དམངས་ཁྲོད་གཏམ་རྒྱུད་ཅིག ན་བུན་སྐྱ་བོས་སྒྱུར་སྒྲིག་བྱས།
ཐེངས་ཤིག སྙན་པ་གླིང་ལ་གྲགས་ཤིང་ལྗགས་རྩོམ་མང་དུ་མཛད་པའི་མཁས་པ་ཆེན་པོ་ཞིག་རི་ཁྲོད་འགྲིམས་པའི་མཚམས་པ་བགྲེས་པོ་ཞིག་ལ་མཇལ་དུ་སོང་།
དེ་གར་ཁོས་མཚམས་པར་ཞུས་པ། “བདག་ནི་མི་ཚེ་སྙིང་བོ་འཚོལ་དུ་འོངས། ཨ་ཁུས་བདག་ལ་གདམས་ངག་རེ་གནང་རོགས།”
མཚམས་པ་མཚར་ནས། “ཅི་ཟེར། ཁྱོད་སུ་ཡིན།” དྲིས་པས།
“ཁྱོས་ང་མི་ཤེས་སམ། བདག་ནི་ཕྱི་ནང་གི་ཤེས་བྱ་ཕྲ་མོ་རགས་མོ་ཐམས་ཅད་པོར་བྱང་ཆུབ་ནས་བསྟན་བཅོས་མང་དུ་བརྩམས་པའི་ཉམས་རྟོགས་ཀྱི་ཡོན་ཏན་པ་ཞིག་ཡིན། མཁར་གྲོང་འདིར་བདག་གི་མཚན་སྙན་གྲགས་རྒྱས་ཡོད། ཡིན་ན་ཡང་། བདག་གིས་ད་རུང་ཚེ་ཡི་སྙིང་བོ་ཡེ་མི་རྟོགས་པས། རེ་བར་བདག་གིས་ཇི་ལྟར་བསླབ་ཅིང་བརྩོན་པར་རིགས་པ་དག་བསྟན་དུ་གསོལ།” ཞུས་སོ།།
“དེས་ན་བཟང་གི རང་རྒྱུད་ཀྱི་ཤེས་བྱ་མ་ལུས་ཡི་གེར་ཕྲིས་ལ་ཁྱེར་ཤོག་དང་། ཕྱི་ནང་གི་ཤེས་བྱ་ཕྲ་མོ་རགས་མོ་ཐམས་ཅད་པོ་ཁོང་དུ་ཆུད་ཟིན་ན། ད་ཕལ་ཆེར་དོགས་གནད་རེ་གཉིས་ཙམ་མ་གཏོགས་སློབ་རྒྱུ་ངེས་རྒྱུ་ཅང་ལྷག་ཡོད་མི་སྲིད།”
མཁས་པ་ཕྱིར་ཡོང་ནས་རྒྱུད་ཀྱི་ཤེས་བྱ་མ་ལུས་ཡི་གེར་བྲིས་ནས། བགྲང་བྱ་གསུམ་གྱི་རྗེས་སུ། ཤོག་གྲངས་སྟོང་ཕྲག་གི་ཟིན་བྲིས་སྒྱེ་གང་ཁུར་ནས་མཚམས་ཁང་དུ་ཐོན།”
གླེགས་བམ་རྩེག་མར་ཟུར་མིག་གིས་འཁྱུག་ཙམ་བཤེར་རྗེས། མཚམས་པས་སྨྲས་པ། “ང་ལོ་ལོན་ནས། འདི་མོ་གླེགས་བམ་མང་པོ་ཞིག་ཅི་ལྟར་ཀློག སོང་ལ་སྙིང་བསྡུས་ཤིག་ཕྲིས་ཤོག”
མཁས་པ་ཕྱིར་ཡོང་ནས་ཤོག་གྲངས་སྟོང་ཕྲག་མང་པོ་ཤོག་ལྷེ་བརྒྱ་ཕྲག་ཏུ་བསྡུས་ལ། དུས་ཡུན་ཟླ་གསུམ་གྱི་རྗེས་སུ་ཡང་བསྐྱར་མཚམས་ཁང་དུ་སླེབས།
“ད་རུང་མང་སོང་ཟིག ལུས་ཀྱིས་མི་ལྕོགས། མིག་གིས་མི་རིག ངས་འདི་མོ་མོད་པོ་ཞིག་ཅི་ལྟར་ཀློག ཉིང་བཅུད་ཕྲིས་ལ་ཁྱེར་ཤོག”
ད་ཐེངས་དུས་ཡུན་ཉི་མ་བདུན་གྱི་ནང་ཚུན་ལ། མཁས་པས་རང་གི་ཤེས་བྱ་ཕྲ་རགས་ཤོག་གྲངས་བརྒྱ་ཕྲག་ཤོག་ལྷེ་ཁ་ཤས་སུ་བསྡུས་ནས་ཁྱེར་ཡོང་།
“ཁྱོད་ཀྱིས་རིག་ནོ་འདི་རེད། ང་དངོས་གནས་ལོ་ལོན་ནས། འདི་ཙམ་ཡང་ཀློག་མི་ཐུབ། ད་རུང་ཚིག་ཉུང་དོན་བསྡུས་ནས་ཕྲིས་ཤོག”
སྐབས་དེར། མཁས་པས་གཞི་ནས་ཚམས་པའི་དགོངས་ཚུལ་རྟོགས་སོང་། ཁོས་ལམ་སང་ཁང་མིག་ཅིག་ནས་ཤོག་སྟོང་ཞིག་ཁྱེར་ཡོང་།
མཚམས་པས། “ཤོག་སྟོང་ལ་ཞལ་གཟིགས་ནས་འཛུམ་དམུལ་དམུལ། ལྟོས་དང་། ཤོག་སྟོང་འདི་ནང་བཞིན། ང་ཡང་སྟོང་པ་ཡིན་ནི་རེད། ད་ནི་ཉམས་རྟོགས་རྒྱུད་ལ་སྐྱེས་ནས། རང་གིས་ཅི་ཡང་མི་ཤེས་པའང་ཤེས་པར་གྱུར་པས། སོང་ལ་སློབ་ཅིང་སྦྱོང་། འབད་ཅིང་བརྩོན་པས་འཐུས།” ཅེས་གདམས་སོ།།
སྡོམ་ཚིག
སྲིད་པའི་ཤེས་བྱ་ཕྲ་རགས་ཐམས་ཅད་སློབ་པའི་གོམ་པ་དང་པོ། རང་གིས་ཅི་ཡང་མི་ཤེས་པ་ཤེས་པར་བྱ་ལ། དེ་ནི་ “ངས་མི་ཤེས་” པ་ནས་ “ངས་ཤེས་སུ་འཇུག” པའི་སྙིང་ཕུར་རྡེབ་སྟངས་ཤིག་ཡིན། ཞེས་བྱའོ།།
No comments:
Post a Comment