གླེང་སློང་བ།
ཕྱི་གླིང་སོགས་སུ་བྱིས་པ་བྱིས་སྙོར་ཁང་དུ་འགྲོ་དུས་ཕ་མ་དཔེ་ཀློག་འཁྱོངས་མེད་མཁན་དག་གིས་ཀྱང་བྱིས་པ་དང་མཉམ་དུ་དཔེ་ཆ་གཉིས་བརྒྱ་བཀླགས་རབས་བཤད། སློབ་ཆུང་དང་སློབ་འབྲིང་བཤད་ཅི་ལ་དགོས། དེ་འདྲའི་གནས་དང་ཡུལ་དུ་ལྟ་འཁྲིད་སྦྱོང་གསུམ་ཞེས་པའི་ཐ་སྙད་དེ་མེད་ཀྱང་སློབ་གསོའི་ཁོར་ཡུག་དེ་འདྲ་ངང་ངམ་ཤུགས་ཀྱིས་གྲུབ་ཡོད། གཞན་པར་ངང་ངམ་ཤུགས་ཀྱིས་གྲུབ་པའི་གཤིས་ལུགས་དེ་འུ་ཚོར་འཚམ་དགོས་ཞེས་ཨུ་ཚུགས་ཆེན་པོས་བསྒྲུབ་པར་འབད་ཀྱང་འབྲས་བུ་འབྱུང་དཀའ་སྟེ། རྒྱུ་ལེགས་པོ་མ་གསག་ན་འབྲས་བུ་ལེགས་པོ་མི་འབྱུང་བ་ཆོས་ཉིད་ཡིན་ཞེས་མེས་པོ་མཁས་པས་གསུངས་པར་གཞིགས་གལ་ཆེ།
ཁྱིམ་ཚང་སློབ་གསོ་ཀླད་ཀོར་ཡིན་པའི་གནས་དང་ཡུལ་དུ་གཞན་པའི་བཟང་ཕྱོགས་འདྲེན་པ་འདི་ལེགས་མོད་ཀྱང་། གནས་དུས་མི་གསུམ་ལ་འཚམ་པར་འདྲེན་དགོས་ན། དགེ་འོས་སློབ་གྲྭ་སོགས་ནས་དེ་ལ་སྦྱང་བ་ཟུར་ཕྱིན་པར་འགྲོ་དགོས་པ་སྔོན་འགྲོ་ལྟ་བུ་ཡིན། ཟླ་གཅིག་དང་གཉིས། གཟའ་འཁོར་རེ་གཉིས་ལ་ཁ་བལྟས་མིག་གཡེང་བྱེད་པ་ཙམ་པོས་འཁྱོངས་ཡོད་སྙམ་ན་བློ་འཁྲུལ་བའི་དབང་དུ་སོང་བ་རང་ལས་ཅི་ཡང་མེད་དོ།།
དགེ་རྒན་ནི་སྐྱོ་བ་མེད་ལ་ངང་རིང་པོ། བཟོད་ཐུབ་མཁན། ཤེས་འཇོན་སྤྱོད་གསུམ་ལྡན་པ་ཡིན་དགོས་པ་གཞིར་བཞག ལྟ་འཁྲིད་སྦྱོང་གསུམ་ལ་སྦྱང་བ་ཙམ་པོས་མི་ཆོག་པར་བྱང་བ་ཐོན་པའི་ས་ཟིན་པ་ཡིན་དགོས་པ་འདི་ཡང་གནད་ཆེ། རང་རེའི་སློབ་གསོའི་ཁོར་ཡུག་ན་དགེ་རྒན་བརྒྱ་ཆའི་བརྒྱད་བཅུ་འབད་པ་མེད་ནས། བཟོད་པ་ཆུང་ནས། སྐྱོ་བ་ཆེ་ནས། དཔེ་ཀློག་མེད་པ་སོགས་སྨུག་པ་བཞིན་འཐིབས་པར་གྱུར་པའི་ཡུལ་དང་གནས་གང་དུ་དེ་འདྲའི་འཁྲིད་ཐབས་གསར་པ་ཞིག་འདྲེན་དགོས་ལབ་ན། ལྟག་ཆུ་ཆད་པའི་རྫིང་བུ་ལས་མེད་པའི་གནས་ལུགས་རྟོགས་གྱུར་ན། དབང་ཡོད་བཤད་པ་ཙམ་པོས་རང་རོགས་གཉིས་ཀ་སྡུག་ལ་སྦྱོར་བ་ལས་རང་དགའ་རོགས་སྐྱིད་ཀྱི་ལས་ནི་འགྲུབ་མི་སྲིད་དོ།།
ཇི་སྐད་དུ“སྙིང་ཉེ་བ་ཁོ་ནས་ཀྱང་མི་ཆོག་སྟེ། མཁས་ཤིང་བྱང་བ་ཐོན་པའི་ས་མ་ཡིན་ན། བསླབས་ཤིང་བསྟན་པ་རྣམས་གནད་དུ་མི་ཁེལ་ལ། ལེགས་པར་མི་ཤེས་སོ། །” ཞེས་གསུངས་པ་ལས་འདིར་དམིགས་སུ་བཀར་ཏེ་གླེང་བར་བྱ་བ་ནི“མཁས་ཤིང་བྱང་བ་ཐོན་པའི་ས་མ་ཡིན་ན། བསླབས་ཤིང་བསྟན་པ་རྣམས་གནད་དུ་མི་ཁེལ་ལ། ལེགས་པར་མི་ཤེས་སོ། །” ཞེས་པ་འདི་ཡིན། རང་རེའི་སློབ་གྲྭ་ལ་ལར་ལག་བསྟར་བྱེད་བཞིན་པའི“ལྟ་འཁྲིད་སྦྱོང་གསུམ”ལྟ་བུའི་ཁྲིད་ཐབས་གསར་བ་ནང་འདྲེན་བྱ་དགོས་ན། ཐོག་མར་དེ་ལ་མཁས་པར་བྱ་བ་དཀའ་ཡང་། བསླབས་ཤིང་སྦྱང་སྟེ་བྱང་བ་ཐོན་པ་ཞིག་ཡིན་དགོས་པ་ནི་གནད་དམ་པའོ། །དེ་བཞིན་དེ་འདྲའི་ཁྲིད་ཐབས་གསར་བ་ཞིག་ཚད་ཐིག་ག་འདྲར་འཛིན་དགོས། ཇི་ལྟར་འཛིན་དགོས་པ་སོགས་ཡུལ་དུས་མི་གསུམ་ལ་འཕྲོད་པར་ནང་འདྲེན་བྱ་རྒྱུ་ནི་ལེགས་ཚོགས་ཐམས་ཅད་ཀྱི་གཞི་ཡིན་པ་ཀུན་ལ་གསལ་བས་ཚིག་ཚོགས་བརྐྱང་དགོས་པར་མི་འདུག་སྙམ།
ཇི་སྐད་དུ“ལར་འཇིག་རྟེན་སྟེང་འདི་ལྟ་བུའི་བསམ་བློ་རིགས་གཉིས་ཡོད་དེ། གཅིག་ནི་དུས་རབས་ཀྱི་འཕོ་འགྱུར་ལ་བརྟེན་ནས་འབྱུང་ཞིང་། དུས་རབས་དེ་མཇུག་སྒྲིལ་བ་དང་བསྟུན་ནས་དུས་ཀྱིས་རྗེས་སུ་བསྐྱུར་ངེས་པར་མ་ཟད། དུས་ཀྱིས་སྔུན་ལ་དེད་དེ་ནོར་འཁྲུལ་གྱི་རང་བཞིན་ལྷང་ལ་བུད་ཡོང་།
ཅིག་ཤོས་ནི་དུས་རབས་ཀྱི་འཕོ་འགྱུར་དང་བསྟུན་ནས་འབྱུང་མོད། མིའི་རིགས་ལ་རྟག་བརྟན་གྱི་རིན་ཐང་མངའ་བའི་ནོར་བུ་ཞིག་དང་འདྲ་བར་དུས་ཀྱི་གཙུབ་བརྡར་ཁྲོད་ལྡོག་སྟེ་ལྟ་ན་སྡུག་པའི་བཀྲག་མདངས་མངོན་པར་བྱེད།” ཞེས་པ་ལྟར་གལ་ཏེ“དུས་རབས་དེ་མཇུག་སྒྲིལ་བ་དང་བསྟུན་ནས་དུས་ཀྱིས་རྗེས་སུ་བསྐྱུར་ངེས་པར་མ་ཟད། དུས་ཀྱིས་སྔུན་ལ་དེད་དེ་ནོར་འཁྲུལ་གྱི་རང་བཞིན་ལྷང་ལ་བུད་ཡོང་།” ཞེས་པ་ཞིག་ཡོད་ན་དེ་ནི་ད་ལྟ་རང་རེས་ལག་བསྟར་བྱེད་ཀྱིན་པའི“ལྟ་འཁྲིད་སྦྱོང་གསུམ”ཞེས་པའི་ཁྲིད་ཐབས་གསར་བ་འདི་ཡིན་པ་མགྲིན་པ་གཟེངས་སུ་བཏེགས་ཏེ་སྨྲ་བར་སྤོབས་སོ།།
རྒྱུ་མཚན་ཡོད་དེེ་མི་མིག་ཅན་གྱིས་སྤྱི་ཚོགས་གཟུགས་ཅན་ལ་བལྟས་ཏེ། གང་ཞིག་ནི་དར་བཞིན་པ་དང་། དར་བའི་རྒྱུ་གང་དང་གང་ཡིན་པ། གང་ཞིག་ནི་རྒུད་བཞིན་པ་དང་། རྒུད་པའི་རྒྱུ་ཚོགས་གང་དང་ཅི་ཡིན་པ། ཅི་ཞིག་ཡུལ་དུས་མི་གསུམ་ལ་ཕན་དགེ་མཛེས་གསུམ་སྤྲོད་བྱེད་ཡིན་པ་དང་། ཅི་ཞིག་ཡུལ་དུས་མི་གསུམ་ཉམ་ཉེས་འབྱུང་བྱེད་དུ་གྱུར་དང་འགྱུར་བཞིན་པ་རྟོགས་པར་ངེས་སོ། །དེ་བཞིན་ཤེས་པ་རང་བཞིན་དུ་གནས་པའི་མི་རེ་རེས་བརྟག་ཅིང་དཔྱད་ན་སྤྱི་ཚོགས་འཕེལ་བྱེད་ཀྱི་དགེ་སྐྱོན་གང་ཡིན་དང་། སློབ་གསོ་ལེགས་ལམ་དུ་འཁྲིད་པའི་རྒྱུ་རྐྱེན་གང་དང་ཅི་ཡིན་པ་དང་། ལྷན་ཅིག་བྱེད་རྐྱེན་གང་དང་ཅི་ཡིན་པ་སོགས་རྟོགས་པར་ངེས་སོ།།
༡)དགའ་བར་གྱུར་པའི་གནས་མ་ཡིན་པར་མི་སྤྱོད་པ།
ན་ནིང་ནད་ཡམས་མཆེད་སྒང་ལ། སློབ་མ་ཞིག་གིས“གཟའ་སེལ་གྱིས་འགོག་པ་ལས་ནད་བྱུང་བར་བཟང་”ཞེས་པའི་སྐད་ཆ་ཞིག་དངོས་སུ་གོ་མྱོང་། སྐབས་དེར“ལྟ་འཁྲིད་སྦྱོང་གསུམ”ནི་སློབ་མའི་ཁུར་པོར་གྱུར་འདུག་པ་ལས་རྒྱན་དུ་གྱུར་མི་འདུག་པས་དགེ་ལས་གནོད་ཚབ་ཆེ་བར་འདུག་སྙམ་མྱོང་།
ལོ་འདི་དག་རིང་གི་སློབ་བྱོལ་གྱི་གྲངས་ཀས་ཀྱང་མཚོན་པར་ནུས་ཏེ། མདོར་བསྡུས་ཞུས་ན། ངེད་ཚང་གི་བུ་མོ་དམའ་གཅིག་ལ་ཐོག་མར་འབྱོར་དུས་སློབ་མ་གཅིག་སྟོང་ལྷག་ཡོད་རབས་བཤད། ན་ནིང་དམའ་གསུམ་རྒྱུགས་ལ་ཞུགས་མཁན་སློབ་མ་དྲུག་བརྒྱ་ལྷག་ལས་མེད་རབས་གོ སློབ་བྱོལ་གྱི་གྲངས་ཀའི་འཕར་ཆག་འདི་སེལ་བ་རྣམ་བཞི་སྟེ། ཐུན་སེལ་དང་ཉིན་སེལ། གཟའ་སེལ་དང་ཟླ་སེལ་སོགས་དང་འབྲེལ་རབས་ཁྱིམ་བདག་མང་པོས་ལྐོག་ལབ་རྒྱག་པར་ཐོས་མྱོང་། ཁྱིམ་བདག་དག་ཡིག་རྨོངས་ཡིན་ཡང་གནས་ལུགས་ལོས་གོ ཁྱིམ་བདག་ཁྲིམས་རྨོངས་ཡིན་པས་ལྐོག་ལབ་རྒྱག་དགོས་སོང་བ་རེད། དེ་འདྲའི་གནས་ཚུལ་ལ་ཞིབ་དཔྱོད་མེད་པར་གང་འདོད་ཅི་བསམ་འགྲུབ་པའི་སློབ་གཙོ་ཀླད་སྟོང་དག་གི་ཨམ་ཅོག་ལ་ཁྲོ་ཆུ་བླུགས་པ་མིན་འགྲོ་སྙམ་པའི་ཐེ་ཚོམ་ཡང་སྐྱེས་མྱོང་། དགེ་རྒན་མང་པོ་ཡང་སུན་པའི་འཁུན་པ་གོ་མྱོང་ལ། སྐྱོ་བས་སྡུག་སྐད་འདོན་པ་ཡང་ཐོས་མྱོང་། སློབ་མ་ཚོ་སྨོས་མ་དགོས། དེ་འདྲའི་གནས་ཚུལ་འོག་ད་དུང་ཨུ་ཚུགས་ཆེན་པོས་དབང་ཡོད་བཀོལ་རྐྱང་བྱེད་པའི་སློབ་གཙོ་ཁོག་སྟོང་དག་གིས་དོན་ངོ་མར་ཅི་ཞིག་བྱེད་ཀྱིན་ཡོད་དམ།
མདོར་ན། དགེ་རྒན། སློབ་མ། ཁྱིམ་བདག་གསུམ་གར་མི་འཕྲོད་པའི་འཁྲིད་ཐབས་འདི་གནད་འགག་གི་སྐབས་སུ་རང་རེའི་ཕ་སྐད་མ་ཡིག་གི་ཀ་བ་འགྱེལ་སྤྱད་ཅིག་ལས་སློང་སྤྱད་དུ་མི་འགྲོ་བས་ན། གཞན་གྱི་ལེགས་ཆར་སྤྱོད་པ་རྒྱུན་གོམས་སུ་སོང་བ་འདི་རང་རེའི་ཡུལ་དུ་ལོག་ལམ་དུ་འགྲོ་བྱེད་དུ་གྱུར་དང་འགྱུར་བཞིན་པས་དགེ་ལས་གནོད་འཚབ་ཆེའོ།།
༢)ཡུལ་མ་ཡིན་པར་མི་སྤྱོད་པ།
རང་རེའི་ཁ་བ་ཅན་གྱི་ཆབ་དཔལ་རིག་གསུམ་གང་ཞིག་ཡིན་ཡང་མཁས་པས་བསླབས་ཤིང་སྦྱངས་ཏེ་བྱང་བ་ཐོན་པའི་ས་ཡིན་པ་གང་ཞིག་སྲོལ་དང་རྒྱུན་བསྲིངས་ཏེ་རང་ཅག་ལ་ཐུག་པའི་བར་མུ་རུ་བསྐྱངས་ཏེ་འོང་བ་སྨོས་མ་དགོས། དེ་བས་འཆད་ཉན་གཙོ་བོར་གྱུར་པའི་རིག་གཞུང་ཞིག་ཡིན་པས་འཆད་པ་ཉུང་བའི“ལྟ་འཁྲིད་སྦྱོང་གསུམ”ནི་རང་རེའི་སློབ་གསོ་སློབ་ཁྲིད་འདིར་མི་འཚམ་ལ། ལྷག་ཏུ་བྱིས་པ་དབང་ལོག་དག་གི་ཁམས་དང་རང་བཞིན། མོས་པ་དང་ཤེས་པ་སོགས་མིའི་འཚར་ལོངས་ཀྱི་ཆོས་ཉིད་དང་ཡང་མི་མཐུན་པས་ན། ཡུལ་དུས་མི་གསུམ་ལ་མི་འཕྲོད་པ་ཞིག་ཅི་ལ་མིན།
གཉན་འཕྲང་གི་སྐབས་ཞེས་པ་ག་འདྲ་ཞིག་ལ་བརྗོད་ཅེ་ན། ཕ་སྐད་མ་ཡིག་རྨེད་མེད་དུ་བཏང་དང་གཏོང་གིན་པའི་དུས་སུ་ལྷག་ཏུ་འཆད་པ་ཉུང་བའི་འཁྲིད་ཐབས་གསར་བ“ལྟ་འཁྲིད་སྦྱོང་གསུམ”ལྟ་བུས་དེ་ལ་རམ་འདེགས་བྱེད་པའི་རྐྱེན་དུ་འགྱུར་འགྲོ་བ་ལས་འཕེལ་དང་རྒྱས་སུ་འགྱུར་བའི་རྐྱེན་དང་གྲོགས་སུ་མི་འགྲོ་བ་ནི་ད་ལྟ་ལག་ལེན་དུ་བསྟར་བཞིན་པའི་རྣམ་པ་འདིས་གསལ་ལེར་ཕུད་འདུག་པ་འདིའོ། །དེ་བཞིན་ཁྱིམ་ཚང་སློབ་གསོ་ནས་དཔེ་ཀློག་ཅེས་ན་ཞ་རར་གནམ་བསྟན་པ་ལྟ་བུ་ཞིག་ཡིན་པའི་ཡུལ་རྨ་ཆུ་ལྟ་བུར“ལྟ་འཁྲིད་སྦྱོང་གསུམ”ལག་བསྟར་བྱེད་པ་ནི་ཡུལ་རྨ་ཆུར་མ་དམིགས་པ། མ་གཏད་པ། མ་རྟོན་པ་ཞིག་ཡིན་པ་ལས་བཟང་དགེ་མཛེས་གསུམ་འབྱུང་བྱེད་དུ་འགྱུར་མི་ཐུབ་པ་མངོན་སུམ་ཚད་མ་ཉིད་དུ་གྱུར་དང་འགྱུར་བཞིན་པ་འདིའོ།།
ཡུལ་ནི་གང་ཞེ་ན། རྨ་ཆུ་སྟེ། ཡིག་རྨོངས་གྲངས་ཚད་མང་པ་གང་ཞིག ཤེས་ལྡན་པ་དག་ཀྱང་ཁྲིམས་རྨོངས་ཡིན་པའི་གྲངས་ཚད་འབེལ་འབེལ་པོ། ཅི་ཞིག་སྤྱད་པར་མི་བྱ་ཟེར་ན། ལྟར་འཁྲིད་སྦྱོང་གསུམ་སྤྱད་པར་མི་བྱ། གང་དུ་སྤྱད་པར་མི་བྱ་ཞེ་ན། ཡིག་རྨོངས་ཁྲིམས་རྨོངས་པའི་ཡུལ་དུ་ལྟ་འཁྲིད་སྦྱོང་གསུམ་སྤྱད་པར་མི་བྱ། ཅིའི་ཕྱིར་སྤྱད་པར་མི་བྱ་ཞེ་ན། ཡུལ་ལ་མི་འཕྲོད་པས་སྤྱད་པར་མི་བྱ། མི་ལ་མི་འཕྲོད་པས་སྤྱད་པར་མི་བྱ། དུས་ལ་མི་འཕྲོད་པས་སྤྱད་པར་མི་བྱ། འདི་དག་གི་རྒྱུ་མཚན་གསལ་པོར་ངེས་དགོས་ན། དཔེ་ཀློག་བྱ་དགོས། དཔེ་ཀློག་གཅིག་པུས་ཀྱང་མི་འཁྱོངས་ཏེ་འཛམ་གླིང་བློ་ཡིས་འཆུམ་དགོས། མཐོང་རྒྱ་མིག་གིས་བསྐྱེད་དེ་སེམས་ལ་ཞགས་ལྟར་འཁྱིལ་ཞུགས་དགོས། གལ་ཏེ་སྤྱི་དོན་རིས་སུ་བོར་བ་ཞིག་མ་ཡིན་ན། ར་བྲག་འདོད་ཀྱིས་བྲག ར་རྩྭ་འདོད་ཀྱིས་རྩྭ་བསམ་ནས་རྒྱུག་རྐྱང་ཞིག་གཏན་ནས་མ་ཡིན་ནོ།།
༣)དུས་མ་ཡིན་པར་མི་སྨྲ་བ།
ལེགས་བཤད་སྙིང་པོའི་དབུར“རིགས་པ་དང་འགལ་བའི་གྲུབ་མཐའ་ཁས་བླངས་ན་སྨྲ་བ་པོ་ཚད་མའི་སྐྱེས་བུར་མི་རུང་བའི་ཕྱིར་རོ།།”ཞེས་གསུངས་པ་ལྟར།རིགས་པ་དང་འགལ་བའི་གྲུབ་མཁའ་ཁས་བླངས་ན་སྨྲ་བ་པོ་ཚད་མའི་སྐྱེས་བུར་མི་རུང་ན། མངོན་སུམ་དུ་བསྙོན་དགོས་པའི་གྲུབ་མཐའ་ཁས་བླངས་ན་སྨྲ་བ་པོ་ཚད་མའི་སྐྱེས་བུར་ཆགས་ཐབས་མེད། ཕུགས་ཀྱི་ཁེ་མི་བརྩི།འཕྲལ་གྱི་རྩིས་བཏང་དང་གཏོང་གིན་པའི་དུས་ངན་པ་ཤར་པ་ན། དོགས་པ་དང་དཔྱོད་པའི་བློ་བྲལ་བ་མང་པོ་ཤིག་འཚང་འཚང་བྱེད་པའི་དུས་སུ། ཕ་མེས་དཔའ་མཛངས་མཁས་གསུམ་ལྡན་པ་དག་གིས་སྲེག་བཅད་བརྡར་གསུམ་གྱིས་མཐིལ་བརྟོལ་བ་དག་གཡུགས་ཤིང་། རྒྱུགས་ཤོག་ཁ་སྐོང་ཙམ་པོ་བླ་ན་མེད་པ་དང་གོང་དུ་མ་མཆིས་པར་བརྗོད་པའི་དུས་ངན་འདི་ལྟར་ན་བཟང་དགེ་མཛེས་གསུམ་དོར་ཅིང་ངན་དགུ་མ་ལུས་འདྲེན་པར་འདྲོག་བསླངས་ཤིང་འུར་གྱིས་སྨྱོས་པར་གྱུར་པས་ན། དུས་མ་ཡིན་པར་སྨྲ་མི་རུང་། སུ་ཞིག་གིས་སྨྲ་མི་རུང་ཞེས་ན།དབང་དང་རྒྱུ་ཡོད་པ་དག་གིས་སྨྲ་མི་རུང་། ཅིའི་ཕྱིར་སྨྲ་མི་རུང་ཞེ་ན།ཁོ་ཚོར་དབང་ཙམ་པོ་ལས་དུས་མི་ཤེས། ཚད་མི་ཤེས།ཡུལ་མི་ཤེས།མི་མི་ཤེས། དེ་བས་སྨྲ་མི་རུང་། རྒྱུ་ཡོད་པ་ཙམ་པོས་སྨྲ་མི་རུང་སྟེ། ཁོ་ཚོར་རྒྱུ་ཡོད་པ་ཙམ་ལས་དུས་མི་ཤེས། ཡུལ་མི་ཤེས།མི་མི་ཤེས།ཚད་མི་ཤེས་པས་རྒྱུ་རྐྱེན་གྱིས་སྨྲ་མི་རུང་།
མདོར་ན། ཡུལ་དུས་མི་གསུམ་ལ་མི་འཕྲོད་པས་སྨྲ་མི་རུང་ལ་སྤེལ་ཡང་མི་རུང་བའི་གནས་ལུགས་མ་རྟོགས་པ་དེ་སྲིད་དུ་རང་རེའི་སློབ་གསོ་ནི“སྦྲུལ་ལ་འོ་མ་ལྡུད་པ”ཞེས་པའི་དཔེ་རུ་གྱུར་དང་འགྱུར་བཞིན་པ་སློབ་གྲྭའི་དགེ་རྒན་དང་ཁྱིམ་གྱི་བདག་པོ། ཡུལ་སློབ་མ་གསུམ་གྱིས་ལྐོག་ལབ་རྒྱག་བཞིན་ཡོད་ཀྱང་། ཁ་ཡོད་དབང་ཡོད་དག་གིས་བཙན་དང་ཤུགས་ཀྱིས་དེ་ལག་ཏུ་བསྟར་བར་འབད་པ་འདི་ལྟས་ངན་ནང་དུ་འདྲེན་པ་རང་ལས་མི་འདུག་པར་རང་རོགས་ཀུན་གྱིས་གཞིགས་གལ་ཆེའོ།།
ཕྱི་ལོ༢༠༢༤ལོའི་ཟླ༡༠པའི་ཚེས༣ཉིན་ཆོས་ཤུལ་གསང་བདག་ཏུ་འབོད་པས་ཤར་མར་སྦྱར་བ་ཀུན་ལ་ཕན་པའི་རྒྱུ་རུ་གྱུར་ཅིག་གུ །
རྩོམ་འབྲི་མཁན། ཆོས་ཤུལ་གསང་བདག
No comments:
Post a Comment