བླ་འབོད། I འོས་སྦྱོར།

____མགར་དམག 


ཆར་བ་འབབ་འདོད་ཀྱི་རེ་བས་སྤྲིན་དཀར་ལ་ཅི་ཙམ་བལྟས་ཀྱང་རླུང་བུ་གཡུག་སྟངས་ཤིག་གིས་མཐར་ང་ཡི་སྤྲིན་བཟང་རྒྱང་རིང་ལ་དེད་སོང་།

ལོ་ངོ་འདི་དག་གི་རིང་ལ།

ལོ་ངོ་འདི་དག་གི་རིང་ལ།

ཕྱིར་དྲན་རྩམ་པ་བཞིན་བརྫིས་ན་ཡང་རེ་དོགས་སངས་སྤྱད་ཀྱི་མར་ཁུ་མཛུབ་བར་ནས་འཕྱུར་རྒྱུ་མི་འདུག མཚན་མོ་ཁྲི་སྟོང་གི་ཡུན་ལ། བྲང་སྟོད་ལ་འཚང་གིན་པའི་སྙིང་ཆུང་ངོས་སུ་སྨུག་པ་རིང་དུ་འཁོར་ཞིང་། ཡིད་འོང་གི་སྐྱེད་མོས་ཚལ་ཏུ་རང་དབང་ངང་གར་ལ་རོལ་བའི་རྨི་ལམ་རྙེད་རེ་དཀའ་བས། ཀྱེ་དུས་ཚོད་ལགས། ད་ནི་ཁྱེད་ཁོ་ན་ང་ཡི་ཡིད་ངོས་སུ་འཁྱགས་རོམ་བཞིན་བསྡམས་ཤིང་འཐས་པར་གྱུར་བའི་ཡུལ་ལྗོངས་ཁོ་ན་ཉིད་དུ་གྱུར་བ་འདྲ་ལ། ཁྱེད་ཁོ་ན་ང་ཡི་སྤྲིན་གྱི་རྒྱ་མཚོ་བགྲོད་པའི་ཞེ་འདྲིས་སྙིང་མཐུན་གྱི་གཟིངས་ཆེན་གཅིག་པུ་ཡིན་པར་ངེས།

དུས་ཚོད་ལགས།

ད་ནི་ང་ཡི་རེ་དོགས་ཀྱི་སེམས་པ་སྦང་གླུམ་མི་བྱེད་པར་ཞུ། ང་ཡི་ཉམས་ཆུང་བའི་ཞེ་འདང་ནག་སུབས་མི་གཏོང་བར་ཞུ། ང་ལ་ལས་སྐལ་གྱི་བརླ་རྐང་རིང་ཙམ་འབུད་པའི་དུས་ཚོད་གནོང་དང་། ང་ཡི་རླབས་ཆེ་བའི་ཡུལ་གདུང་དང་སེམས་བསྐྱེད། ང་ཡི་དཔའ་ཞིང་རྟུལ་ཕོད་པའི་སྙིང་རྗེ་དང་བརྩེ་དུང་། ཡོད་དོ་ཅོག རྒོད་པོའི་གཤོག་རླབས་སྤྲིན་སྟེང་ལ་འཕྱོ་སའི་འཆར་ཡན་གྱི་རིག་གནས། དཔག་བསམ་ལྗོན་བཟང་ལྟར་འཚང་པའི་མི་ཡུལ་ཏུ་གཏེར་བ། ད་ནི་སྔོག་པའི་དུས་ལ་བབས། ས་ས་མལ་དང་རྡོ་རྡོ་མལ་བྱེད་པའི་དུས་ལ་བབས།

མགོ་ལ་མེ་ཤོར་བ་ལྟ་བུའི་ཞེད་སྣང་ཡོད་ཚད། སྙིང་གི་རུས་པ་ཆག་སོང་པ་ལྟ་བུའི་ངུ་ཤུམ་ཐ་དག འཇིམ་པ་ལྟར་བརྫི་ཆོག་པའི་སྡར་གཤིས་ཀུན་པོ། རྨོངས་འཐོམས་ཀྱིས་བསྐྱེད་ཅིང་འཕེལ་བའི་མུན་པ་དང་ནག་པོ་ཡོད་ཚད། ད་ནི་རྟ་རྒོད་མཐུར་ལས་ཤོར་བ་ལྟ་བུའི། རིག་པ་ཀློང་རྡོལ་བ་ལྟ་བུའི། མིའི་རིགས་ཀྱི་ཡིད་འོང་གི་ཆ་ཤས་དཔག་མེད་ཕྱོགས་གཅིག་ཏུ་བསྡུས་པ་ལྟ་བུའི། སྨྱུག་སྨྱོན་ལ་བུད་པའི་སྨྱུ་གུ་འདི་ཡིས། གཅིག་གཅིག་གཉིས་གཉིས་ངང་དུ་ཞིབ་ཅིང་ཕྲ་བར། ཟབ་ཅིང་བརླིང་བར་འཆད་པའི་སྤོབས་པ་རྙེད་སོང་།

སྤོབས་པ་དངིས་གནས་པ་དེ་གང་དུ་ཡང་མེད་དེ། དེ་ཉིད་ངས་དྲན་དྲན་པའི། ངས་ཉིན་མཚན་དུས་དྲུག་ལ་བསམ་བསམ་པའི། སྐལ་ཡ་ཐོག་ནས་ཐོན་པའི་འོད་གསལ་ལྷ་ཡི་ཐུགས་ཀ་ན་ལྷག་འདུག དེ་ནི་ངས་བརྗེད་ངེས་ཀྱིས་གསལ་ལ་མི་བསལ་བར་བཏང་པའི་གཏུན་མོ་མེ་འབར་ལྟ་བུའི་གཟུངས་སྔགས་ཚན་ཁ་འབར་མའི་མེ་ཀླུང་གི་སྦུབས་སུ་ཡོད་འདུག དེ་ནི་ངས་སྣང་ཆུང་དང་ཁྲེལ་དགོད་ཀྱིས་ཕར་ལ་དེད་པའི་ཕ་རྒན་གྱི་བག་ཆགས་མཐུག་པོའི་ནང་རིམ་དུ་གནས་འདུག དེ་ནི་ཁྱོད་དང་ངའི་མར་ཞབས་སུ་བཀྱེད་བཀྱེད་པའི་སྟག་མོ་ལུས་སྦྱིན་འདྲ་བའི་ཨ་མའི་གནའ་གཏམ་གྱི་ནང་དུ་ལུས་འདུག

དེ་ནི། ཁྱོད་དང་ངས་རིག་རིག་ལྟས་ལྟས་ལ་གསོན་བསྐྱུར་བཏང་པའི། སྤང་ལྗོངས། ནོར་ལུག དར་ལྕོག མ་ཎི་རྡོ་འབུམ། ཡུལ་ལྷ་གཞི་བདག་སོགས་སོ། དེ་ནི་ཁྱོད་དང་ངས་དྲན་དྲན་གོ་གོ་ལ་ནག་སུབས་བཏང་པའི་ཕྱི་མི་ལྡོག་པའི་དད་པའི་ངོ་བོ། སྡུག་པོ་མི་གཏོང་པའི་སེམས་དཔའ་བོ། འབུ་གྲོག་གི་ལས་དབང་ལ་སེམས་ཚེགས་པའི་བྱམས་པ་ཆེན་པོ། མི་འཕུང་རང་བརླག་མི་གཏོང་པའི་བློ་གཟུ་བོ་དག་གོ

མདོར་ན། ནམ་ལངས་པ་ལྟ་བུའི་རིག་པའི་ངོ་བོ་འོད་གསལ་བ་དེ་ཉིད་འདི་ག་རུ་འདུག་གོ

འདི་གའི་བྲང་ཁའི་སྙིང་རྩུད་ཀྱི་ནང་དུ་ལག་པ་འཕྲད་པའི་བར་གླགས་དེ་ག་རུ་འདུག་གོ

ང་ཡི་མ་དག་པའི་སེམས་པ་དག་པར་བྱེད་མ། ང་ཡི་མ་རིག་པའི་རྨོངས་པ་འཇོམ་པར་བྱེད་མ། རྫོགས་ལྡན་ཡིད་འོང་གི་སྒྲ་དབྱངས་འགྱུར་ཁུགས་སྟོང་མ། དུས་ནི་ད་ལྟ་ཉིད་དུ། ང་ཡིས་སྒོ་གསུམ་མཆོད་པའི་ཕུད་མ་ཕྱག་རྩེར་བཏགས་ཏེ་ཁྱེད་ལ་ཕུལ་ཏོ། ངག་གི་དབང་པོ་ལྷ་མོ་དབྱངས་ཅན་མ་ལ་ཕྱག་མཚལ་ལོ།

ཀྱེ་སྙིང་དུ་སྡུག་པའི་དུས་ཚོད་ལགས།

ཁྱོད་ཀྱིས་ང་ལ་ཆུང་ཞིང་ཆུང་བ་ནས་ཡན་ལག་གཟུགས་གཞི་རུ་ཆགས་པའི་ལུས་ཀྱི་རྟེན་འདི་གནང་པས། ཕྲ་ཞིང་ཞིབ་པར་བསྐྱེད་པའི་ཤེས་རབ་ཀྱི་ལམ་རྒྱགས་འདི་རང་བསྩལ་བས། རྟེན་ཅིང་འབྲེལ་བའི་ཡན་ལག་བྱེ་བ་ཕྲག་རྒྱ་རུ་བསླབས་པས། ངས་ཁྱེད་ལ་ཞེ་ཐག་པ་ནས་ཨ་མ་ཞེས་མི་འབོད་པའི་རྒྱུ་མཚན་ཞིག་ཁྱོན་ནས་མི་གདའ་ཨང་།

ཁྱེད་ནི་གདོད་མ་ཉིད་ནས་མི་བསྡོད་མདུན་ཏུ་བསྐྱོད་པའི་པའི་ངོ་བོར་གནས་པས། ང་ཡང་ཁྱེད་དང་མཉམ་པོར་འཁྲུད་རོགས་གནོང་དང་།

ན་ཚོད་ཡོལ་གྱིན་ཡོལ་གྱིན་ཆེས་ཐེགས་པར་དཀའ་བ་ནི་ཡུལ་གདུང་ཁོ་ནའོ།

ཕ་ཡུལ། ཆེ་ཆུང་ཕྲ་རེགས་དུ་མར་ཡོད་པའི། རྩྭ་རྩི་བྲག་རྡོ་སོ་སོར་གནས་པའི། སྤྲིན་དང་ཆུ་ཆབ་གང་དུ་ཡང་འཐིམ་པའི། ངས་ཚེ་ལོ་གཅིག་ལ་ནན་བཅག་བཅག་གིས། གཅིག་གཅིག་གཉིས་གཉིས་ནས་བཙལ་དགོས་པའི། བཙལ་ནས་རྙེད་དགོས་པའི། གསོན་ན་སེམས་པ་གླན་དགོས་པའི། ཤི་ན་བེན་པོ་དུར་དགོས་པའི་ཕ་ས་ཕ་ཡུལ།

བཞུད་ཟིན་པའི་དུས་ཚོད་ལ་ཕྱིར་ལྡོག་མེད་ན་ཡང་། བགྲེས་སོང་ཚེ་རིང་གི་བཟོ་ལྟ་འཛིན་པའི་ལོ་བརྒྱའི་ཁེར་རྐྱང་གི་གངས་རྒན་རིན་པོ་ཆེ། ད་ནི་ཨམ་བཙུགས་ཀྱི་མདུད་ནག་རྡོ་རྗེ་བཅུ་མ་རང་སར་གྲོལ་དང་། ང་དང་ངའི་རིགས་གཅིག་སྤུན་ཟླ་དག་གི་མགྲིན་པ་ཟངས་མའི་སྦུགས་སུ་གདེངས་མཐོ་བའི་ཧི་མ་ལའི་མཉམ་སྒྲོག་རོལ་མོ་མེ་རི་བཞིན་འཕྱུར་ཞིང་འཕྱོ་བར་རྩོམ། ང་དང་ངའི་རིགས་གཅིག་སྤུན་ཟླ་དག་གི་རྣམ་རྟོག་རྨང་ནས་སད་པའི་ང་རོ་སེང་གེ་ཁྲོ་མོ། གཞོན་ནུ་བཅུ་དྲུག་རྫོགས་མའི་བརླ་རྐང་ལ་དྲངས་ཏེ་ཁམས་གསུམ་གནས་སུ་བསྒྲོགས་པར་ཐག་མི་རིང་།

ཀྱེ་དང་ཀ་ཡེ། སྙིང་དུ་སྡུག་པའི་དུས་ཚོད་ལགས།

ང་ལ་ཁྱོད་ཀྱི་སྔ་རོལ་ཏུ་མཆོང་སྤོབས་པའི་དཔའ་གདེང་ཞིག་སྩོལ་རོགས་ཀྱེ།

གོ་ཐོབ་དང་སྲེད་པས་རྨོངས་མུན་གྱི་དོང་ཆེན་པོ་ཞབས་རྡོལ་བའི་དེ་རིང་།

སྙིང་ཆུང་ཨུ་ཐུག་གི་བསམ་པས་སོ་སོ་ཁེར་སྡུག་གི་གྲང་དམྱལ་དགུའི་འོག་རིམ་པར་བརྫངས་པའི་དེ་རིང་། ཕོ་སྐྱེས་པར་མིག་ཆུ་མང་པས་ཤམ་བྷ་ལའི་བྱ་རྒྱོད་ཡིན་ཡང་དཔའ་ཞིམ་པར་འདུག་ལ། དགའ་ལྡན་དུར་ཁྲོད་ཀྱི་རྣམ་ཤེས་ཡིན་ཡང་བརྟན་ས་ཆགས་ཡུལ་མེད་པའི་ཚོད་དུ་མི་གདའ་འམ།

གཡག་རྒོད་པོའི་རྭ་རྩེ་སྤྲིན་དཀར་གྱི་ཡང་སྟེང་ལ་འཕྱོ་བའི་གཏམ་རྒྱུད་ཅིག་ཡོད་མྱོང་པ་བདེན་ནམ་སྙམ་པའི་ཚོད་འདི་ལ། ཡ་གླིང་གི་སུམ་གཉིས་ས་ཡི་དཀྱུལ་འཁོར་བཟུང་མྱངས་པའི་བཙན་རྒྱལ་ཞིག་ཆགས་མྱོང་པ་སྒྲུང་ངོ་སྙམ་པའི་ཚོད་འདི་ལ།

ཁྱོད་རང་བླ་འཁྱམ་པ་ལྟར་ཕ་གི་ལ་མ་འགྲོ་ཨང་། ཕ་གིའི་ཡུལ་མུན་པ་ཅན། བརྗེད་ཟས་བརྗེད་ཆུ་འཐུང་ལ་དུས་ཉི་ཚེ་བའི་དྲན་པར་གནས་པའི་ཡི་དྭགས་ཀྱི་ཡུལ་དུ་མ་འགྲོ་ཨང་། བཀྲ་ཤིས་དང་ཚེ་རིང་། སྒྲོལ་མ་དང་པ་སངས་དང་བཅས་པའི་ང་ཡི་རིགས་གཅིག་སྤུན་ཟླ་ཡི་ཚོགས། ཁྱོད་ཚོ་འདིར་ཤོག་དང་། འདི་ག་ན་ཡོད་དོ། འདི་ག་ན་ཁྱོད་ཀྱི་མིང་དང་རུས་དང་ཕ་དང་མ་དང་ཕུ་ནུ་དང་མིང་སྲིང་དང་བཅས་པའི་བརྩེ་དུང་ཕུན་སུམ་ཚོགས་པ་ཞིག་ཡོད་དོ།

ཁྱོད་རང་གཉིད་ལོག་བརྒྱབ་པ་ལྟར་ཕ་གི་ལ་མ་འགྲོ་ཨང་། ཕ་གིའི་ཡུལ་སྡུག་པ་ཅན། ལས་ནི་ཤན་པ་དང་ཤ་པར་སྐྱེས་པའི་༼ཕ་ཤ་ཟ་ཞིང་མ་ལ་རྡེག་པའི་༽སྲིན་པོའི་གནས་སུ་མ་འགྲོ་ཨང་། སྤེན་པ་དང་ཉི་མ། ལྷགས་པ་དང་ཕུར་བུ་དང་བཅས་པའི་ང་ཡི་རིགས་གཅིག་མིང་སྲིང་གི་ཚོགས། ཁྱོད་ཚོ་འདིར་ཤོག་དང་། འདི་ག་ན་གནས་སོ། འདི་ག་ན་ཁྱོད་ཀྱི་དྲན་པ་དང་དད་པ་དང་མཛའ་གཅུགས་དང་སྙིང་སྡུག་བཅས་པའི་ལོངས་སྤྱོད་ནོར་བུའི་ཕོ་བྲང་ཞིག་གནས་སོ།

ཁྱོད་རང་སྙིང་གད་པ་ལྟར་ཕ་གི་ལ་མ་འགྲོ་ཨང་། ཕ་གིའི་ཡུལ་བརྗེད་ངེས་ཅན། རིགས་རུས་དང་། བག་ཆགས་དང་།  འདུན་མ་དང་། མཛེས་རྟོག་གང་ཡང་མེད་པའི་འཕྲུལ་ཆས་ཀྱི་ཡུལ་དུ་འགྲོ་ཨང་། རྟ་མཆོག་དང་། འབྲོང་གཡག་དང་། བྱ་རྒོད་དང་། རྐྱང་དང་བཅས་པའི་བདག་གི་རིགས་གཅིག་པའི་བླ་ཟོག་དག་དང་ཁབ་གཅིག་ཏུ་གནས་འདིར་བྱོན་དང་། འདི་ག་ན་འབྲོང་མོའི་རྭ་གཞུ་ཤེད་ཀྱིས་འཐེན་པའི་ཕ་རྒན་པོ། འབྲོང་རྭའི་སྒྲ་སྙན་གྱི་འགྱུར་ཁུགས་ལ་ཉན་སྤྲོ་བའི་ས་གཞི་ཆེན་པོ། འགྲོ་དྲུག་སེམས་ཅན་མ་རུ་སྒོམ་པའི་སེམས་དཔའ་བོ་དང་བཅས་པའི་རིག་གནས་ཚེ་རིང་པ། བག་ཆགས་ཚེ་རིང་པ། ༼བགྲེས་སོང་ཚེ་རིང་པ་༽ནམ་མཁའ་ཉི་ཟླ་དང་བཅས་པ་གནས་སོ།

ད་ནི་ཁྱོད་ལ་དེ་ཡིས་མ་ཆོག་པ་ཅི་ཞིག་ཡོད།

ད་ནི་ཁྱོད་ལ་དེ་ཡིས་མ་མགུ་བ་གང་ཞིག་ཡོད།

ཀྱེ་དང་ཀ་ཡེ། སྙིང་དུ་སྡུག་པའི་དུས་ཚོད་ལགས།

ང་ཡི་ཡུལ་དུས་རྨང་ནས་དཀྲོགས་པའི་བླ་འབོད་འདི་སྐལ་བའི་མཐའ་ལ་སྲིང་རོགས་ཀྱེ།


No comments:

Post a Comment

Adbox