ཆུང་མ་ཞིག་འཆི་ཁའི་སྨྲེང་བརྗོད། | འོས་སྦྱོར།

ཆུང་མ་ཞིག་འཆི་ཁའི་སྨྲེང་བརྗོད།

དཀོན་མཆོག་གསུམ་གྱིས་ཐུགས་རྗེས་གཟིགས། དེ་རིང་ནི་ངས་མི་ལོ་ཉེར་ལྔའི་རིང་འཚོ་བ་རོལ་སའི་རྒྱུས་ཡོད་ཀྱི་འཇིག་རྟེན་འདི་དང་འབྲལ་དགོས་པའི་ཉི་མ་ཡིན་པ་སུ་ཡིས་ཤེས། ལ་ལས་བཤད་ན་ཚེ་ཕྱི་མའི་འཕྲང་རིང་འགྲིམ་དུས་འཇིགས་སྐྲག་དང་ཡ་ང་བའི་མནར་གཅོད་ཚད་མེད་མྱོང་དགོས་ཟེར། གང་ལྟར་ང་ནི་ཞུམ་པ་མེད་པར་དོན་གྱི་དམྱལ་ཁམས་ཤིག་ནས་མིང་གི་དམྱལ་ཁམས་ཤིག་བསྙེགས་ནས་འགྲོ་བ་ལས་ཐབས་ཟད་སོང་། གཟབ་རྒྱས་ཀྱི་སྐྱེལ་མ་མི་དགོས་ལ་བྲལ་ཁའི་མིག་ཆུ་ཡང་མི་དགོས། 

ངའི་སྙིང་དང་འབྲེལ་ཞིང་ཤ་རུས་ལས་ཆད་པའི་ལས་ངན་གྱི་བུ་མོ་ཆུང་ཆུང་གཉིས་ལགས།  ཨ་མ་འདི་ལྟར་སོང་ན་ཁྱེད་གཉིས་ཀྱིས་བཟོད་མི་ནུས་ལ། གློ་བུར་བའི་དོན་རྟོགས་དཀའ་བར་ངེས། ཡིན་ཡང་ཁྱེད་གཉིས་ཀྱིས་ཨ་མར་སྡང་སེམས་གཏན་ནས་སྐྱེ་མི་ཉན། ངས་ཞུ་བ་ཞིག་བྱེད། ཨ་མ་ང་ཁྱོད་གཉིས་དང་ནམ་ཡང་འབྲལ་འདོད་མེད་ལ།  ཁྱེད་གཉིས་ནི་ངའི་དཔྲལ་བའི་མིག་ལས་ཀྱང་ལྷག་པས། ཁྱེད་གཉིས་དྭ་ཕྲུག་ཏུ་སྐྱུར་ཕོད་དམ། དེ་རིང་འདི་ལྟར་འགྲོ་དགོས་པ་ཁྱེད་གཉིས་ཀྱི་ཆེད་དུའང་ཡིན་པས། ནམ་ཞིག་ཨ་མས་དག་པའི་ཞིང་ཁམས་ནས་ཁྱེད་གཉིས་ལ་བདེ་སྐྱིད་ལྡན་པའི་སྨོན་ལམ་རྒྱག་ངེས། བྱིས་སེམས་ཀྱི་དགའ་ཚལ་ན་གཉིད་དུ་ཡུར་བའི་ལོ་ལོ་གཅེས་ཕྲུག་གཉིས། ད་ནི་ཨ་མས་ཁྱོད་གཉིས་ཀྱི་གདོང་ལ་མཐའ་འཇུག་གི་འོ་ཞིག་བྱེད། ད་ནས་བཟུང་རང་གི་རང་ལ་བདག་སྐྱོང་བྱེད་ཤེས་པ་བྱོས། ངས་ཡིག་གེར་ཕབ་པའི་འཕྲིན་འདི་ཁྱོ་ཚོའི་ཨ་ཕ་ལ་འཕྲོད་པར་གྱིས་དང་། ད་གཟོད་ཁྱོད་གཉིས་ཀྱིས་ཧ་གསལ་པོ་ཞིག་གོ་ངེས་ཡིན།

སྙིང་ཉེ་བའི་ཁྱོ་བོ། བརྗེད་ཐབས་བྲལ་བའི་མི་ཚེ་གཅིག་གི་རྐྱ་ཡ། ཁྱོད་ནི་ང་ལ་ཇི་འདྲིའི་མཁོ་ཨང་། ཁྱོད་མེད་པའི་ལོ་ཟླ་ནི་ཧ་ཅང་འཁྱོལ་བར་དཀའ་ལ། ཁྱོད་མེད་པའི་དུས་སུ་ང་ནི་གཤོག་ཡ་ཆད་པའི་རྒོད་པོ་ལས་ངན་ཞིག་དང་འདྲ་བར་ཉམས་ཡོངས་སུ་ཤོར། འོན་ཀྱང་ཁྱོད་རང་ངའི་གམ་དུ་བསྡད་པའི་ཉིན་གྲངས་དེ་མཛུབ་མོས་བརྩི་བར་ནུས་ལ། ངེད་མ་སྨད་གསུམ་དང་རིང་དུ་གྱེས་པའི་ལོ་ཟླ་ནི་བགྲང་གིས་ག་ལ་ལོང་། ནམ་རྒྱུན་བུ་མོ་གཉིས་ཀྱིས་ཨ་ཕ་དྲན་པའི་སྐད་ཆ་དང་རྣམ་འགྱུར་དག་མཐོང་ཚེ། ནམ་མཁའི་བྱ་ཡིན་ཀྱང་མིག་ཆུ་འཆོར་ངེས་རེད། དེ་རིང་ཁྱོད་དང་དངོས་སུ་འཕྲད་པའི་གོ་སྐབས་མེད་ཀྱང་འདས་ཟིན་པའི་ཡོད་ཚད་ལ་འདི་ལྟར་ཕྱིར་དྲན་བྱས་ན། འདི་ནི་རང་བཟའ་ཟླ་གཉིས་ཀྱི་མཐའ་འཇུག་གི་གླེང་མོལ་དང་ངའི་མི་ཚེ་འདིའི་རྫོགས་ཚིག་ལྟ་བུ་ཡིན་པས་ཁྱོད་ལ་གཏན་ནས་སུན་སྣང་སྐྱེ་རུ་མི་འཇུག་པའི་སྨོན་ལམ་ཡང་ཡང་འདེབས།

ལོ་ངོ་དགུའི་སྔོན་གྱི་དཔྱིད་ཀ་ཞིག་ལ། བཅུ་དྲུག་ལང་ཚོས་སྙེགས་པའི་གཞོན་ནུ་མ་ང་ནི་མཐར་ཕྱིན་ལ་ཉེ་བའི་སློབ་འབྲིང་གི་སློབ་མ་ཞིག་ཡིན་ལ། བརྩེ་དུང་གི་སྣང་བས་ཡིད་སེམས་ཡོངས་སུ་མྱོས་པའི་ཁྱོད་རང་གི་མཛའ་མོར་གྱུར་ཅིང་། ཁྱོད་ནི་ངའི་སེམས་ཀྱི་བདེ་སྐྱིད་ཁོ་ནར་ངེས། སྐབས་དེར་ཁྱོད་ཀྱང་ང་ལ་ཇི་འདྲའི་དགའ་ཨང་། དོ་དགོང་དང་འདྲ་བའི་སྨག་ནག་གི་མཚན་མོ་དེར། ངས་དགེ་རྒན་དང་ཕ་མ་སོགས་ཀྱི་ཁ་ཏ་རྒྱབ་ཏུ་བསྐྱུར་ནས་སློབ་གྲྭ་ལས་བྲོས་བྱོལ་བྱས་ཏེ་ཁྱོད་ཀྱི་རྗེས་སུ་འབྲངས། ད་གཟོད་ཁྱོད་རང་ནི་ངའི་ཡོད་ཚད་ཀྱི་ཡོད་ཚད་དུ་གྱུར་ཟིན། ཁྱོད་ཀྱིས་རང་ཉིད་རྒྱལ་ཁབ་ཀྱི་ལས་བྱེད་པ་ཞིག་ཡིན་པའི་ང་སྙམ་མ་བཟུང་བར་མི་ཁས་བཀག་འགོག་ལས་བརྒལ་ཏེ། ང་འདྲ་བའི་བུ་མོ་བསམ་མེད་རྒྱུ་མེད་ཅིག་རང་གི་འདུན་མར་བླངས་སོང་ལ། ངས་ཀྱང་ཁྱོད་ཀྱི་དོན་དུ་མཚར་སྡུག་གི་མདུན་ལམ་ཡོད་དོ་ཅོག་བློས་གཏོང་ཕོད། 

དེ་ལྟར་ང་ཁྱེད་ཚང་ལ་ཡོང་ནས་ཁྱོད་ཀྱི་ཨ་མ་ནད་པ་དེ་གཡོག་ནས་ཚེ་སྨད་ལེགས་པར་རྫོགས་པ་མ་ཟད། རང་ལོ་བཅོ་བརྒྱད་སྟེང་བུ་མོ་ཆེ་བ་དེ་བཙས། དགའ་འོས་པ་ལ། འདི་ནི་ཁྱོད་ཀྱི་ཨ་མའི་རྣམ་ཤེས་ཡིན་ནའང་ཐང་། རྒྱུ་མཚན་ནི་ཨ་མ་མ་འདས་སྔོན་ཁོ་མོས་དེ་ལྟར་སྐྱབས་འཇུག་ཞུས་མྱོང་། འོན་ཀྱང་དུས་དེ་ནས་བཟུང་ཁྱོད་ཀྱི་གདོང་ལ་འཛུམ་མདངས་བྲལ་ཞིང་གཅིག་རྗེས་གཉིས་མཐུད་ཐ་མག་རྔུབ་འཐེན་བྱེད་པ་ལས་སྐད་ཆ་ཅི་ཡང་མི་སྨྲ། ད་ལྟ་ཡིད་ཕམ་པ་ཞིག་ལ་ཁྱོད་ཀྱིས་ཡུན་རིང་ཐག་རིང་གི་རྫོང་མཁར་དེར་བྱ་བ་སྒྲུབ་བཞིན་ཡོད་པས། ངས་ཀྱང་སྐབས་དེའི་ཁྱོད་ཀྱི་སེམས་གསལ་པོར་རྟོགས་ཐུབ་མེད། དེ་ལྟར་དབྱར་དགུན་སྟོན་དཔྱིད་མེད་པར་ཁྱོད་རང་ཕ་ཡུལ་ལ་ཡོང་བའི་རེ་སྒུག་ཇི་འདྲ་བྱས་ཀྱང་ལོ་དེའི་ལོ་གསར་གྱི་ཉིན་འགའ་མ་གཏོགས་ཁྱོད་ཀྱི་གྲིབ་མ་ཙམ་ཡང་མཐོང་མ་ཐུབ། ལོ་རྗེས་མར་ཡང་བུ་མོ་ཆུང་བ་དེ་བཙས་བྱུང་། 

ཁྱོད་ཀྱིས་ང་ཚོར་མི་མགོ་མ་དགོས་ཞྭ་མགོའང་མ་ལྟས། དུས་ཚིག་རེ་རེ་བཞིན་མཚེར་སར་སྤོ་སྐབས་ང་གཅིག་པུས་བུ་མོ་གཉིས་རྒྱབ་ཏུ་ཁུར་བའམ་རུམ་ལ་བཅུག་ནས་རུ་བཀལ་འགེལ་བྱས་པ་ཡིན། ཉིན་ཞིག་མཚེར་ས་གསར་བར་བབས་ཏེ་ཆུ་ལེན་དུ་འགྲོ་སའི་ལམ་བར་ནས་ཅི་ཡིན་གང་ཡིན་མེད་པར་ཆུ་ཁ་དེ་ནས་ང་དབང་བོ་ཤོར་སོང་། ཁྱིམ་མཚེས་སེམས་བཟང་དེ་ཚོ་མིན་ན་རྫོང་སྨན་ཁང་ལ་འབྱོར་ཐུབ་པའི་རེ་བ་ཞིག་གང་ན་ཡོད། དེ་ནི་ཁྱོད་ཀྱིས་ཀྱང་ཤེས་གསལ་ལྟར་རེད། 

སྐབས་དེར་བསྟུན་ནས་ད་གཟོད་ཉིན་འགའི་རིང་བཟའ་ཚང་གང་བོ་མཉམ་འཛོམས་ཐུབ་པ་བྱུང་བས། ངེད་མ་སྨད་ལ་མཚོན་ན་དེ་ནི་ཆེས་བདེ་སྐྱིད་ཀྱི་ཉིན་འགའ་ཡིན་སོང་། སྨན་པས་ངའི་ལུས་པོ་ངན་དྲགས་པས་སྨན་གསོ་ཅུང་ཟད་དགོས་ཟེར་བར། ཁྱོད་ཀྱི་ཁང་པའི་ནང་ཉིན་གསུམ་ལ་བསྡད། ཇི་འདྲའི་སྐྱིད་པ་ལ། ཁྱོད་ཀྱིས་ཅི་བསམ་ཡོད་མི་ཤེས་མོད། ངས་ཐོག་མར་རང་ཉིད་ནི་ལས་བྱེད་པ་ཞིག་གི་ཆུང་མ་ཡིན་པར་ངོ་གནོང་མི་དགོས་སྙམ། བུ་མོ་གཉིས་ཀྱང་དགའ་སྟེ་ཅུང་དོགས་པའི་ཉམས་ཀྱིས་ཁྱོད་ལ་ཨ་ཕ་ཞེས་ཡང་ཡང་འབོད་པར་བྱེད། ཡིན་ཡང་ཉིན་གསུམ་འགོར་རྗེས་ཀྱི་ཕྱི་དྲོ་དེར་ཁྱོད་ཀྱིས་ཁྱིམ་གཞན་ཞིག་ནས་ཨ་རག་མང་པོ་འཐུང་ནས་ཕྱིར་ལོག་སྟེ་ངེད་མ་བུ་གསུམ་ལ་གཅར་རྡུང་བྱས། 

ཁྱི་མོ་ཁྱོད་ཚོ་སྒོར་སོང་། ཞི་ལི་བཙའ་མི་ཤེས་པའི་ཆུང་མ་ཞིག་གིས་ཅི་བྱེད་ཅེས་རྫིག་ཉམས་ངོམ་བཞིན་ངའི་རྒྱབ་ཀྱི་སློག་པ་ཡོངས་སུ་བཤུས་ཤིང་རང་ལུས་ཤ་རྗེན་སྟེང་། འགྱིག་ཐག་སྦོམ་པོ་ཞིག་གིས་བྲབ་ཅིང་རྡོག་པས་གང་མང་གཞུས། ཨ་ལ་ལ། མདུན་གྱི་མི་འདི་ནི་དེ་སྔོན་ངའི་བློས་ཐུབ་ཀྱི་ཁྱོ་བོ་མ་ཡིན་ཏེ། བདུད་རྒན་ཤ་སྟག་ཅིག་རེད། ཕྱིར་ཉིན་ངའི་ལུས་ཡོངས་ལ་རྨ་དང་ཁྲག་གི་བཀང་ཡོད་པས། སྐ་རག་བཅིངས་དཀའ་བའི་གནས་སུ་བཅར་ཡོད་ཀྱང་། ཁྱོད་ཀྱིས་སྐད་ཆ་དེ་འདྲ་དང་བྱ་སྤྱོད་དེ་འདྲ་སྟོན་པ་ངའི་བློ་ཡིད་ལའང་འཆར་མ་མྱོང་།


ཟླ་འགའི་རྗེས་སུ། རུ་སྐོར་ནང་གི་མི་ལ་ལས་བཤད་ན་ཁྱོད་ལ་རྫོང་མཁར་དུ་མཛའ་གྲོགས་ཡོད་པ་མ་ཟད་ཞུ་ལུ་ཞིག་ཀྱང་བཙས་ཡོད་ཟེར། རེ་ཞིག་ངའི་སེམས་སྨྲེང་བར་གྱུར་ཏེ་གཞི་ནས་འདང་རྒྱག་དགོས་པ་བྱུང་། ལོ་ངོ་དགུའི་རིང་ངས་ཁྱེད་ཚང་ནས་བཞོན་མ་བཞོ་བ་སོགས་དཀའ་སྡུག་གི་ལས་ཀ་མང་པོ་སྒྲུབ་ཡོད། ཁྱོད་ཀྱིས་ང་ལ་གོས་དམར་པོའི་སྟོད་ལྭ་གཅིག་ལས་ཉོས་ཨེ་མྱོང་།  ད་ལྟ་ངའི་རྒྱབ་ལ་བལྟས་ན་ལས་བྱེད་པ་ཞིག་གི་བཟའ་ཟླ་ཕར་ཞོག་གཡོག་མོ་ཕལ་བ་ཞིག་ལའང་མི་དོ། ང་ཁྱེད་ཚང་ལ་སླེབ་ནས་བཟུང་འཚོ་བའི་ལོངས་སྤྱོད་ཧ་ཅང་སྐྱོ་མོ་ཡིན་པ་མ་ཚད། དབྱར་དགུན་མེད་པར་སློག་པ་རྙིང་ཧྲུལ་འདི་ངའི་ཉིན་མོ་གྱོན་པ་ཡིན་ལ་ངེད་མ་བུ་གསུམ་པོའི་དགོང་མོའི་ཉལ་གོས་ཀྱང་ཡིན། དེ་རིང་ངས་དེ་ཕུད་ནས་བུ་མོ་གཉིས་ནང་དུ་དྲོན་པོར་བསྙལ་ཡོད། 

འོན་ཀྱང་། འདི་དག་ལ་ངས་སྔ་མོ་ནས་དོ་སྣང་བྱེད་མ་མྱོང་། དངོས་གནས་བཤད་ན་ང་ལ་དགོས་པ་ནི་ཁྱོད་ཀྱི་ལྷད་མེད་ཀྱི་བརྩེ་དུང་ཡིན་པ་ལས་གཞན་ཅི་ཡང་མིན། ཞུ་ལུ་མི་སྐྱེ་བ་ནི་ངེད་བཟའ་ཟླ་ཕྱོགས་གཉིས་ལ་རག་ལས་པ་ཞིག་ལས་ང་ཁོ་ནའི་སྐྱོན་ག་ལ་ཡིན། ད་རུང་ཁྱོད་ལ་དགའ་མ་གཞན་ཞིག་ཡོད་པའི་སྐད་ཆ་དེའང་ངའི་རྣ་ལམ་དུ་གོ་ལོག་བྱུང་བ་ཡིན་སྙམ་གྱིན་འདུག དེའི་ཕྱིར། ངས་རང་སེམས་རང་གིས་གསོས་ནས་སྔར་བཞིན་འགྱུར་བ་མེད་པའི་ངང་ཁྱོད་རང་ལ་རེ་སྒུག་བྱས། 

ཡིན་ན་ཡང་དོན་དངོས་ནི་དོན་དངོས་ཡིན་ཏེ་བཟློག་ཐབས་ཅི་མཆིས།  ཁ་སང་རྫོང་མཁར་ནས་ཡིན་ཟེར་བའི་ཁ་ཆེའི་ཤན་པ་གཉིས་ཡོང་སྟེ་འུ་ཚང་གི་སྒོ་ཁའི་ཟོག་ལུག་རྣམས་དེད་སོང་བ་མ་ཟད། ཁྱོད་ཀྱིས་བརྒྱན་བཙུགས་ནས་ངེད་མ་སྨད་གསུམ་པོ་ཤན་པ་ཆེ་བ་དེར་དབང་བར་གྱུར་ལ་སང་ཉིན་འཁྲིད་པར་འོང་ཟེར་ནས་ཁྱོད་ཀྱིས་དངོས་བྲིས་བདེན་དཔང་ཞིག་བསྟན་བྱུང་། དེའི་སྟེང་དུ་ངའི་མི་འདིའི་ཆུང་མ་བླངས་ཟིན་པས་ཁྱོད་ཀྱང་འདིའི་ཆུང་མ་བྱེད་དགོས་ཞེས་བྲིས་འདུག  

ཨ་གནམ་རྒན་མ། འཇིག་རྟེན་འདི་ན་དྲང་བདེན་དང་རྒྱུ་འབྲས་ཟེར་བ་ཞིག་ཡོད་དམ། ཁྲེལ་གཞུང་དང་ངོ་ཚ་ཟེར་བ་ཞིག་ཡོད་དམ། གློ་བུར་བའི་ཐོག་མདའ་རྣོན་པོ་འདི་ཀླད་པའི་གཙུག་ནས་ཐུར་དུ་བསྣུན་པ་དང་ལྷན་དུ། ངའི་ལུས་འདར་ཞིང་མིག་ཀོང་ནས་ཆུ་ཀློང་བརྡོལ། སེམས་གཡོམ་ཞིང་ཁྲག་རླབས་འཕྱོ། སྐྱི་གཡའ་བའི་རྫི་རླུང་ཞིག་གིས་རང་དབང་མེད་པར་སྐྱུག་བྲོ་བའི་སྣང་བ་ཁྱད་པར་བ་ཞིག་བསླངས་ཤིང་དཀའ་སྡུག་གི་མནོ་བསམ་གཏོང་འགོ་ཚུགས།  

ང་དང་ངའི་བུ་མོ་གཉིས་འདྲ་བའི་ལས་ངན་གྱི་སྨན་ཤར་གྲངས་མང་ཞིག་ལ་བདེན་དོན་གྱི་ཚངས་ཐིག་རིགས་གྲངས་མེད་ཅིག་ཡོད་ངེས། ཅིས་ཀྱང་ཡོད་དགོས་པ་མིན་ནམ། ད་ནི་ལམ་ལ་ཆས་རན་སོང་། འདི་ནི་ངས་རང་དགར་དུ་བླུན་རྟགས་བསྟན་པ་ཡེ་ནས་མིན། ཁྱོད་ཀྱི་བདེན་དཔང་ཟེར་བའི་ཡི་གེ་དེ་ཉིན་མཚན་གཉིས་ལ་བཟླས་ཀློག་བྱས་རྗེས་ད་གཟོད་སེམས་ཐག་བཅད་པ་ཡིན་ལ། མི་ཚེ་འདིར་རང་ཉིད་ནི་ཁྱོད་གཅིག་པུའི་ཆུང་མ་ཡིན་པ་ལས་གཞན་ཞིག་ངའི་བློའི་ཡུལ་ལ་གཏན་ནས་འཆར་མ་མྱོང་། འཆར་ཀྱང་སྲིད་པ་མ་རེད། 

ཉོན་དང་། ངའི་ལྷོག་ལྷོག་ཏུ་ལྡིང་བའི་ཡ་ཆུང་གི་སེམས་པ་གཉིས་པོ་འདིའི་འབོད་པ་དང་རེ་སྒུག་དེ་ཁྱོད་ཀྱིས་ནམ་ཡང་རྟོགས་མི་ཐུབ་པ་ཅིའི་ཕྱིར་ཡིན། ད་ནི་འདི་ལྟར་རང་སྲོག་དཔང་དུ་བཞག་སྟེ་ཁྱོད་ལ་སྟོན་པ་ལས་མཚོན་ཐབས་གཞན་ཅི་ཡོད། ཁྱོད་ཀྱིས་ཀྱང་རང་ལ་ཧ་ཅང་བརྩེ་བའི་ཆུང་མ་ངའི་མཐར་ཐུག་གི་སྡུག་བརྗོད་འདི་ཅི་སྙམ་པའི་ངང་སེམས་ལ་འབབ་པའི་དུས་ཤིག་ཡོད་ངེས། 

སྙིང་ཉེ་ལགས།  ཁྱོད་ཧ་ལས་མི་དགོས། ང་རང་འགྲོ་ས་ནི་ཉེ་རིང་ཆགས་སྡང་མེད་ལ་མཐོ་དམའ་བཙན་གཉོམ་མེད། ང་ལ་རེ་བ་ཉག་གཅིག་ཡོད་པའང་ཁྱོད་ཀྱིས་རང་གི་མ་མེད་བུ་མོ་ཆུང་ངུ་གཉིས་ལ་བདག་སྐྱོང་བྱེད་རྒྱུ་ཧ་ཅང་གལ་ཆེ། རྩིད་ཐག་འཐེན་པའི་སྦྲ་གུར་འདིའི་ནང་ནས་ངའི་རྣམ་ཤེས་ཀྱིས་ཁྱེད་ལ་བདེ་མོ་ཞུས་ཟིན། སྙིང་ཉེ་ལགས།

 

| རྩྭ་ཐང་གི་རི་ཁུག་ཞིག་ནས་བྱུང་བའི་གཏམ་རྒྱུད་དངོས་མ་འདི་བོད་ཆར་གྱིས་ཡི་གེར་བཏབ་བོ།།



No comments:

Post a Comment

Adbox