ཤི་འཐམ་རོ་འཐམ་བྱེད་ས། I འོས་སྦྱོར།

ཤི་འཐམ་རོ་འཐམ་བྱེད་ས། 

རྩོམ་པ་པོ།
 ཁ་བ་ལྷ་མོ།

ཨར་འདམ་གྱི་གྱང་ར་མཐོན་པོ་ཞིག་ལ།

ཁ་ཚུབ་དང་མེ་ལོང་འཚོལ་དུ་མེད་ཀྱང་།

སྒེའུ་འགྲམ་གྱི་མལ་ཁྲིའི་སྒང་ནས་མཚན་ལ་སྐར་མ་རྩི་ཆོག་པས།

ངས་ད་རུང་རང་ཉིད་ལས་ཀྱིས་ཚུད་པའི་གཟེབ་ཆུང་འདི་ལ།

སྦྲ་རོག་རོག་ཅིག་གི་ནང་ཤོད་ཅེས་བོས།

 

ལྕགས་ལེབ་མེ་ལྕེ་མཆེད་མི་ཤེས་པ་ཞིག་ལ།

ཡར་སྒྱེད་མར་སྒྱེད་དབྱེ་ཐབས་མེད་ཀྱང་།

སླ་ང་དང་ཐོམ་བུའི་བར་ནས་ཟས་ཀྱི་སྡེབ་ཁ་འགྲིག་སྲིད་པས།

ངས་རང་ཉིད་བྲེལ་བ་འཚུབ་འཚུབ་འཁོར་དགོས་ས་འདི་ལ་མོ་ཁྱིམ་ཞེས་དང་།

ཁྱོད་རང་དལ་དལ་ལྷོད་ལྷོད་སྡོད་ཆོག་ས་དེ་ལ་ཕོ་ཁྱིམ་ཞེས་ཀྱང་བོས།

 

ང་ལ་ལུག་རྫི་ཞེས་པའི་བརྡ་ཆད་ཅིག་ཡོད་མྱོང་བས།

མདུན་གྱི་བྱིས་པ་དག་ལ་ཡིག་རྫི་ཞེས་བོས།

ངས་མི་ལའི་རྣམ་མགུར་མཆན་ལ་བཙུར།

གཙུག་གཡུ་ཀླད་པའི་གཙུག་ལ་བཀུར།

ངའི་ཡིད་ལ་གློ་བུར་དུ་རང་གིས་འཕྱས་མྱོང་བའི་སྒྲུང་གཏམ་ནང་གི་མི་སྣ་ཞིག་ཤར།

ཤུབས་སུ་འཛུལ་བའི་མི། པེ་ལེ་ཁོ་ཧྥོ།

ཏག་ཏག་ཁོའི་ཁ་ལག་སྲོ་བྱེད་དེའང་དུས་ཀྱིས་མཐའ་ལ་དེད་པའི་མེ་རོ་ཞིག་ཡིན་པ་དྲན།

མི་སྣ་ཞིག་གི་སེམས་ཁམས་ལ་སེམས་ཁམས་ལྟར་དུ་རྒྱུས་ལོན་དང་པོ་བྱུང་།



མི་རབས་གཉིས་དང་མི་རིགས་གཉིས། 


ང་ཚོས་གྱང་ངོས་ལ་རིག་དངོས་བཤམས་སྟོན་བྱེད་ས་ཞིག་བཟོས།

ངས་ཕྱི་གླིང་གི་རི་མོ་གྲགས་ཅན་ཞིག་ཁྱེར་ཡོང་ནས་ཁོ་ཚོར་བཤམས། ངོ་སྤྲོད་བྱས།

ཁོ་ཚོར་ཆ་རྒྱུས་མེད་པས་ངོ་མཚར། ང་ཡང་ཡིད་ཚིམས།

འདི་ནི་ཧ་ཅང་རྒྱུན་ལྡན་ཞིག 

 

ཕྱི་ཉིན་ཁོ་ཚོ་རང་རང་གིས་དངོས་པོ་ཆུང་ཆུང་རེ་ཁྱེར་ཡོང་།

གྱང་ངོས་ལ་འབྲོག་པའི་ལག་ཆའི་འདྲ་གཟུགས་སྐོར་ཞིག་ཁ་གསབ་བྱུང་།

བོད་ཀྱི་ཁྱད་ཆོས་ལྡན་པ་ཞིག་འདུག་པས་སྤྲོ།

དེ་ཡང་ཧ་ཅང་རྒྱུན་ལྡན་ཞིག

 

སློབ་ཁྲིད་སྐབས་ཤིག་འབྲོག་པའི་ཅ་ག་ཞིག་ཇི་ལྟར་གསལ་བཤད་བྱས་ཀྱང་གོ་བརྡ་མ་འཕྲོད།

གྱང་ངོས་ཀྱི་འདྲ་གཟུགས་ནང་ན་ཏག་ཏག་འདུག་པ་བསྟན་པས་གཞི་ནས་ཧ་གོ

 

མི་རབས་སོ་སོ་བ་གཉིས་ནི། མི་རིགས་སོ་སོ་བ་གཉིས་དང་འདྲ་བ།

ནམ་ཞིག ནོར་ལུག་གི་འདྲ་གཟུགས་རེ་ཡང་།

གྱང་ངོས་ལ་བཤམ་དགོས་པ་མིན་འགྲོ།

ཡང་ན། བོར་ཚར་བའི་ཐ་སྙད་རེ་རེ་གྱང་ངོས་ལ་སྦྱོར་དགོས་བྱུང་ན།

སློབ་ཁང་གཅིག་ལ་ཤོངས་ཐབས་ཡོད་དམ།

སྐྱི་གཡའ་བ། ནམ་ཞིག་འདི་ཡང་རྒྱུན་ལྡན་ཞིག་ཏུ་འགྱུར་སྲིད་དམ།


༢༠༢༡ / ༡༠ /  


རྩོམ་པ་པོ་ངོ་སྤྲོད་སྙིང་བསྡུས། 

ཁ་བ་ལྷ་མོའམ་དངོས་མིང་མེ་ཏོག་སྐྱིད། ཕ་ཡུལ། མཚོ་ནུབ་བོང་སྟག་གི་འབྲོག་ཁྱིམ་ཞིག་ཏུ་སྐྱེས། 

བྱིས་དུས་ནས་<<སྦྲང་ཆར་>>དང<<གངས་རྒྱན་མེ་ཏོག>> <<མང་ཚོགས་སྒྱུ་རྩལ་>>སོགས་ཀློག་པར་ཧ་ཅང་སྤྲོ། སློབ་ཆེན་མཐར་ཕྱིན་པའི་ལོ་གཉིས་གསུམ་ཙམ་གྱི་རྗེས་ནས་རྩོམ་འབྲིའི་ལས་ལ་ཞུགས།  

སྔ་ཕྱིར་<<གངས་རྒྱན་མེ་ཏོག>>དང་<<སྦྲང་ཆར་>>སོགས་སྒེར་གཞུང་གི་དུས་དེབ་གང་རུང་སྟེང་སྙན་ངག་དང་ལྷུག་རྩོམ་རེ་འགའ་སྤེལ།  

ཉིས་སྟོང་བཅུ་གསུམ་ལོར་<<ཁ་བའི་རྣ་ཆ་>>ཞེས་པའི་སྙན་དེབ་པར་དུ་བསྐྲུན། ཉིས་སྟོང་བཅོ་ལྔ་ལོར་<<གངས་རྒྱན་མེ་ཏོག>>རྩོམ་རིག་བྱ་དགའ་ཐོབ།  

ད་ལྟ་མཚོ་ནུབ་བོང་སྟག་ས་ཆའི་མི་རིགས་སློབ་འབྲིང་ན་དགེ་རྒན་གྱི་ལས་ཀ་གཉེར་བཞིན་ཡོད།



No comments:

Post a Comment

Adbox