བོར་ཟིན་པའི་ཁྱུང་ཆེན་གྱི་མཆུ་ཏོ།_____མི་ལ་ཙི་ཙི།
སྙན་རྩོམ་འདིས་བདག་ལ་རྒྱའི་སྙན་ངག་པ་ཧེ་ཙིའི་"གཙང་བོ་རེ་རེ་དང་རི་བོ་རེ་རེ་ལ་དྲོད་ཁོལ་གྱི་མིང་རེ་འདོགས་"ཞེས་པའི་སྙན་ཚིག་དེ་དྲན་དུ་འཇུག རེད་ཨང་། རི་བོ་དང་གཙང་བོ་ལ་གདགས་པའི་མིང་ཡང་རིང་གི་བུས་ཕྲུག་ལ་གདགས་པའི་མིང་ཇི་བཞིན་བརྩེ་སེམས་ཀྱི་དྲོད་ཁོལ་གྱིས་བཅིངས་པ་ཞིག་ཡིན་ཚེ། མ་གཞི་ནས་ངོ་བོ་དབྱེར་མེད་དུ་འདྲེས་ཤིང་སིམ་སྟེ་ཡོད་པའི་མི་དང་རང་བྱུང་ཁམས་ཆེན་མོ་ཡང་། སླར་གཉུག་མའི་དུངས་ཞེན་གྱིས་སྤྲེལ་ལ། མ་ཟད་མ་ཡུམ་ས་གཞིའི་རྒྱ་ཆེ་བའི་བྱིན་རླབས་ཀྱང་འགྲོ་མིའི་དངོས་གྲུབ་ཆར་དུ་འཇོ་འོང་བ་ཞིག་རེད་ཨང་། འོན་ཏེ་འུ་ཚོའི་ཀ་མད་སུམ་ཅུའི་སྣུམ་བག་གིས་བྲན་ཞིང་བྲན་ཏེ་ཡོང་བའི་རི་མིང་ཆུ་མིང་ས་མིང་ཡུལ་མིང་མང་དག་ཅིག སྲིད་དང་ལོ་ཟླ་འགྱུར་བའི་ཁྲོད་བསམ་བཞིན་དང་བསམ་བཞིན་མ་ཡིན་པའི་ངང་ན་བོར་དང་འབོར་གྱིན་ཡོད་པ་རེད། ཁྱུང་མཆུ་ནི་དེའི་གྲས་ཀྱི་གཅིག་རེད། འདི་ལྟ་བུའི་ངག་ཆག་ཅིང་དབུགས་འགག་ཡོད་པའི་ཐ་སྙད་དག་གི་རྒྱབ་ནས་སྔོན་ཆད་འོད་དུ་འཚེར་མྱོང་བའི་ཚེ་སྲོག་གི་གཉུག་གཤིས་དང་རང་དབང་གི་མཛེས་སྡུག་དག་དེ་རིང་སུ་ཞིག་གིས་གླེང་སྲིད། ཡང་ན་སུ་ཞིག་གིས་དྲན་ཡོང་། རྔམ་བརྗིད་ལྡན་པའི་རང་བྱུང་ཁམས་ཆེན་པོའི་ངོས་ནས། རི་བོ་དེ་སྔར་བཞིན་རི་བོ་རང་རེད་ལ་གཙང་བོ་ཡང་སྔར་བཞིན་གཙང་བོ་དེ་ག་རང་རེད། (“འཕེལ་རྒྱས་རིང་ལུགས་”ཀྱིས་སྔོག་བརྐོ་དང་སྦག་སླད་གཏོང་བ་མིན་ན།) འོན་ཀྱང་ལོ་རྒྱུས་དང་བསམ་གཞིག་གི་བདག་པོ་འགྲོ་བ་མིའི་རིགས་ལ་མཚོན་ན། ཚེ་སྲོག་གནས་སྟངས། རིགས་རྒྱུད་ཀྱི་དར་རྒུད། འཚོ་གནས་ཀྱི་འཕོ་འགྱུར་སོགས་དང་འབྲེལ་བ་དམ་ཟབ་ཡོད་པའི་ཐ་སྙད་ཁ་ཤས་ཀྱི་བོར་བརླགས་ཀྱང་། ལེན་རེར་ཤི་གསོན་ཆག་འཇིག་དང་འབྲེལ་བ་དམ་དུ་མེད་པའི་ངེས་པ་གཞར་ཡང་མ་མཆིས།
འདི་ནས་འུ་ཚོས་སྙན་ངག་འདི་ལ་ཀློག་འགྲེལ་ཞིག་རྒྱག ལར་གོ་སླ་ཀློག་བདེ་རུ་བྲིས་ཡོད་པས་འགྲེལ་བ་ཞིག་གི་དགོས་པ་ཆེར་མ་མཆིས་མོད། འོན་ཀྱང་སྙན་ངག་འདིའི་རུས་རྐང་གི་གསེང་ན་མཚམས་མེད་དུ་འགྲེ་ལྡོག་རྒྱག་གིན་པའི་ན་ཟུག་ཅིག་གིས་ཡུལ་ཡར་ཀླུང་གི་མུན་ཧྲག་ནས་ང་རང་ཡང་ཡང་སྒུལ་བྱུང་ལ། སྙན་ངག་འདིའི་ཤ་ཁྲག་གི་གསེབ་ན་བར་མེད་དུ་འཁུན་བུ་འདོན་གྱིན་པའི་གདུང་ཡུས་ཤིག་གིས་ཁུ་སིམ་མེར་སྡོད་པའི་འཕྱོངས་རྒྱས་ཀྱི་ས་ནག་ཁྲོད་ནས་ང་རང་ཡང་ཡང་བོས་བྱུང་།་དེ་བས་ཚེ་སྲོག་གི་ངོ་བོར་ཐིམ་སྟེ་ཡོད་པའི་ཡི་གེ་ཁ་ཤས་རང་དབང་མེད་པར་མར་བཀར་རི་ལུ་བཞིན་སྙིང་མགོ་ནས་ཤོག་ངོ་རུ་བཞུ་སོང་། ཐང་ཆེན་གྱི་ཕ་མཐའ་ནས་ཕ་མཐའ་དང་རི་རྩེ་མཐོ་ས་ནས་མཐོ་ས་རུ་འདེད་ཀྱིན་པའི་ཕ་མ་གཉིས་དང་སྤུན་ཆུང་གི་སྦྲ་གཞིས་ཆུང་ཆུང་དེ་དྲན་ཡོང་ཚེ། ཕ་སྐད་མི་ལབ་པའི་བུ་མོ་དང་བོད་ལྭ་མི་གྱོན་པའི་ཚ་བོ་དག་དྲན་ཡོང་ཚེ། བདག་གི་སེམས་པ་སྙན་རྩོམ་འདིའི་ཁྲག་རྩའི་འཕར་འཇགས་ཀྱི་ཀླུང་དུ་མི་སིམ་པའི་རང་དབང་གང་ཡང་མི་འདུག
“མེ་ཏོག་ནང་ན་ཉལ་བའི་སྦྲ་ནག” གུ་ཡངས་ལ་བག་ལྷོད་པོའི་ཚེ་སྲོག་གི་ངལ་གསོ་སྟངས་ཤིག་མཚོན་པར་བྱེད་ན། “ཉལ་”ནི་དོན་དེ་ཆེས་གཟུ་མོར་སྟོན་ཐུབ་པའི་བྱ་ཚིག་གསོན་ཉམས་ལྡན་པ་དེ་ག་རང་རེད། ད་དུང་“མ་ཏོག་”གི་ནང་ན་“ཉལ་”ཡོད་པའི་ཚེ་སྲོག་ཅིག་ཡིན་ཚེ། དེ་བས་ཀྱང་རབ་རྟོག་གི་མཛེས་ཉམས་ཀྱིས་སྤྲས་ཐུབ་པ་ཞིག་རེད། དེ་ལྟར་བྱ་ཚིག་“ཉལ་”དང་སྦྱར་ཚེ་“སྦྲ་ནག་”ཀྱང་སྐད་ཅིག་ཉིད་ལ་སེམས་མེད་པའི་རེ་ལྡེའི་སྡོད་ཁང་ཞིག་ནས་སྲོག་ལྡན་ཞིག་ཏུ་འཕོས་ཤིང་གསོན་འོང་ལ། སྙན་ངག་པ་དང་ཡང་བར་ཐག་ཆེས་ཉེ་ས་རུ་ཕྱིན་ཡོད་པ་རེད།
དེར་“སྦྲ་ནག་”དང་། “གཡག་རྒོད།” “ནམ་མཁའ།” “སྤྲིན་དཀར།” “རལ་བ།” “གནའ་མྱི་”སོགས་གདོད་མའི་རྩྭ་ཐང་གི་རང་དབང་གི་བྲོ་བས་ཡོངས་སུ་ཕྱུག་ཡོད་པའི་ཡུལ་ཡིད་ཀྱི་ཚོགས་ཞིང་རྒྱ་ཆེ་བ་ཞིག་བློས་བསླངས་བྱས་ཤིང་།་དེར་མཐུད་སྙུག་ཁ་ཕྱིར་དཀྱུས་ནས་“པ་ལགས་ཀྱིས་ཁྱོད་ལ་ཁྱུང་མཆུ་ཞེས་བོས་པ་དྲན་ནམ་”ཞེས་སྙན་ངག་འདིའི་བརྗོད་གཞི་རིལ་མོ་“ཁྱུང་མཆུ་”དེ་མི་སེམས་དང་ལོ་རྒྱུས་ཀྱི་ངོས་ནས་ཕྱིར་འབོད་ཤ་ཙག་ཙག་ཐེངས་གཅིག་བྱས། དེར་ཡིག་ངོས་ལ་ཡང་རིམ་གྱིས་སྐྱོ་ཤོས་ཀྱི་ཚོས་ཁ་བགོས། ཡང་“ཁྱུང་མཆུ་”ཞེས་འབོད་མཁན་དེ་ཡང་དེ་རིང་དངོས་སུ་རྣ་བས་ཐོས་མི་ཐུབ་ལ་རྟོག་པ་ཡིད་ཀྱིས་“དྲན་”དགོས་པསན་དྲན་གདུང་གི་བབ་དེ་བས་ལྕི་རུ་གཏོང་། འདི་ལྟའི་བབ་ཆགས་ཀྱི་སྐད་ཆ་ལ་བརྟེན་ནས་ཤེས་མེད་ཚོར་མེད་ངང་མིའི་རིག་གནས་བག་ཆགས་གཏིང་ནས་སྒུལ་བར་བྱེད་ནུས་པ་ནི་སྙན་ངག་གི་སྒྱུ་རྩལ་ཁྱད་དུ་ཐོན་པ་ལས་གཞན་ཅི།
བདག་གིས་གོང་ནས་བཤད་པ་ལྟར། “ཧུང་ཡོན་”ཡང་བོར་ཟིན་པའི་ཐ་སྙད་དམ་ལོ་རྒྱུས། ཡང་ན་རིག་གནས་--“ཁྱུང་མཆུ་”ལ་ཚུར་སྦྱར་བའི་ཕྱི་ཡོང་གི་ཚབ་རྟགས་ཤིག་རེད། ལར་རང་ཉིད་སྐྱེད་བྱེད་རིག་གནས་དེ་དང་རིག་གནས་དེའི་ལོ་རྒྱུས་དོན་སྙིང་ལ་ཆག་ཀྲུམ་ཤོར་བ་ཡིན་ན། འགྲོ་མིའི་རྒྱུ་འབྲས་དང་ཕྱོགས་ཞེན་སོགས་རྒྱུན་ལྡན་གྱི་སེམས་ཁམས་ངོས་ནས། གང་ཟག་ཕལ་མོ་ཆེ་ལ་ཕྱི་ལུས་པོའི་ཤ་ཁྲག་ནས་ནང་རྣམ་ཤེས་སྐྱེ་མཆེད་བར་དུ་ན་ཟུག་དང་གདུང་ཡུས་རབ་དང་རིམ་པ་ཅིས་ཀྱང་སྐྱེ་སྲིད་པ་ཞིག་རེད། དཔེར་ན་རྒྱ་ནག་གི་སྙན་ངག་པ་ཆུ་ཡོན་(屈原)ལྟ་བུ། དཔེར་ན་ཨོ་སི་ཁྲུ་རེ་ཡའི་རྩོམ་མཁན་ཙི་ཝེ་ཀི་(茨威格)ལྟ་བུ། དཔེར་ན་འུ་ཚོའི་དགེ་ཆོས་ལྟ་བུ།
དེ་ལྟ་བུ་“ཧུང་ཡོན་”ནས་“ཁྱུང་མཆུའི་”བར་གྱི་དཀའ་ཚེགས་དང་སྐྱོ་ངལ་གྱི་ལོ་ཟླའི་གཞིས་ལྡོག་གི་འགྲུལ་སྐྱོད་རིང་མོ་དེ་ཡང་བདེན་པས་ཁྱོབ་ཐུབ་པ་ཞིག་ཡིན་ནམ།
“ངའི་སྐད་ཆ་དང་ངའི་བརྩེ་དུངས་སེམས་ཁོང་ནས་ལུས་སོང་”ཞེས་པའི་ཁེར་རྐྱང་སྐྱོ་གདུང་གིས་ཕྱུག་ཡོད་པའི་སྐད་ཆ་དེ་ནི། བདག་གིས་བལྟས་ན་སྙན་ངག་འདིའི་བརྗོད་བྱའི་མདེའུ་རྩེ་གཏོད་ས་དང་མདུང་ཡུ་འཁེན་ས་དེ་རེད། ལྷག་པར་དུ་འདིའི་ནང་གི་བྱ་ཚིག་“ལུས་”འདིས་སྣག་ཁུ་ཐིགས་པ་གཅིག་ཆུས་བཀང་ཡོད་པའི་དཀར་ཡོལ་ནང་ཟགས་པར་བྱས་པ་བཞིན། ཀློག་པ་པོའི་བསམ་གཞིག་གི་རྒྱུན་དེ་རང་དབང་མེད་པར་འདལ་ཞིང་འཛིང་བར་བྱེད་ལ་འགྱུ་ཞིང་འཚུབ་ཏུ་ཡང་འཇུག་ཡོང་།
སྐད་ཆ་བཤད་པ་དང་བརྩེ་དུངས་མཚོན་པ་ནི་འགྲོ་མིའི་ཆེས་རྩ་བའི་ཐོབ་ཐང་དང་ཁེ་དབང་ཡིན་ན། སྙན་ངག་པའི་“སྐད་ཆ་”དང་“བརྩེ་དུངས་” དེ་ཅིའི་ཕྱིར་སེམས་ཁོང་ནས་“ལུས་”སོང་བ་རེད། དེ་“ལུས་”པའི་རྒྱུ་མཚན་གང་ཞིག་ཡིན་ནམ། དེ་“ལུས་”སུ་མ་བཅུག་ཚེ་མཇུག་འབྲས་ག་འདྲ་འབྱུང་སྲིད་དམ། དེ་“ལུས་”སུ་འཇུག་མི་འཇུག་གི་བར་ནས་་ཡང་འུ་ཚོར་གདམ་གསེས་ཡོད་དམ་མེད།
དྲིས་ལན་འདི་དག་འཚོལ་གྱིན་དེ་རིང་འུ་ཚོས་“ང་དེ་རིང་ཁྱུང་མཆུ་ན་ཡོད་”ཅེས་སྐད་ཤུགས་ཆེན་པོས་ཅི་ལྟར་སྒྲོག་རུང་། མཐར་གཏུགས་ན་རང་ཉིད་དོན་དངོས་ཐོག་ས་སྒང་འདིའི་འཕྲེད་གཞུང་བསྣོལ་ཐིག་གི་མཚམས་ག་ཤེད་ན་ཡོད་པ་ཙམ་ཡང་སུ་ཞིག་ལ་གསལ་བོར་སྟོན་ཐུབ། དེ་བཞིན་“རྟ་ཕོ་འདོགས་ས་”དང་“གསེར་གྱི་གདུ་བུ་”སོགས་རིག་གནས་བྱེ་བྲག་གི་རྣམ་པ་དང་ངོ་བོ་རེ་རེ་བཞིན་བོར་བར་གྱུར་དུས། “ཁྱུང་མཆུ་”ཧྲིལ་པོ་ཡང་ཁྲག་ཤུལ་ཆུ་ཡིས་བཤལ་བ་བཞིན་མི་རྣམས་ཀྱི་འདུ་ཤེས་དང་འཚོ་བའི་ངོས་ནས་རླངས་པ་བཞིན་ཡལ་སོང་ལ། དེའི་ཤུལ་དུ་བཞག་ཡོད་པ་ནི་ཏན་ཏན་“ཨར་འདམ་”གྱི་“ཧུང་ཡོན་”རེད།
མདོར་ན། “ཧུང་ཡོན་”ལ་མཚོན་ན་འུ་ཚོས་དོན་ག་རེ་མཚོན་གྱིན་ཡོད། ཡང་ན་འུ་ཚོ་ལ་མཚོན་“ཧུང་ཡོན་”གྱིས་དོན་ག་རེ་སྟོན་གྱིན་ཡོད།
བླ་བྱ་ཁྲུང་ཁྲུང་དཀར་མོ་སྤུན་གསུམ་གྱིས་བསམ་བཞིན་དུ་བདུད་མཁར་ལྕགས་ར་རྩེ་དགུའི་མཁར་ཁ་རུ་བྱ་བྲུན་ན་ར་ར་བཏང་བྱུང་ལ། དེར་སྐུ་རྗེ་གེ་སར་རྒྱལ་པོ་སྐྱུག་མེར་ཞེ་དྲགས་ལངས་ཏེ་བདུད་ཡུལ་གྱི་བརྗེད་ཟས་བརྗེད་ཆུ་དག་གཙང་མར་བསྐྱུག་བྱུང་། དེ་མ་ཐག་ཤར་གླིང་དཀར་ཕུ་ནུ་དང་གྲོགས་སེང་ལྕམ་འབྲུག་མོ་ཡང་ཐུགས་སུ་ཝལ་གྱིས་ཤར་ཡོང་སྐད། བདག་གིས་བཤད་འོད་པ་ནི། མགོ་ནག་བོད་ཀྱི་ན་ཟུག་འཁུར་བའི་སྙན་ངག་གི་ཁྲུང་ཁྲུང་དཀར་མོ་འདི་ལྟ་བུས་ལོ་རྒྱུས་བདེན་ཐུབ་ཀྱི་“བྱ་བྲུན་”རེ་རེ་ང་ཚོའི་མིག་མདུན་དུ་གཡུག་འོང་ན། འུ་ཚོར་ཞེ་མེར་བ་བྱུང་རྒྱུ་ཡོད་དམ། འུ་ཚོས་བརྗེད་ཟས་བརྗེད་ཆུ་བསྐྱུག་ཐུབ་བམ། མདོར་ན་བོར་ཟིན་པའི་“ཁྱུང་ཆེན་གྱི་མཆུ་ཏོ་”དང་འདྲ་བའི་ཡབ་ཆེན་གྱི་རི་བོའི་རུས་དང་ཡུམ་ཆེན་གྱི་གཙང་བོའི་མིང་དག་འུ་ཚོའི་ཡིད་ལ་ཝལ་ལེར་འཆར་ཡོང་ཐུབ་བམ།
བསྔོ་ཡིག
____གཉན།
མེ་ཏོག་གི་ནང་ནས་ཉལ་བའི་སྦྲ་ནག
གཡག་རྒོད་ཀྱིས་རྭ་བར་དུ་འཁུར་བའི་ནམ་མཁའ་དང་སྤྲིན་དཀར
རལ་བ་རྒྱབ་ལ་འཕངས་པའི་གནའ་མྱི་ལྷག་མ
སུ་ཞིག་དགའ་བར་བྱེད་ལ་སུ་ཞིག་སྐྱོ་རུ་འཇུག་པའི་གཞས་ཆུང་ལེན་ས
བདག་གི་པ་ལགས་ཀྱིས་ཁྱོད་ལ་ཁྱུང་མཆུ་ཞེས་བོས་པ་དྲན་ནམ
ཟི་ཁྲོན་ཞིང་ཆེན་གྱིས་ངའི་ཁྱུང་མཆུར་ “ཧུང་ཡོན་” ཞེས་འབོད་སྐད
ངའི་སྐད་ཆ་དང་བརྩེ་དུངས་ངའི་སེམས་ཁོང་ནས་ལུས་སོང
ང་རང་ཁྱུང་མཆུ་ན་ཡོད
ཁྱུང་མཆུ་ནི་ད་ལྟ་ཨར་འདམ་གྱི་ཁང་མིག་ནང་གི་ "ཧུང་ཡོན་" ཡིན
ཁྱུང་མཆུ་ནི་རྟ་ཕོ་འདོགས་ས་མེད་པའི་སྲང་ལམ་ཞིག་ཡིན
ཁྱུང་མཆུ་ནི་བོར་སོང་བའི་གསེར་གྱི་གདུ་བུ་ཞིག་ཡིན
ང་རང་ཁྱུང་མཆུ་ན་ཡོད
ངས་ད་དུང་ཡང་ལོ་མང་པོ་མང་པོའི་སྔོན་གྱི་སྦྲ་ནག་དང
ནམ་མཁའ སྤྲིན་དཀར གནའ་མྱི་ལྷག་མ
གཞས་ཆུང་ལེན་ས་དག་ལ་ཁྱུང་མཆུ་ཞེས་ཡང་ཡང་བོས
(སྙན་ངག་འདི་༢༠༠༧ ལོའི་<<གངས་རྒྱན་མེ་ཏོག་>>དེབ་གསུམ་པའི་སྟེང་དུ་བཀོད་ཡོད།)
No comments:
Post a Comment