ཅི་ཞིག་ལ་དམངས་གཙོ་ཟེར། I འོས་སྦྱོར།

ཅི་ཞིག་ལ་དམངས་གཙོ་ཟེར།


______དཔེ་ཀློག་གི་བར་གསེང་ནས་ཟིན་བྲིས་སུ།


རྩ་ཤེར།


མང་གཙོ་དང་དམངས་གཙོ་ཞེས་གང་བྲིས་ཀྱང་། དོན་ལ་ནོར་འཛོལ་ཅི་ཡང་ཡོད་མི་སྲིད་ཀྱང་། རང་གིས་དཔལ་ཡོན་གྱི་གོ་བ་ལོན་ཕྱོགས་ལྟར་ན། སྔ་མ་ཉིད་གནད་ཀྱི་དོན་ལ་ཅུང་ཟད་འབྱོར་ཆེ་བ་མིན་ནམ་དྲན།


སྤྱིར། དམངས་གཙོ་ཞེས་པ་ནི་སྲིད་ལུགས་ཤིག་སྟེ། ཚིག་མཛོད་ཆེན་མོ་རུ།མི་དམངས་ལ་ཆབ་སྲིད་ཀྱི་ཐོག་རང་དབང་གི་སྒོ་ནས་སྐད་ཆ་ཤོད་དབང་ཡོད་པ་དང་། རྒྱལ་ཁབ་ཀྱི་སྲིད་དབང་བདག་གཉེར་བྱེད་རྒྱུ་སོགས་ལ་ཞུགས་དབང་ཡོད་པ་ལ་བཀྲལ་འདུག་པ་བཞིན། དབང་ཆ་གཅིག་སྡུད་ལམ་ལུགས་ཀྱི་ལྡོག་ཕྱོགས་སུ་གནས་པའི་ཆབ་སྲིད་ཀྱི་དཔལ་ཡོན་ཡིན།


དམངས་གཙོའི་སྲིད་ལུགས་ནི། ཆོས་ལུགས་དང་དཔལ་འབྱོར། ཁྲིམས་ལུགས་སོགས་སྤྱི་ཚོགས་ཀྱི་གནས་བབས་གང་ཡིན་རུང་། དམངས་ཀྱིས་ཐད་ཀར་ལྟ་རྟོག་བྱེད་པ་སྟེ། མདོར་ན། སྲིད་གཞུང་ནི་མི་མང་གི་ཆེད་དུ་ཡིན་པའོ།།


ཆབ་སྲིད་དམངས་གཙོ་ཅན་དུ་འགྱུར་གྱིན་པའི་དུས་རབས་འདིར་ཡང་། མིང་དོན་མི་མཚུངས་ཤིང་། ཁ་ལག་གཉིས་འགལ་བ་ལྟག་སྤྲོད་དུ་སོང་བ་མང་ཕྱིར། ཇི་སྲིད་དམངས་ཀྱི་གོ་རྟོགས་མ་སད་བར་དུ། སྙིང་པོའི་སྟོང་པའི་ཁ་ཡག་ཚིག་འཇམ་གྱིས་འབངས་རྣམས་བསླུ་བའི་གཡོ་ཇུས་ཀྱི་རྩ་བ་བརྟན་ཅིང་། སྒེར་གཅོད་སྒེར་སྡོམ་གྱི་དབང་ཤེད། ས་བོན་དྲུངས་ནས་འབྱིན་པར་མི་ནུས་སྙམ།


རང་དབང་དང་འདྲ་མཉམ་ནི། འགྲོ་བ་མིའི་རིགས་ཡོངས་ཁྱབ་ཀྱི་རིན་ཐང་སྟེ། རང་ཉིད་མི་རུ་གྱུར་པ་ནས་བཟུང་རང་ཆས་སུ་མངའ་བའི་བསོད་ནམས་ཀྱི་བགོ་སྐལ་ཞིག་ཡིན། ཚེ་སྲོག་གི་ཁེ་དབང་དང་། དཔལ་འབྱོར་གྱི་ཁེ་དབང་། བསམ་བློ་དང་སྨྲ་བརྗོད། དད་མོས་བཅས་ཀྱི་རང་དབང་ལ། ཁག་ཐེག་དང་འགན་ལེན་སྤུས་གཙང་ཞིག་ཡོང་ཕྱིར། མི་མང་སྤྱི་མཐུན་གྱིས་སྲིད་གཞུང་རྩ་འཛུགས་བྱས་ཤིང་། ད་གཟོད་དབང་ཆ་ཡང་གང་འཚམ་ལོས་ཡོད་མོད། དམངས་ཀྱི་དགོས་འདོད་ཀྱི་རེ་བ་སྐོང་མ་ཐུབ་ཚེ། ཡང་བསྐྱར་འཕོ་འགྱུར་འགྲོ་ངེས་པ་ནི་ཆབ་སྲིད་དམངས་གཙོ་ཅན་དུ་བདག་སྨྲའོ།།


ཡུལ་དུས་གནས་བབས་ཀྱིས། བྱེ་བྲག་གི་མང་གཙོའི་སྲིད་ལུགས་ལའང་ཐུན་མོང་མ་ཡིན་པའི་འགྱུར་བ་ཡོད་སྲིད་ཀྱང་། བརྒྱ་ཁ་གཅིག་གཅོད་ཀྱིས་བཙན་དབང་བཀོལ་བ་དང་། དྲག་པོ་བཏུམ་སྤྱོད་ཀྱིས་ཆབ་འབངས་སྐྱོང་བ་ལ་ནི། དཔལ་ཡོན་གྱི་རྒྱུན་ཤེས་ཙམ་ཡང་ཡེ་ནས་མེད་པར་སེམས།


ཆེས་འཇིགས་སུ་རུང་བ་ནི། དབང་ཆ་ལ་ཚད་བཀག་མེད་པ་ཉིད་ཡིན་ཏེ། དེ་འདྲའི་སྲིད་གཞུང་ནི་དུས་ནམ་ཞིག་གི་ཚེ་འབངས་ཀྱི་དགྲ་བོར་འགྱུར་ངེས་ཤིང་། དམངས་ཀྱི་རང་དབང་དང་འདྲ་མཉམ་རྡོག་བརྫིས་བཏང་སྟེ། ཐད་ཀར་སྲིད་ཇུས་ལ་སྐྱོན་བརྗོད་དང་ངོ་རྒོལ་བྱ་མཁན་ཡོད་དོ་ཅོག་ལ། ཕ་བསད་ཀྱི་དགྲ་ལྟར་བརྩིས་ཏེ་གཏུམ་དབང་གིས་གཡུང་ལ་ཕབ་པར་ངེས།


ཁྲིམས་ལུགས་ནི་ཡོད་ཚད་དབང་བསྒྱུར་བྱ་བའི་ལག་ཆར་བཀོལ་ག་ལ་རུང་སྟེ། དམངས་ལ་ཞི་བདེ་འཆམ་མཐུན་ཡོང་ཕྱིར་གཏན་འབེབས་བྱས་ཤིང་། འདྲ་མཉམ་དང་དྲང་བདེན་གྱི་སྤྱི་ཚོགས་ཤིག་མངོན་དུ་འགྱུར་བའི་ཕྱིར། མི་མང་ཐུན་མོང་གི་མོས་མཐུན་འབའ་ཞིག་ལ་བརྟེན་ནས་རྣམ་གཞག་དེ་ལྟར་བྱས་པའི་ཕྱིར་རོ།།


གོང་དུ་མདོ་ཙམ་བཤད་པ་བཞིན། དམངས་གཙོ་ཞེས་པ་ནི་ཆབ་འབངས་ཡོངས་ལ། སྲིད་དོན་ལ་ཐེ་གཏོགས་བྱེད་དབང་ཡོད་པ་དང་། འགན་འཁྲི་འདྲ་མཉམ་ཡིན་པའི་ཐོག་ནས། སྲིད་ཕྱོགས་ཀྱི་བྱ་བ་ཆེ་ཕྲ་གང་ཡིན་ལ། སྐྱོན་བརྗོད་དང་དགག་སྒྲུབ། ངོ་རྒོལ་བྱེད་དབང་ཡོད་པ་ནི་དམངས་གཙོའི་རྟགས་མཚན་ཡིན།


དམངས་གཙོའི་སྲིད་ལུགས་སུ། དབང་དྲག་དང་གཏུམ་ཤུགས་ཀྱིས་ཐག་གཅོད་པ་མེད་ཅིང་། མི་དམངས་ཀྱི་བསམ་ཚུལ་སྣ་ཚོགས་པ་གོ་བསྡུར་གྱིས་འགྲིག་མིན་དབྱེ་བ་འབྱེད་པས། ཟང་ཟིང་གི་རྩོད་རྙོག་ནི་ཧ་ཅང་མང་ཡང་། དེས་རང་དབང་འདྲ་མཉམ་གྱི་དཔལ་ཡོན་ཞིག་མཚོན་པ་ལས། ཞི་བདེ་དང་འཆམ་མཐུན་གྱི་སྤྱི་ཚོགས་མ་ཡིན་པའི་སྒྲུབ་བྱེད་ག་ལ་འགྲོ།


༢༠༢༢//༡༡

རྩོམ་ཁུངས། འོད་འཛིན། 

འབྲེལ་ཡོད་བསྒྱུར་རྩོམ། 



No comments:

Post a Comment

Adbox