| འཆི་མེད།
ཀོ་བ་མཚན་ལ་གཏོང་བའི་དེ་མོ་སྐྱིད་མདོག།
མངའ་རིས་ཁམ་བུ་ཟ་སྙིང་ཡིད་ལ་འཁོར་བས།།
གྲུ་ཤན་སྐྱ་བས་མ་ཆོད་གཙང་ཆེན་རླབས་ཀྱིས།།
འོད་ཟེར་སྒྲོལ་མའི་སྐྱོ་སྨྲེང་ཁུར་ན་དགའ་བ།།
ཁྱེད་རང་མཉེས་མདོག་སྡེ་བ་གཞུང་གི་དཔོན་རེད།།
བསོད་ནམས་འབྲུག་རྒྱལ་ལག་གི་སྐྱ་བར་གཟིགས་དང་།།
མངའ་རིས་ཁམ་བུ་ཟ་འདོད་ཡི་ག་ཡོད་ན།།
འོད་ཟེར་ཆུ་ལ་ཟགས་ན་ཐུགས་ཁྲེལ་ཨ་ཡོད།།
བསྟན་གླིང་གྲྭ་པས་ཉོས་པའི་འདམ་རའི་སྦལ་བ།།
ད་ལོ་མེ་སྒྱོགས་ལྐུགས་པས་རྐང་པ་བཅག་ཟེར།།
ཚིག་རྒྱག་རླུང་ལ་བསྐུར་པའི་ཁ་ཚིག་བར་ནས།།
དེ་མོ་ཆུ་ལ་རྐྱལ་བའི་ཨ་ཇོ་མ་ལགས།།
ལྟོས་དང་མཚན་མོའི་ཟླ་བར་ཁ་དོག་མི་འདུག།
དེ་མོ་ཁྱེད་རང་ཁམ་བུ་ཟ་བར་འགྲོ་འམ།།
སྒྲོལ་མའི་མིག་མཐར་འཁྱིལ་བའི་མཆི་མའི་ཐིགས་པ།།
དོ་ནུབ་ཟགས་ས་གཙང་པོའི་གཞུང་ལས་མི་འདུག།
སྐར་ཚོགས་མཁའ་ལ་ཤར་བའི་མཚན་མོ་དེ་ནས།།
ཕྱི་ལ་སྒུག་པ་མ་གནང་སེམས་ཐག་ཆོད་དང་།།
ཡར་འབྲོག་མཚོ་མོའི་འགྲམ་ནས་མངའ་རིས་ལ་སྟེང་།།
ཐག་རིང་མི་འདུག་ཞག་གསུམ་རྐང་པས་སྙོབ་པ།།
གད་པའི་སྐྱིབས་ནས་རྒྱལ་པོ་དེ་མོ་བཞུགས་ན།།
གད་འོག་ལྕི་བའི་དུ་བ་ང་རས་གཏང་ཆོག།
གསོལ་རྩམ་རྫི་བའི་ཕྱག་ལ་སེར་ག་གས་ན།།
སྣུམ་པོ་མར་གྱིས་བྱིལ་བྱིལ་ང་རས་གཏང་འོང་།།
སྤྱན་གྱིས་ཕྱི་ལ་མ་གཟིགས་ཞེ་ཐོགས་ལུས་མེད།།
གོས་ཀྱི་ཐུ་བ་སུམས་དང་ལྷགས་པས་མི་འཁྱག།
གཙང་པོའི་གཞུང་ལ་དོ་ནུབ་མཉམ་དུ་བལྟས་ན།།
མིག་ལ་ཤར་བའི་རྨི་ལམ་འཕྲུལ་སྣང་རེད་འདུག།
ལོ་ཟླའི་དུས་ངན་མ་ཤར་དུས་སྟོན་གཏོང་དུས།།
ཁྱེད་རང་མཐོན་པོ་གསེར་གྱི་ཁྲི་ལ་བཞུགས་ཏེ།།
གཤམ་འོག་བཀའ་བློན་འཁྲིགས་པའི་སྤྲིན་ལ་གཟིགས་ནས།།
འོད་ཟེར་གཙང་པོར་བསྐུར་བར་སེར་སྣ་མེད་དམ།།
སྒྲོལ་མ་ང་རང་མི་འདུག་ཆུ་ལ་མཆོང་འགྲོ།།
དེ་མོ་ལྷོད་ལྷོད་མངའ་རིས་ཁམ་བུ་གསོལ་ཆོག།
མི་རྟག་འཇིག་རྟེན་སྣང་བའི་བརྩེ་བ་ཟད་ན།།
ལུས་པོ་ཐོ་ཡོར་ཡོད་དང་མ་ཡོད་མི་འདུག།
གྲུ་ཁ་མ་བསྒྱུར་གཙང་པོའི་གཞུང་ལ་གཟིགས་དང་།།
ལས་དབང་མགོ་གཞུག་མེད་པའི་འོད་ཟེར་སྙིང་རྗེ།།
མི་རློམ་དེ་མོའི་ཡིད་ཁ་འཁྲུགས་སོང་མ་གསུངས།།
ཕྱི་ཐག་རྡོ་སྐས་ཐ་མའི་འོག་ནས་བསྐྱུར་སོང་།།
ཤིང་སྡོང་ཡལ་གར་འཇུས་ནས་དེ་མོར་བསྒུགས་བསྒུགས།།
ཟམ་འོག་ཆུ་འདབས་ཉུལ་ཏེ་དེ་མོ་བཙལ་བཙལ།།
ལས་སྣང་འོད་གསལ་སྒྲོན་མེ་ལྷགས་པས་ཁྱེར་དུས།།
མ་བསམས་གཙང་པོའི་གཞུང་ནས་གྲུ་དཔོན་མཇལ་སོང་།།
འཕན་དང་གསེར་ཏོག་མཛེས་པའི་གདུགས་འོག་བརྗིད་ཀྱང་།།
འཇིག་རྟེན་དྲོད་ཤ་མྱོང་བའི་ཚོར་བ་འཁྱག་འགྲོ།།
འཕན་ཆུ་ཁམ་པ་ལྷོག་ལྷོག་ནུབ་ལ་བཞུར་པས།།
དྲན་པའི་འཁྲི་ཤིང་མཇལ་བློ་འགོག་ཐབས་མ་བྱུང་།།
མུན་པ་མཐུག་པོས་ལྷ་སའི་སྐྱིད་ཐང་གཡོགས་དུས།།
ཟུར་ལམ་དེད་ནས་འཇབ་འཇབ་གང་ལ་ཕེབས་སམ།།
རྒྱ་ཕིབས་གསེར་མདངས་འཕྲོ་བའི་ཞོགས་པ་བསླེབས་དུས།།
བྲེལ་བྲེལ་མ་གནང་གསེར་ཞགས་ས་ལ་འཁྱིལ་སོང་།།
སྲིད་ཁྲི་མཐོན་པོའི་སྟེང་གི་བླ་མ་ཡིན་ན།།
སྡོམ་པའི་མགོ་བོ་ཆད་ཀྱང་ཁྲི་ལ་བཞུགས་ཆོག།
འོད་ཟེར་སྒྲོལ་མའི་ལང་ཚོའི་གཡེར་བག་ཡིན་ན།།
ཀོ་གྲུ་ཁ་ལོ་བསྒྱུར་ཀྱང་རྒྱབ་ལ་ཁུར་ཆོག།
ཟུར་མཆན།
རྒྱལ་ཟུར་དེ་མོ་ལ་ལྐོག་ཏུ་འོད་ཟེར་སྒྲོལ་མ་ཟེར་བའི་དགའ་རོགས་ཤིག་ཡོད་པ་དེར་གཅེས་སྐྱོང་གང་ལེགས་གནང་ཞིང་། ཕྱིས་རྙོག་དྲའི་ནང་ལྷུང་ནས་རྒྱང་ཕུད་གཏོང་སྐབས་ཀྱང་དགའ་རོགས་ཁྲིད་ནས་བྲོས་པའི་ལོ་རྒྱུས་ལྟར་བྲིས། དེ་མོ་རྒྱང་ཕུད་འདི་ལ་བཤད་ཚུལ་གཞན་ཡང་ཡོད་པར་ཐོས། དེ་མོ་རྒྱང་ཕུད་བཏང་ནས་མཚན་མོར་དགའ་རོགས་ཁྲིད་དེ་འབྲོ་སྐབས་བཏང་བའི་གཞས།
“ཀོ་བ་མཚན་ལ་གཏང་དགོས།།
སྡེ་བ་གཞུང་གི་བཀའ་རེད།།
གྲུ་དཔོན་བསོད་ནམས་འབྲུག་རྒྱལ།།
འོད་ཟེར་ཆུ་ལ་ཟགས་ཡོང་།།
དེ་མོ་ང་ནི་དྲག་འགྲོ།།
མངའ་རིས་ཁམ་བུ་ཟོས་ཆོག།
དེ་ལས་བསྟན་རྒྱས་གླིང་དང་།།
འོད་ཟེར་སྒྲོལ་མ་སྡུག་ག།”
ཟླ་གམ་མཚེའུ།
| འཆི་མེད།
ནམ་མཁའི་མེ་ལོང་ཡིན་པའི།
བྱེ་ཐང་གི་མིག་ཡིན་པའི།
ཡང་ཡང་དྲན་ཞིང་འཁྲེང་བའི།
ཟླ་གམ་མཚེའུ།
______གཞས་ཚིག
ངག་རྒྱུན་ཁྲོད་ཀྱི་ཟླ་གམ་མཚེའུ།
ངག་རྒྱུན་མ་ཡིན་པར་སྔོ་ལྟེམ་ལྟེམ།
ང་ཡི་སྡུག་བསྔལ་དབོག་ས་ཨེ་ཉན་ཟླ་གམ་མཚེའུ།
ང་ཡི་སེམས་པར་བྱིལ་བྱིལ་ཨེ་གནང་ཟླ་གམ་མཚེའུ།
བྲོས་བྲོས་ཀྱང་ཐར་ཐབས་མེད་པ་ནང་སེམས་ཨེ་རེད་ཟླ་གམ་མཚེའུ།
ཇི་ལྟར་བཀྱེད་ན་དེ་ལྟར་ཉེ་བ་དྲན་པ་ཨེ་ལགས་ཟླ་གམ་མཚེའུ།
རྒྱང་ནས་རྒྱང་དུ་འཁྱམ་ཡང་།།
གཏན་དུ་བརྗེད་ཐབས་མེད་པ།།
ང་ཡི་དྲན་པ་རེད་ཨང་།།
ང་ཡང་རྐང་རྗེན་ཡིན་བཞིན།།
ལམ་ལ་ཚེར་མ་འདེབས་མཁན།།
ང་ཡི་དྲན་པ་རེད་དོ།།
སེམས་ཀྱི་གཡང་སར་ལྷུང་ཡང་།།
གཟེབ་དྲ་རིམ་པར་སྐོར་མཁན།།
ང་ཡི་དྲན་པ་ལགས་རེད།།
ད་ལྟ། བསེར་བུས་བསྣམས་པའི་མེ་ཏོག་གི་བསུང་ཞིམ་ཡང་ཐེག་པར་དཀའ་བའི་ང་རང་ལ།
ང་རང་མི་ངུ་མཚེའུ་ཁྱེད་ཀྱང་མ་ངུ་རོགས།
ཁྱེད་རང་མཆི་མའི་ཟོལ་གྱིས་བྱེ་མའི་ཐང་ལ་ལྷུང་འགྱུར་ན།
ང་ཡང་རླུང་བུའི་བཟོ་ཡིས་རྒྱང་ནས་རྒྱང་ལ་ཆས་འགྲོ་ལགས།
ཁྱེད་དང་ང་གཉིས་ལས་དབང་གཅིག་གོ་ཀྱེ་ཀྱེ་ཟླ་གམ་མཚེའུ་ཨང་།
No comments:
Post a Comment