རེལ་ཁིའི་སྙན་ཚོམ། I གསར།

ཛ་དྲག་གི་དུས་ཚོད།


『རྩོམ་མཁན་རེལ་ཁི། ལོ་ཙཱ་ན་བུན།

 

སུ་ཞིག་འཇིག་རྟེན་གྱི་ཁམས་གང་ཞིག་ན་ངུ་གིན་འདུག

དོན་མེད་ལ་འཇིག་རྟེན་ན་ངུ་གིན་འདུག

ང་ཡི་སླད་དུ་ངུ་གིན་འདུག

 

སུ་ཞིག་མཚན་ལྗོངས་ཀྱི་གནས་གང་ཞིག་ན་དགོད་ཀྱིན་འདུག

དོན་མེད་ལ་མཚན་ལྗོངས་ན་དགོད་ཀྱིན་འདུག

ང་འཕྱས་ནས་དགོད་ཀྱིན་འདུག

 

སུ་ཞིག་འཇིག་རྟེན་གྱི་ཁམས་གང་ཞིག་ནས་འཁྱམ་བྱུང་།

དོན་མེད་ལ་འཇིག་རྟེན་དུ་འཁྱམ་བྱུང་།

ང་ལ་ཕྱོགས་ཏེ་འཁྱམ་བྱུང་།

 

སུ་ཞིག་འཇིག་རྟེན་གྱི་ཁམས་གང་ཞིག་ནས་གྱེས་སོང་།

དོན་མེད་ལ་འཇིག་རྟེན་ལས་གྱེས་སོང་།

ང་ལ་ལྟ་གིན་གྱེས་སོང་།


མིང་མེད།

 

འཇིག་རྟེན། སྙིང་སྡུག་གི་ཞལ་ལ་འཁྱིལ་ཏེ། 

གློ་བུར་སྐྱོམས་ནས་བཞུར་སོང་།

འཇིག་རྟེན། ཕྱི་རོལ་ན་འདུག

འཇིག་རྟེན། སྤར་བས་ཟིན་ཐབས་མི་འདུག

 

ངས་འཇིག་རྟེན་ལ་ཇི་ཙམ་བསྙབས་ཀྱང་མི་ཟིན་པ་ཅི་ཡིས་ཉེས་སམ།

སྙིང་སྡུག་གི་ཞལ་ནས། འཇིག་རྟེན་ཧབ་ཀྱིས་བཏུང་བཞག

འཇིག་རྟེན་གྱི་ཆེས་ཉེ་ས་ནས། ངས་མངར་སྐྱུར་གྱི་བྲོ་བ་མྱོང་ཐུབ་བམ།

 

ཀྱེ་ཧུད། ངས་ཧབ་ཀྱིས་བཏུང་བཞག རྔམ་སེམས་ཀྱི་དབང་གིས། ངས་ཧབ་ཀྱིས་བཏུང་བཞག

འཇིག་རྟེན་གྱིས་ང་ལྟེམས་པར་གྱུར། ལྟེམས་དྲག་པའི་དབང་གིས།

ངས་འཇིག་རྟེན་ཧབ་ཀྱིས་འཐུང་གིན། ངས་རང་ཉིད་ཅི་འདོད་དུ་འཕྱོ་རུ་བཅུག་པ་ཡིན།


བདག་གི་མིག་ཟུང་ཞར་ཡང་། 


བདག་གི་མིག་ཟུང་ལོང་པར་གྱུར་ནའང་། ངས་ད་དུང་ཁྱེད་ཀྱི་ཞལ་གཟུགས་མཐོང་ཐུབ།

བདག་གི་ཐོས་དབང་གི་བུ་ག་བསུབས་ཀྱང་། ངས་ད་དུང་ཁྱེད་ཀྱི་གསུང་གླེང་ཐོས་ཐུབ།

བདག་གི་རྐང་པ་ཞལ་ཐང་དུ་གྱུར་ཡང་། ང་ད་དུང་ཁྱེད་ཀྱི་གམ་དུ་སླེབས་ཐུབ།

བདག་གི་སྨྲ་ལྕེ་ལྐུགས་རུང་། ངས་ད་དུང་ཁྱེད་ལ་འདུན་མ་སློང་ནུས།

བདག་གི་ལག་པ་ཆད་ཀྱང་། བདག་གི་ནང་སེམས་ཀྱི་ལག་པས། ཁྱེད་རང་ཟིན་ཐུབ།

བདག་གི་ནང་སྙིང་གི་འཕར་ལྡིང་འཇགས་རུང་། བདག་གི་དབང་ཤེས་ཀྱི་འཕར་རྩ་མངོན་སུམ་དུ་ལྡིང་ངེས།

གལ་སྲིད་ཁྱེད་ཀྱིས་བདག་གི་དབང་ཤེས་མེ་རུ་སྦར་ཚེ། ད་དུང་བདག་གི་ཟུངས་ཁྲག་གི་བཞུར་རྒྱུན་ལས་ཁྱེད་རང་བསུ་ངེས།

རྩོམ་པ་པོ།

 

         མ་རེ་ཡ་རེལ་ཁི་(Maria Rilke 1875-1926)ནི་དེང་གི་ཅེག་སྤྱི་མཐུན་རྒྱལ་ཁབ་(Czech Republic)ཀྱི་རྒྱལ་ས་པ་རག་(Prague)ནང་སྐུ་འཁྲུངས། ཡུལ་དེའི་དམངས་ཁྲོད་གླུ་དབྱངས་ཀྱི་རོ་བཅུད་ཆེན་པོ་ལྡན་པའི་སྙན་ངག་དང་སྒྲུང་རྩོམ་མཁན་རླབས་ཆེན་ཞིག་རེད།

ལོ་ན་ཆུང་དུས་ཁྱིམ་ཚང་གི་རྙོག་འཛིང་ཁྲོད་ནས་སྐྱོ་སྡུག་སེམས་གཅོང་ཚད་མེད་མྱངས། ནུབ་ཕྱོགས་ཀྱི་རྩོམ་རིག་ལོ་རྒྱུས་ལྟར་ན། ཁོང་གིས་རང་གི་ལྷན་སྐྱེས་ཀྱི་ཤེས་རབ་ལ་བསྟེན་ནས་རྩོམ་རིག་གསར་རྩོམ་གྱི་ལམ་དུ་ཞུགས་ཏེ། འཆར་ཡན་རིང་ལུགས་ཕྱི་མའི་(neo-romanticism)སྙན་ངག་ནས་མཚོན་རྟགས་རིང་ལུགས་སྔ་མའི་(original symbolism)སྙན་ངག་གསར་རྩོམ་དུ་བར་རྒལ་བྱུང་ཞེས་དང། ཡང་དཔྱད་བརྗོད་པ་རེ་འགས་རེལ་ཁི་ནི་དུས་རབས་ཉི་ཤུ་བའི་དེང་རབས་སྨྲ་བའི་ལུགས་ཀྱི་སྙན་ངག་པའི་(modernist poets)སྡེ་ནས་ཤུགས་རྐྱེན་ཆེས་ཆེ་བའི་རྩོམ་མཁན་གྱི་གྲས་སུ་བཞེད། དེར་མ་ཟད་ཁོང་གིས་ཁྱིམ་ཐབས་དོར་ནས་དབེན་གནས་འགྲིམ་དོན་ཡང་རྩོམ་རིག་གསར་རྩོམ་གྱི་དགོས་དབང་ཡིན་པར་སྨྲ།

བརྩམས་ཆོས་གཙོ་བོར་<<སྙན་ངག་གསར་བ་>>(New Poems)ཕྱོགས་བསྒྲིགས་དང་། <<ཨོར་བྷི་ཡུ་སི་ལ་ཕུལ་བའི་སྙན་ངག་རྐང་བཅུ་བཞི་མ།>>(Sonnets to Orpheus) <<ཌུ་ཨེ་ནོ་ཡི་གདུང་དབྱངས།>>(The Duino Elegies) <<མི་ཚེ་དང་སྙན་ངག>>( Life and Songs)<<རྨི་ལམ་དབུ་རྒྱན།>>(Dream-Crowned) གཞན་ཡང་སྙན་ངག་པ་ཁོང་གི་སྒྱུ་རྩལ་རྩོམ་རིག་ལ་འཇུག་པའི་འདུ་ཤེས་དང་ལྟ་ཚུལ། ཁེར་རྐྱང་དང་བརྩེ་གདུང། མཛེས་དཔྱོད་རིག་པའི་མཚན་ཉིད་དང་ལྟ་དགོངས་སོགས་མཚོན་པའི་<<ན་གཞོན་སྙན་ངག་པར་སྤྲིངས་པའི་འཕྲིན་ཡིག་>>(Letters to a Young Poet)སོགས་བཞུགས།



No comments:

Post a Comment

Adbox