ཁ་བ་བབས་པའི་ཕྱི་ཉིན་གྱི་ཕྱི་ཉིན།
ཡང་བསྐྱར་ཆར་བ་བབས།
ཕ་ཡུལ་གྱི་ནམ་ཟླ་ལ་ཏག་ཏག་ཅིག་མེད།
འུ་ཅག་གི་ལག་སྣེའི་ལས་ཀ་ལ་ཏག་ཏག་མེད་པ་ཇི་བཞིན།
བྲག་དཀར་ཐེམ་ཆེན་ཡང་མཁར་རྫོང་རྔམ་མཐུག་པོ་དངོས་ཤིག་སྟེ།
ཕྱི་སོ་ནང་སོ་སྟར་དུ་འཁོད།
ཕྱི་མི་ནང་ལ་མ་ཐོན།
ནང་མི་ཕྱི་རུ་མ་ཐར།
མཛའ་ཞིང་བརྩེ་བའི་དགེ་སློབ་དག་ཀྱང་དྲ་སྟེང་དྲ་གཤམ་ལ་འཛོམས་ཆད་འཐེན།
ཁྱིམ་བདག་གི་ཁ་པར་བྱིས་པས་ཁྱེར་བས།
ཐད་གཏོང་རེ་འགར་ཡང་བར་ཆད་ཤོར།
མི་རྣམས་གྲལ་རིང་བསྒྲིགས་ནས་ལུག་ཁྱུ་གཤར་གཤར་བྱེད་རྒྱུར་གོམས།
ལས་བྱེད་རྣམས་ལས་ཀའི་སྲབ་སྲུབ་ནས་རྒྱུགས།
གཅིག་རེ་གཉིས་རེ་བྱས་ནས་རྒྱུགས།
འགའ་རེ་འགའ་རེ་བྱས་ནས་རྒྱུགས།
ཁོ་ཚོས་དེ་ལ“ཤི་གསོན་བརྟག་དཔྱད་བྱེད་དུ་འགྲོ”ཞེས་ཟེར།
སྒྲ་བསྒྱུར་བྱས་པ་དོན་ལ་གནས་པ་ཞིག་ཡོད།
འབྲོག་པ་ཚོས་ཟོག་ལྷས་ནས་ཕུད་པའམ་ལྷས་ལ་བསྐོར་བ་ཙམ་དང་།
སྦག་སྦག་ཞོན་ནས་རྒྱུགས།
རླངས་འཁོར་བསྐོར་ནས་རྒྱུགས།
ཁོ་ཚོས་དེ་ལ "རྐན་ཐུར་བྱེད་དུ་འགྲོ"ཞེས་ཟེར།
དེ་ནི་འབྲོག་སྐད་རྣལ་མ་ཞིག་སྟེ།
ཤིན་ཏུ་སྣང་བརྙན་དང་ལྡན་པ་ཞིག་མི་འདུག་གམ།
ཚེ་སྲོག་གི་ཉེན་ཁའི་གསེབ་ནས་ཀྱང་།
ཐ་སྙད་ཀྱི་རྩེད་རྡོ་སྒྲིག་སྟེ།
སྡུག་ཁུར་བོའི་འོག་ནས་གླུ་ཆུང་ལེན་གང་ཐུབ་བྱེད་པ་ནི།
ཁོར་ཡུག་གིས་བསྒྱུར་ཏུ་མི་བཏུབ་པའི་མི་རིགས་ཤིག་གི་རང་གཤིས་ལགས།
ཉི་ཟླ་ག་ལེར་བཞུད་ཚུལ་འདིས།
ཕ་ཡུལ་གྱི་ཉི་མ།
ག་ལེ་ག་ལེར་སྤྲིན་ཐེམ་རེ་ནས་འབབ་ཅིང་ག་ལེ་ག་ལེར་དེའུ་འབུར་རེ་ལ་ཁེན་ནས་འདུག
ག་ལེ་ག་ལེར་ཁ་བའི་གསེབ་ནས་ནུར་ཅིང་ག་ལེ་ག་ལེར་ཆུ་ངོགས་སུ་ཉུག་ནས་བུད་འགྲོ།
ཨེ། ཕ་ཡུལ་གྱི་ཉི་མ་ག་ལེ་ག་ལེར་བཞུད་སྟངས་འདིས།
ངས་ཁྱོད་ཀྱིས་རི་ལམ་ཀྱག་ཀྱོག་ཅིག་དེད་ནས་ག་ལེ་ག་ལེར་ཕེབས་འགྲོ་ཚུལ་དྲན་ཡོང་།
བསིལ་རླུང་ལྡང་དུས་ལམ་འགྲམ་གྱི་དར་ཅོག་ཡང་མོར་འཕྱོ།
ཁྱོད་ཀྱི་སྐྲ་ལོ་རིང་བོ་རླུང་ངོགས་ན་ཡང་མོར་འཕྱོ།
བདག་གི་དྲན་པའང་ཡང་མོར་འཕྱོ།
ཕ་ཡུལ་གྱི་ཟླ་བ།
ག་ལེ་ག་ལེར་རི་རྩེ་ནས་ཤར་ཅིང་ག་ལེ་ག་ལེར་སྐར་ཚོགས་ཁྲོད་འཛུམ་ཡོང་།
ག་ལེ་ག་ལེར་སྦྲ་འདབས་ལ་བཏུད་ཅིང་ག་ལེ་ག་ལེར་སྔས་གུང་ལ་འཁོར་ཡོང་།
ཀྱེ། ཕ་ཡུལ་གྱི་ཟླ་བ་ག་ལེ་ག་ལེར་བཞུད་ལུགས་འདིས།
ངས་ཁྱོད་ཀྱིས་རི་ལམ་ཀྱག་ཀྱོག་ཅིག་དེད་ཅིང་ག་ལེ་ག་ལེར་སླེབས་ཡོང་ཚུལ་དྲན་ཡོད་།
བསིལ་རླུང་ལྡང་དུས་སྦྲ་ནག་སྒོ་དར་ཡང་མོར་འཕྱོ།
ཁྱོད་ཀྱི་སྐྲ་ལོ་རིང་བོ་ཕྲག་ཁིས་ན་ཡང་མོར་འཕྱོ།
བདག་གི་དྲན་པའང་ཡང་མོར་འཕྱོ།
སྤྱི་འགྲོས་ཀྱི་ཕྱིར་དུ།
སྤྱི་འགྲོས་ལྟར་ལམ་ལ་ཆས།
སྤྱི་འགྲོས་ལྟར་ལས་ཀ་ལས།
འགན་ཁུར་གྱི་ས་ཁོངས་སུ།
རེའུ་མིག་གི་དྲག་ཆར་འབབ།
སྡོམ་རྩིས་ཀྱི་བུ་ཡུག་འཚུབ།
དུས་ཚོད་ཀྱི་མིད་པ་བཙུར་བཙུར་ན།
ཐོ་རངས་ཀྱི་སྐར་ཆེན་འཇུར་ཡོང་།
ས་སྲོད་ཀྱི་མཛོ་འདོགས་འཇུར་ཡོང་།
རེད། ནམ་མཁའི་སྐར་མའི་ཚོགས་ཀྱང་འཇུར་ཡོང་བ་ཁོ་ན་ལས།
འཛུམ་ཡོང་བ་གཏན་ནས་མི་སྲིད།
དེ་ནི། ཕྱེ་ལེབ་རྣམས་དོན་མེད་དུ་འཕུར་བཞིན་པ་ཙམ་ལས།
གར་བྱེད་པ་གཏན་ནས་མི་སྲིད་པ་ཇི་བཞིན།
ཆུ་ཕྲན་ཡང་མཚམས་མེད་དུ་བཞུར་འགྲོ་བ་ཙམ་ལས།
གཞས་གཏོང་བ་གཏན་ནས་མི་སྲིད་པ་ཇི་བཞིན།
རང་ཉིད་ཀྱང་སྤྱི་འགྲོས་ཀྱི་ཕྱིར་དུ།
གདོང་གི་སྐྱི་ལྤགས་གཉེར་ཙམ་གཉེར་ཙམ་བྱེད་རྒྱུ་ལས།
ངེས་པ་དོན་གྱིས་འཛུམ་མི་ཤེས་པ་ཇི་བཞིན།
རྩོམ་པ་པོ།
No comments:
Post a Comment