【 རྩོམ་པ་པོ། 】
ཨ་ལེ་སི་མུན་རའོ་(Alice Munro 1931)ནི་བྱང་ཨ་རིའི་རྒྱལ་ཁབ་ཁེ་ན་ཊའི་(Canada)མངའ་སྡེ་ཨོན་ཊ་རེའོ་(Ontario)ནང་ཞིང་པ་ཞིག་གི་ཁྱིམ་དུ་སྐྱེས། སློབ་ཆེན་མཐར་ཕྱིན་རྗེས། ཁོ་མོ་ཨོན་ཊ་རེའོ་ནུབ་མའི་གཙུག་ལག་སློབ་ཆེན་(University of Western Ontario)དུ་ཞུགས་ནས་སྐད་བརྡ་རིག་པ་དང་གསར་འགོད་རིག་པར་སློབ་གཉེར་མཛད།
སྤྱི་ལོ་༡༩༥༡ ལོར་གཉེན་སྒྲིག་ནས་སློབ་མཚམས་འཇོག་དགོས་བྱུང་། ཡིན་ན་ཡང་ཁོང་མོ་ལོ་ན་༡༠ སྟེང་ནས་རྩོམ་རིག་གསར་རྩོམ་གྱི་ལམ་དུ་ཞུགས་ཤིང་། སྔ་རྗེས་སུ་འཛམ་གླིང་གི་ཕུལ་བྱུང་རྩོམ་པ་པོའི་གྲས་དང་དེང་རབས་སྒྲུང་ཐུང་གི་དེད་དཔོན། ཁེ་ན་ཊའི་སྒྲུང་ཐུང་གི་རྒྱལ་མོ་སོགས་ཀྱི་མཚན་གནས་བསྩལ་ཏེ་སྙན་པའི་གྲགས་པ་ཁྱབ། ཁོང་མོའི་རྩོམ་ཡིག་མང་པོ་ཞིག་དབྱིན་ཡིག་གཙོས་པའི་འཇར་མན་དང་སི་པན་(Spain)། སི་ཝེ་ཌན(Sweden)།ཧྥ་རན་སི་(France)བཅས་ཀྱི་སྐད་ཡིག་ནང་བརྩམས་པར་བཤད།
མོའི་སྒྲུང་ཐུང་གསར་རྩོམ་གྱི་དམིགས་འབེན་གཙོ་བོ་ནི། བུད་མེད་ཀྱི་སྤྱི་ཚོགས་འཚོ་གནས་དང་དེ་ལ་འཇུག་པའི་ཧུར་བརྩོན། བརྩེ་དུང་དང་དེའི་སྐྱོ་གར་བཅས་སུ་གཏོད་ཅིང་། མོའི་སྨྱུག་འོག་གི་མི་སྣ་དག་གིས་མི་ཚེའི་སྙིང་བོ་ཇི་ལྟར་བརྩོན་ལེན་བྱས་ནའང་། མཐར་སྤྱི་ཚོགས་ཁོར་ཡུག་གིས་དེ་དག་སྣང་མེད་དུ་བསྐྱུར་བ་དང་། ཀུན་སྤྱོད་ཐད་ཀྱི་འགལ་ཟླ་ཡང་སྔར་ལས་ཛ་དྲག་ཏུ་གྱུར་ཅིང་མི་ཕན་ཚུན་བར་གྱི་འབྲེལ་འདྲིས་སྔར་བས་ཐབས་རྡུགས་སུ་གྱུར་བ། མདོར་ན་གནད་དོན་དེ་ནི་མི་རབས་གཉིས་བར་གྱི་ཧེ་བག་གམ་མི་ཚེའི་འགན་འཁྲི་ལ་རག་ལས་པར་བསྟན།
ཁོ་མོའི་སྒྲུང་གཏམ་གྱི་རྒྱབ་ལྗོངས་ལ་གཞིག་ཚེ། སྐྱེ་རྒ་ན་འཆི་སོགས་སྡུག་བསྔལ་གྱི་བདེན་པར་ཉམས་ཞིབ་མང་དུ་མཛད་འདུག་པ་གསལ་བོར་མཚོན་ཐུབ། བརྩམས་སྒྲུང་གི་མི་སྣ་མང་ཆེ་བ་བུད་མེད་ཡིན་པ་དང་། ཁོ་མོས་བུད་མེད་ཕལ་བའི་སེམས་ཁམས་ཀྱི་འགྱུར་བ་ཕྲ་རབ་དང་བརྩེ་དུང་གི་མྱོང་བ་ཅི་རིགས་བྲིས་ཏེ་བབ་ཆགས་དང་ཡིད་འོང་གི་གཏམ་རྒྱུད་ཀྱིས་ཀློག་མཁན་རྣམ་པའི་ཀློག་འདུན་བརྟས་པ་དང་ཡིད་དབང་སྐྱོམ་པར་བྱེད། གཞན་ཡང་ཁོང་མོའི་སྔ་དུས་ཀྱི་བརྩམས་སྒྲུང་དག་གིས་བཟའ་ཚང་བསྒྲིགས་མ་ཐག་པའི་བུད་མེད་རྣམས་ཀྱི་བརྩེ་དུང་དང་འདོད་མོས། བྱིས་པ་བཅས་ཀྱི་ཆེད་དུ་བརྒྱུད་མྱོང་བའི་སེམས་ངལ་མཚོན་པ་གཙོ་ཆེ་ཞིང་། ཕྱིས་སུ་རྒ་བའི་སྡུག་བསྔལ་གྱིས་ཁུར་དུ་ནོན་པའི་བུད་མེད་དང་འཇིག་རྟེན་འཁོར་བའི་རྫོགས་རྒྱུ་མེད་པའི་ལས་དོན་ཙག་ཙིག་གི་ཁྲོད་ན་འདུར་རྒྱུག་བྱེད་པའི་བུད་མེད་དག་མཚོན་པ་གཙོ་བོར་བཟུང་འདུག
མོར་ཁེ་ན་ཊ་རྒྱལ་ཡོངས་རིམ་པའི་རྟོག་སྒྲུང་གསར་རྩོམ་གྱི་གཟེངས་རྟགས་ཐེངས་གསུམ་ལ་ཐོབ་པར་མ་ཟད། སྤྱི་ལོ་༢༠༡༣ ལོར་དགུང་ལོ་གྱ་གཉིས་ལོན་པའི་ཁོ་མོས་ནོ་བྷིལ་རྩོམ་རིག་གཟེངས་རྟགས་ཞལ་བཞེས་གནང་།
སྒྲུང་རྩོམ་གཙོ་བོར་<<དགའ་སྐྱིད་ཀྱི་བྲོ་གར་>>(Dance of the Happy Shades)དང་<<སྨན་ཤར་དང་སྐྱེད་མའི་འཚོ་བ།>>(Lives of Girls and Women) <<ཁྱེད་ཀྱིས་རང་ཉིད་སུ་ཞིག་ཡིན་སྙིང་འདོད་དམ།>>(Who Do You Think You Are?) <<སྤྲང་མོ་ཆུང་ཆུང་།>>(The Beggar Maid) <<བརྩེ་དུང་གི་མདུན་སྐྱོད།>>(The Progress of Love) <<གསང་བ་བརྟོལ་བ།>>(Open Secrets) <<སྐྱེད་མ་བཟང་མོ་ཞིག་གི་བརྩེ་དུང་།>>(The Love of a Good Woman) <<བྲོས་བྱོལ།>>(Runaway) <<བརྩེ་བའི་མི་ཚེ་>>(Dear Life)སོགས་བརྩམས་ཆོས་༡༤ ལྷག་པར་སྐྲུན་འགྲེམས་སྤེལ་གནང་འདུག
ལྷག་པར་དུ་<<བྲོས་བྱོལ་>>ཞེས་པའི་སྒྲུང་རྩོམ་འདི་ནི་ཁོ་མོའི་བརྩམས་ཆོས་ཁག་ལས་འཐུས་ཚབ་བརྩམས་ཆོས་སུ་བགྲངས་ཤིང་། གཏམ་རྒྱུད་དེ་ལ་ཡིད་འགུག་གི་ནུས་པ་ཆེན་པོ་ལྡན་པ་དང་རྗོད་བྱེད་གནད་དུ་དྲིལ་བ། ཐུན་མིན་གྱི་ཁྱད་ཆོས་འཛོམས་ཤིང་བབ་ཆགས་པ་བཅས་ཐེངས་ག་ཙམ་བཀླགས་ཀྱང་མྱོང་བ་འཛད་དུ་མེད་པར་སྨྲ།
No comments:
Post a Comment