____/ གལ་ཏེ། འཚོ་བས་ཁྱོད་ལ་སླུ་བྲིད་གཏོང་ན།
『རྩོམ་མཁན་ཕུ་ཞི་ཁེན། སྒྱུར་མཁན་ན་བུན།』
གལ་ཏེ་འཚོ་བས་ཁྱོད་ལ་སླུ་བྲིད་གཏོང་ན།
ཁྲོ་མ་ལངས། ཡིད་མ་ཆད།
སྐྱོ་སྡུག་གི་ཉིན་མོར། བཟོད་སྲན་བྱོས་དང་།
སྤྲོ་སྐྱིད་ཀྱི་ཉིན་མོ་སླར་ཡང་བསླེབ་ངེས། ཡིད་ཆེས་གནང་རོགས།
རང་སེམས་ནས་རྒྱུན་དུ། སང་ཉིན་ལ་རེ་སྙེག་བྱེད་རོགས།
དེ་རིང་གི་ཉིན་མོ་སྐྱོ་སྡུག་གིས་བཞུད་ཅིང་།
སྐད་ཅིག་མར། སྐྱོ་སྨྲེང་སངས་རྗེས།
འདས་སོང་གི་ཉིན་མོ་རེ་རེ། སླར་ཡང་སྙིང་དུ་སྡུག་ངེས།
རྒྱབ་ལྗོངས།
ངས་ཨུ་རུ་སུའི་སྙན་ངག་པ་ཕུ་ཞི་ཁེན་གྱི་ "གལ་ཏེ་འཚོ་བས་ཁྱོད་ལ་བསླུ་བྲིད་བཏང་ན" ཞེས་པའི་སྙན་རྩོམ་འདི་ཐོག་མར་ཐེངས་གཅིག་བཀླགས་པས་རོལ་མྱོང་མ་ཐུབ་ལ་སྤྲོ་བའང་དེ་ཙམ་བསྐྱེད་མ་བྱུང་། ཕྱིར་འདང་གི་ཀློང་ནས་སྙན་རྩོམ་འདི་ཡང་ནས་བསྐྱར་དུ་ཀློག་གིན་ཀློག་གིན་རྦད་དེ་ཀློག་སྤྲོ་བ་ཞིག་བྱུང་ལ། དེ་ནི་ངས་སྙན་ངག་གི་ཁམས་ཆེན་པོ་ཞིག་རྦད་དེ་རྟོགས་སོང་བ་དང་དེས་བསླུས་སོང་བ་གང་ཡང་ཡིན་མི་སྲོད། དེ་ནི་སྙན་རྩོམ་འདིའི་ཆེས་སྤྱིར་བཏང་གི་སྐད་ཆའི་ཟ་གསེང་ནས་གསལ་གསལ་རྗེན་རྗེན་དུ་བསྟན་པའི་གནས་ལུགས་དེ་དང་རེ་འབོད། དེ་འགྲེལ་བྱེད་ཀྱི་སྒྱུ་རྩལ་གྱི་ཆ་དེས་ངའི་ཡིད་དབང་ཅིག་ཅར་དུ་འཕྲོག་སོང་བས་ཡིན་ངེས།
གང་ལྟར་སྙན་རྩོམ་འདིའི་ནང་སྙིང་འདི་ལྟར་སྟེ། འུ་ཚོས་སྤྱི་ཚོགས་འཚོ་བ་བྱ་བའི་རེ་གསལ་རེ་མོག་རེ་སྐྱིད་རེ་སྡུག་གི་འཁོར་བའི་ཀློང་ཆེན་མོ་ནས། རེ་ཆད་ཡིད་ཞུམ་གྱི་གནས་བབ་གང་ལ་འཕྲད་ཀྱང་། སྲ་ཞིང་བརྟན་པའི་རང་ཚུགས་དང་ཞུམ་པ་མེད་པའི་སྙིང་སྟོབས། གཡོ་བ་མེད་པའི་རང་རྟོན་བསྐྱེད་ནས། སྐབས་དང་འཕྲལ་གྱི་སྐྱོ་སྡུག་ཡི་མུག་གི་བར་ཆད་དག་ཐོད་ཀྱིས་བསུས་ཤིང་ཧུར་གྱིས་བརྒལ་ཏེ། མ་འོངས་མཛེས་སྡུག་གི་ཕུགས་བསམ་དང་རེ་འདུན་འཚོལ་ཞིང་སྙེག་པ་དེའོ།།
དེ་ཡང་དཔེར་ན / གལ་ཏེ་འཚོ་བས་ཁྱོད་ལ་བསླུ་བྲིད་བཏང་ན / ཁྲོ་མ་ལངས / ཡིད་མ་ཆད / ཅེས་པའི་ཆེས་སྤྱིར་བཏང་གི་སྐད་ཆ་འདིས། ཀློག་པ་པོར་ཅིས་ཀྱང་རང་སེམས་ཀྱི་རེ་ཕུགས་ནམ་ཡང་འདོར་མི་རུང་བའི་རྣོ་ལྕགས་ཀྱི་སྙིང་ཕུར་རེ་བརྡབས་འདུག་སྙམ་ལ། དེའི་རྒྱུ་མཚན་ཡང་འདི་ལྟ་སྟེ། ངས་ནི / སྐད་ཅིག་མར / སྐྱོ་སྡུག་ཡལ་འགྲོ་བས / འདས་སོང་གི་ཉིན་མོ་རེ་རེ་སླར་ཡང་སྙིང་དུ་སྡུག / པར་ཡིད་ཆེས་གཙང་མ་བྱེད་ཀྱི་ཡོད།
【རྩོམ་པ་པོ།】
ཕུ་ཞི་ཁེན་(Aleksandr Pushkin 1799-1837)ནི་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོ་(Moscow)གྲོང་ཁྱེར་གྱི་སྐུ་དྲག་གི་ཁྱིམ་རྒྱུད་ཅིག་ཏུ་སྐྱེས་ཤིང་། ཁྱིམ་རྒྱུད་དེ་ཡང་དུས་རབས་༡༢ ནས་༡༩ བར་དེང་གི་ཡུ་རོབ་རྒྱལ་ཁབ་ཧྥ་རན་སི་དང་འཇར་མན་བཙན་རྒྱལ་གྱི་སྐུ་དྲག་མི་དྲག་མང་པོར་འབྲེལ་འདྲིས་ཟབ་མོ་མཆིས། ལོ་ན་ཆུང་དུས་ཕུ་ཞི་ཁེན་རང་ཁྱིམ་གྱི་ཞལ་ཏ་མ་དང་སྲིད་གཞུང་གི་དཔོན་རིགས་མི་སྣ། ཧྥ་རན་སིའི་དགེ་རྒན་མང་པོའི་སློབ་སྐྱོང་དང་། ལྷག་པར་དུ་མ་ཡུམ་གྱིས་དམངས་ཁྲོད་རྩོམ་རིགས་སྣ་ཚོགས་འཆད་ཀློག་གི་སློབ་གསོའི་བརྒྱུད་རིམ་ཁྲོད་དུ་རིམ་བཞིན་ནར་སོན་པས། མ་ཡུམ་ནི་ཁོང་གི་ཆེས་ཐོག་མའི་སློབ་གསོའི་དགེ་རྒན་དུ་སྨྲ།
ཕྱིས་སུ་ཡུལ་ལུང་དེའི་སྐུ་དྲག་གི་བུ་ཕྲུག་སློབ་གླིང་(Imperial Lyceum)དུ་སློབ་གཉེར་གནང་། དེ་ལྟར་ཁོང་གིས་མ་ཡུམ་གྱིས་གཙོས་པའི་ཕྱི་གླིང་གི་དགེ་རྒན་མང་པོ་བསྟེན་ནས་དུས་སྐབས་དེའི་ཧྥ་སྐད་དང་དབྱིན་སྐད་ཀྱི་གཙོ་རྒྱུགས་རྩོམ་རིག་དང་རིག་གཞུང་སྣ་ཚོགས་ལ་ཐོས་བསམ་སྦྱོང་བརྩོན་མཛད་དེ་རྩོམ་རིག་གསར་རྩོམ་གྱི་ལམ་དུ་ཞུགས།
ཕྱིས་སུ་འཆར་ཡན་རིང་ལུགས་དང་དེང་རབས་སྨྲ་བའི་རྩོམ་རིག་གི་རྨང་གཞི་བརྟན་པོར་ཚུགས་རྗེས། ཨུ་རུ་སུའི་བྱིས་སྒྲུང་དང་ལོ་རྒྱུས། ཟློས་གར་འཁྲབ་གཞུང་། བརྩམས་སྒྲུང་། སྲིད་དོན་སྙན་ངག དུང་བརྗོད་སྙན་ངག ལོ་རྒྱུས་སྙན་ངག་ལ་གསར་བརྗེ་མཛད་པར་བཞེད།
སྤྱི་ལོ་༡༨༢༥ ལོར་ཟླ་གཉིས་པའི་གསར་བརྗེ་ལས་འགུལ་(Decembrist revolt)ལ་ཞུགས་ཏེ། རང་དབང་གི་བསྟོད་གླུ་(Ode to Liberty)བརྩམས་ནས་རང་དབང་གི་འདོད་བློ་བསྟན་རྐྱེན། ཚཱར་(Tsar)བཙན་རྒྱལ་སྲིད་གཞུང་གིས་ཁོང་ཨུ་རུ་སུའི་ལྷོ་རྒྱུད་དུ་གནས་དབྱུང་བཏང་བ་དང་ཤར་རྒྱུད་ཀྱི་ རང་ཁྱིམ་དུ་བཟང་བཙོན་ཡང་བྱས། སྤྱི་ལོ་༡༨༣༧ ལོར་སྟབས་མ་ལེགས་པར་མག་པའི་མཚོན་ཁ་ནས་རང་སྲོག་ཤོར། སྐབས་དེར་ཨུ་རུ་སུའི་རྩོམ་སྟེགས་སུ་ཡུལ་ལུང་དེའི་“རྩོམ་རིག་གི་ཉི་མ་ནུབ་སོང་”བའི་མྱ་ངན་ཞུས་ལ། དམངས་ཁྲོད་དུ་“ང་ཚོ་ཆེས་དགའ་བའི་ཤིང་འབྲས་ནི་ཀུ་ཤུ་ཡིན། ང་ཚོ་ཆེས་དགའ་བའི་སྙན་ངག་པ་ཕུ་ཞི་ཁེན་ཡིན་”པའི་བཤད་སྲོལ་བྱུང་།
ནུབ་གླིང་གི་རྩོམ་རིག་ལོ་རྒྱུས་ལྟར་ན། ཕུ་ཞི་ཁེན་ནི་དུས་རབས་༡༩ བའི་ནང་བྱོན་པའི་ཨུ་རུ་སུའི་རྟོག་པ་འཆར་ཡན་རིང་ལུགས་ཀྱི་རྩོམ་རིག་(Russian Romantic Poetry)གི་འཐུས་ཚབ་དང་ཨུ་རུ་སུའི་དེང་རབས་སྨྲ་བའི་རྩོམ་རིག་(modern Russian literature)གི་ཡབ་ཆེན་དུ་འབོད། ཁོང་གི་སྙན་རྩོམ་ཁྲོད་དུ་དུས་སྐབས་དེའི་ཨུ་རུ་སུའི་གསར་བརྗེ་ཡི་བསམ་བློའི་རླབས་རྒྱུན་དང་སྤྱི་ཚོགས་འཚོ་བའི་འཕར་རྩ་དྲག་ཏུ་ལྡིང་གིན་ཡོད་ཟེར།
བརྩམས་ཆོས་གཙོ་བོ་སྙན་དེབ་<<ལི་མདོག་གི་སྐྱ་མི་>>(The Bronze Horseman)དང་སྙན་ངག་ལུས་ཀྱི་འབོལ་རྩོལ་<<བྷིལ་ཁེན་གྱི་གཏམ་རྒྱུད།>>(The Belkin Tales) སྒྲུང་དེབ་<<ཏག་སེའི་རྒྱལ་མོ།>>(The Queen of Spades) ལོ་རྒྱུས་བརྩམས་སྒྲུང་<<དེད་དཔོན་གྱི་བུ་མོ།>>(The Captain’s Daughter) ཟློས་གར་འཁྲབ་གཞུང་ལ་<<ཚཱར་གོང་མའི་གཏམ་རྒྱུད་>>(The Tale of Tsar Saltan)དང་<<བྱུར་ཉེས་ཁ་ཤས་>>(Little Tragedies)སོགས་འདུག
No comments:
Post a Comment