མྱོང་། སྙན་ངག་སྐོར་ཞིག་དབྱིན་ཡིག་སོགས་ལ་བསྒྱུར་ཞིང་། འགའ་རེ་སློབ་ཆེན་གྱི་བསླབ་དེབ་ཁྲོད་དུ་བདམས་ཡོད། 


No comments:

Post a Comment

Adbox