| ཕྱིར་དྲན་གྱི་གཤོག་རྡེབ།
『རྩོམ་མཁན་ཨེ་ཌོ་ནེ་སི། སྒྱུར་མཁན་ན་བུན།』
༡
ཁྱོད་ཀྱི་བྱིས་དུས། རི་གྲོང་ཞིག་ཡིན་དུ་ཆུགས།
ཁྱོད་གཅིག་པུར། རྒྱང་ནས་རྒྱང་དུ་ཆས་ཀྱང་།
སྡེ་གྲོང་གི་རྒྱལ་མཚམས་བརྒལ་མི་སྲིད།
༢
ང་ཡང་རི་གྲོང་ཞིག་ཏུ་སྐྱེས།
དེ་ནི་བུ་སྣོད་ཅིག་དང་འདྲ་བར།
ཧ་ཅང་དོག་ཁར། ཧ་ཅང་གསང་རྒྱ་དམ་པས།
ང་ཐར་ཐབས་ཤིག་ཡེ་མ་བྱུང་ངོ་།།
དེ་ལྟ་ནའང་། ང་ནི་རབ་མེད་གཙང་པོར་དུངས།
༣
ང་ཡི་ཉིན་མོ་མཚན་མོ། མཚེའུ་ལྟར་མེར་ཏེ།
ང་ཡི་ཕྱིར་དྲན་མ་ལུས་སྐྱོམ་གྱི་འདུག
༤
མཚན་མོ། མེ་ལྕེ་གཞན་པ་ཞིག་རེད།
སྲོད་ཀྱི་ཡུལ་གར། ལག་པས།
སྟོང་བའི་དབྱིངས་སུ། གསང་འཕྲིན་སྤྲིང་དུས།
སྐྱི་སེར་རླུང་གི་ཕུང་པོ་ལས་བྲག་ཅ་མཆེད་ཀྱི་འདུག
རླུང་། རང་ཉིད་ཤིང་རྟར་གྲུབ་སྟེ།
ཕྱི་མ་ལེབ་ཀྱིས་དྲུད་ནས་སོང་ན་འདོད།
༥
བརྩེ་དུང་དང་། གཉིད་ལམ། གཡས་སྐོར་གཡོན་སྐོར་གྱི་ཟླ་རྟགས་གཉིས་རེད།
དེ་ཡི་དབར་དུ། ང་ཡི་ཕུང་པོ་སྦེད་དེ།
གཞི་ནས་འཇིག་རྟེན་རྟོགས་སོང་།
ཟླ་འོད་དང་། བགྲེས་པོ།
དེ་ཡི་གནས་མལ་མཚན་མོ་རེད།
དེ་ཡི་ལག་རྟེན་འོད་ཞགས་རེད།
༦
ཐེངས་མང་པོར། ང་ཡི་མྱིག་ལམ་དུ།
རྩྭ་ཡི་རྐང་པ་ཐོགས་པའི་མཁའ་རླུང་འཕུར་ཏེ།
རླུང་གི་རྐང་པ་རྡུང་བའི་མཁའ་ལམ་གར་ལ་རྩེན།
གལ་ཏེ་ཟླ་བ་ཕྱེད་ཀ ཁང་པ་ཧྲིལ་བོ་ཞིག་ཡིན་རུང་།
ང་ཡི་རྐང་པ། དེ་ཡི་སྒོ་ཁར་རྩེབས་མི་སྲིད།
༧
ཆུ་ངོགས་ནས། ངས་ཕྱི་ནང་མཐོང་ཐུབ་པའི་མེ་ལོང་ཞིག་རྡུང་སྟེ།
དེ་ལ་རང་ཉིད་ཀྱི་སྐྱོ་གདུང་ཡང་དྲིས།
ངས་ད་དུང་སྤྲིན་ལ་ཅེར་ནས།
སྡུག་གི་ཆར་ཆུ་ཕངས་མེད་བསྙིལ།
༨)
དུས་ཚོད་ནི་རྒྱ་སྒོ་ཞིག་སྟེ།
ངས་འབྱེད་ཐབས་མ་བྱུང་།
ང་ཡི་སྒྱུ་རྩལ་གྱི་ནང་སེམས་རལ་ནས།
ང་ཡི་གདུང་དབྱངས་ཀྱི་མགྲིན་པ་བརྣངས་བྱུང་།
ཟུར་མཆན།
| ཁོང་གི་<<སྙན་ངག་གཅེས་བཏུས་>>ལས་བསྒྱུར། ཁ་བྱང་སྒྱུར་བ་བོས་བཏགས།
༢/ ༢༠༢༣/
No comments:
Post a Comment