ས་ཆེན་གྱི་སྒལ་ཚིགས། གཙང་ཆུའི་འགོ་ཁུངས།
སོག་རུ་ཀརྨ་ཀུན་ཁྱབ།
ཁྱེད་རང་གིས་འཛམ་གླིང་གི་ཆུ་བོ་ཆེན་པོ་ཨང་གསུམ་པ་དང་། ཀྲུང་ཧྭའི་མ་ཡུམ་ཆུ་བོར་གྲགས་པའི་འབྲི་ཆུ་སྔོན་མོ་དང་། རང་རྒྱལ་གྱི་ཆུ་ཆེན་ཨང་བཞི་པར་གྲགས་པའི་རྒྱལ་མོ་རྔུལ་ཆུ། མདོ་ཁམས་སྒང་དྲུག་ཁུལ་དུ་སྐད་གྲགས་ཆེ་བའི་ཟླ་ཀླུང་ཕྱུག་མོ་བཅས་འཛམ་གླིང་ཁྱོན་དུ་གྲགས་པ་ཆེ་བའི་ཆུ་བོ་དེ་གསུམ་གྱི་འགོ་ཁུངས་ཤེས་ཀྱི་ཡོད་དམ། ཆུ་བོ་ཆེན་པོ་དེ་གསུམ་ནི་འཛམ་གླིང་ས་གཞི་རིལ་མོའི་སྒལ་ཚིགས་ལྟ་བུར་གྲུབ་པའི་གདང་ལའི་རི་རྒྱུད་ནས་འབབ་པ་ཤ་སྟག་ཡིན་སྟབས། གདང་ལ་རི་བོ་ནི་ཆུ་ཕྲན་སྟོང་གི་འགོ་ཁུངས་དང་། གཙང་ཆེན་བརྒྱ་ཡི་འབྱུང་གནས་ཡིན། ཡོངས་སུ་གྲགས་པའི་མདོ་དབུས་མཐོ་སྒང་ཡངས་པའི་ལྟེ་བར་འབྲུག་ཆེན་འཕྲེད་དུ་ཉལ་བ་ལྟ་བུའི་རི་རྒྱུད་རིང་པོ་དེར་གདང་ལའི་རི་རྒྱུད་ཟེར་ཞིང་། རི་རྒྱུད་རིང་པོ་དེ་ནི་ནུབ་ངོས་ཡ་གླིང་དཀྱིལ་རྒྱུད་ཀྱི་རི་རྒྱུད་ཆེན་པོ་ཁུ་ནུ་རི་རྒྱུད་ལས་གྱེས་ཤིང་ལྗང་མདོག་གིས་རབ་ཏུ་ཕྱུག་པའི་སྤང་ལྗོངས་དང་། མུ་མཐའ་མེད་པའི་རྩྭ་ཐང་ཡངས་པོས་མུ་ནས་མུ་རུ་མཐུད་པའི་མདོ་དབུས་མཐོ་སྒང་གི་ལྟེ་བ་རུ་གངས་རིའི་ཕྲེང་ཚོགས་སྟར་དུ་སྒྲིག་པ་ལས་གྲུབ་པས་དར་དཀར་སྲིད་ན་རིང་བ་ཞིག་འཕྲེད་དུ་བསྣར་བ་དང་མཚུངས། ཁུ་ནུ་རི་རྒྱུད་ནི་གནའ་ནས་བཟུང་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་རིག་གནས་ཁྲོད། རི་བོ་སྟོང་གི་ཨ་མྱེས་དང་། ཀྲུང་ཧྭ་མེས་པོའི་འབྱུང་ཁུངས་ཞེས་པའི་ཤོད་རྒྱུན་ཡོད་ལ། རྒྱ་ནག་གི་ལྷ་སྒྲུང་དང་གཏམ་རྒྱུད་དུ་མའི་འབྱུང་གནས་ཤིག་དང་། ཡ་གླིང་གི་རི་རྒྱུད་ཆེན་པོ་བཞི་ཡི་ཡ་གྱལ་ཞིག་ཡིན། ཁུ་ནུ་རི་རྒྱུད་ལས་གྱེས་པའི་གདང་ལ་རི་རྒྱུད་ཀྱི་ཤར་མཐའ་ནི་མདོ་ཁམས་ཆུ་བཞི་སྒང་དྲུག་དང་འབྲེལ་ནས་ཡོད་སྟབས། མདོ་དབུས་མཐོ་སྒང་གི་ས་ཆ་ཕལ་མོ་ཆེ་རི་རྒྱུད་དེའི་ལེ་ལག་དང་མ་འབྲེལ་བ་མེད་ལ། གནའ་ནས་བཟུང་ཡ་གླིང་དཀྱིལ་སྙིང་གི་མིའི་རིགས་རྣམས་འཚོ་སྡོད་བྱེད་པའི་ལྟེ་བ་དང་། ཚེ་སྲོག་གི་འབྱུང་ཁུངས། རིག་གནས་ཀྱི་ཕ་གཞིས། མི་རིགས་ཕན་ཚུན་འབྲེལ་འདྲེས་བྱེད་པའི་བརྡ་རྟགས་ལྟ་བུར་གྱུར། གདང་ལ་རི་བོའི་ཁོང་གསེང་ནས་བབས་པའི་འབྲི་ཆུ་དང་། རྒྱལ་མོ་རྔུལ་ཆུ། ཟླ་ཆུ་བཅས་ཆུ་བོ་ཆེན་པོ་གསུམ་ལ་མདོ་དབུས་མཐོ་སྒང་གི་གཙང་ཆུ་ཕལ་མོ་ཆེ་འདུས་ཀྱི་ཡོད་ལ། གྲངས་ལས་འདས་པའི་རི་ཚོགས་དང་། ཀླུང་ཐང་ནགས་ཁྲོད་བརྒལ་ནས་མདོ་དབུས་མཐོ་སྒང་གླིང་ལས་ཐོན་ཏེ། རང་རྒྱལ་གྱི་ཞིང་ཆེན་མང་པོ་ཞིག་བརྒྱུད་མཐར་རྒྱ་མཚོར་འདྲེས་ཡོད་སྟབས། མདོ་དབུས་མཐོ་སྒང་ཙམ་མ་ཟད། ཀྲུང་གོ་ཧྲིལ་པོ་དང་། ཐ་ན་ཡ་གླིང་སྐམ་ས་ཆེན་མོའི་ཚེ་སྲོག་གི་འབྱུང་ཁུངས་སུ་འབོད། ཆུ་ཆེན་དེ་གསུམ་ནི་ཆུ་འགོ་རབ་དཀར་ཁ་བའི་དབུ་ཞྭ་བསྣམས་པའི་གངས་རི་དཀར་པོའི་ཕྲེང་བར་སྦྲེལ་ཡོད་ལ། ཆུ་གཞུག་སྔོ་ལྗང་ནགས་ཀླུང་གིས་མཛེས་པའི་ཞིང་ས་གཤིན་པོ་དུ་མར་འཐིམས་ཡོད་པས། སྐྱེ་འགྲོ་ཁྲི་སྟོང་དུ་མའི་ཚེ་སྲོག་གི་རྟེན་ས་དང་། རང་བྱུང་ཁམས་ཆེན་མོའི་ཟུངས་ཁྲག་གི་བཞུར་རྒྱུན་དུ་གྲུབ་སྟེ། ཁྱེད་ཅག་དར་ན་རང་བྱུང་ཁམས་ཆེན་པོ་དར་ཞིང་སྐྱེ་འགྲོ་རྣམས་ཀྱང་འཚོ་ཞིང་དར་ལ། ཁྱེད་ཅག་གུད་ན་རང་བྱུང་ཁམས་ཀྱང་ཉམས་ཤིང་། སྐྱེ་འགྲོ་དག་ཀྱང་འཚོ་བའི་ཡུལ་མེད་པས། ཁྱེད་ཅག་ནི་མིའི་རིགས་དང་ལས་དབང་གཅིག་ཏུ་སྦྲེལ། རང་བྱུང་ཁམས་ཀྱི་སྲོག་ལྡན་ཡོད་དགུའི་ཚེ་སྲོག་གི་མདུན་ལམ་ཕྲེང་ཐག་གཅིག་གིས་སྦྲེལ་ཡོད་པས། ཁྱེད་ནི་ཡོད་ན་དེ་ཆོག་དང་མེད་ན་དེ་ཕུང་ཡིན། དེར་བརྟེན། སྤྱི་ཁྱབ་ཧྲུའུ་ཞི་ཅིན་ཕིང་གིས་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་ལ། ཁ་བ་གངས་འཁྱགས་དག་ཀྱང་རིན་བྲལ་ནོར་བུ་ཡིན་ཞེས་པའི་བཀའ་སློབ་ཀྱང་རྒྱུ་མཚན་དེ་འདྲར་དགོངས་ནས་གསུངས་པ་ལོས་ཡིན།
ལྗོངས་འདིར་གཅིག་ལས་གཉིས་པ་དཀོན་པའི་རི་རྒྱུད་རིང་པོ་གདང་ལ་རི་རྒྱུད་ཀྱི་གཙོ་བོའི་གངས་རི་ནི་ད་ལྟའི་ནག་ཆུའི་ཨ་མདོ་རྫོང་ཁོངས་སུ་གནས་པའི་ཀེ་ལ་དར་མདུང་གངས་རི་ཞེས་པ་དེ་ཡིན་པ་དང་། བལ་དཀར་གྱི་ཕུང་པོ་མཐོན་པོར་སྤུངས་པ་ལྟ་བུའི་གངས་རི་དེའི་རི་རྒྱུད་དང་རི་ཕྲན་རྣམས་ཀྱི་ཁོང་གསེང་ནས་འབབ་པའི་འབྲི་ཆུ་དང་། ཁ་སྐད་དུ་འབི་ཆུ་ཡང་ཟེར་ཞིང་། སྲིད་པའི་གངས་རི་ཀེ་ལ་དར་མདུང་གི་སྲིབ་ངོས་ནས་འབབ་པ་དང་། དེར་འབྲི་སྒྲོ་གད་དང་། འབྲི་རོད་གངས་དང་། འབྲི་གྱང་གད་ཅེས་པའི་གངས་རི་དེ་དག་གི་གཤམ་ནས་འབབ་པ་ལས་ས་མིང་ཆུ་ལ་ཐོགས་ནས་འབྲི་ཆུ་ཞེས་ཟེར་ཞིང་། རྒྱ་བོད་ཡིག་ཚང་ལས། བྱང་ཕྱོགས་ཧོར་བོད་གཉིས་ཀྱི་ས་མཚམས་དང་ཉེ་བའི་ས་ན་ཕ་བོང་ཆེན་པོ་འབྲི་འདྲ་བ་ཁ་ཤར་དུ་བལྟས་པ་ཞིག་ཡོད་པ། དེའི་རྒྱབ་ངོས་ནས་འབབ་པའི་ཆུ་བོ་ལ་ཚ་སྐྱེ་གཙང་པོ་ཟེར། ནུབ་ལ་འགྲོ མདུན་ནས་འབབ་པ་ལ་འབྲི་ཆུ་ཟེར། ཆུ་འགོ་རྡོ་ཕ་བོང་འབྲི་ལྟ་བུའི་ལོགས་ནས་འབབ་པའི་མིང་ཡང་དེ་ལྟར་ཐོགས་ཞེས་གསལ་བ་ལྟར་ལ། འབྲི་ཆུའི་འབབ་རྒྱུད་དུ་ཆུ་ལ་གསེར་བྱེ་འགྲིམ་བཞིན་ཡོད་པའི་གཏམ་རྒྱུད་ལ་བརྟེན་ནས་ཆུ་བོ་གསེར་ལྡན་ཞེས་ཀྱང་འབོད། ཆུ་འགོ་གཉིས་པ་དཀར་ཆུ་ཟེར་ཞིང་། ཆུ་བོ་དེ་ཀེ་ལ་དར་མདུང་གངས་རིའི་ནུབ་ངོས་དཀར་གྱི་ལུ་གུ་ཞེས་པའི་གངས་རིའི་ཁོང་གསེང་ལས་བབས་སྟབས་མིང་ཡང་དཀར་ཆུ་ཟེར་ཞིང་། རྒྱ་མཚོ་ཆེན་པོ་ཆུ་ཡི་གཏེར། །ཡིན་ཕྱིར་ཆུ་ཀླུང་ཐམས་ཅད་འབབ། །ཅེས་པ་ལྟར་མཐར་ཐུག་འབྲི་ཆུ་ཁམ་པར་འདྲེས་ཡོད། ཆུ་འགོ་གསུམ་པ་དམར་ཆུ་ཞེས་པ་ཨ་མདོ་རྫོང་དམར་རོང་ཤང་ཁོངས་ཀྱི་དམར་རྒྱ་རོང་ཞེས་ཀེ་ལ་དར་མདུང་གངས་རིའི་བྱང་ངོས་ཀྱི་རི་གསེང་ནས་འབབ་ཀྱི་ཡོད་སྟབས། མིང་ཡང་དམར་ཆུར་ཐོགས་ཤིང་མཐར་དམར་འདམ་གསུམ་མདོ་ཞེས་པ་ནས་དམར་རྒྱ་རོང་ནས་འབབ་པའི་དམར་ཆུ་དང་གྲམ་ཡོག་གེ་བརྒྱུད་ནས་འབབ་པའི་གྲམ་ཆུ་གཉིས་གཅིག་ཏུ་འདྲེས་པའི་ཆུ་བོ་དེ་ཡང་འབྲི་ཆུ་གཅིག་ཏུ་འདྲེས་ཀྱི་ཡོད་པས། ངག་རྒྱུན་དུ། དཀར་ཟད་ཟད་ཀེ་ལ་དར་མདུང་། དམར་ཟད་ཟད་མཐིང་གི་རི་རྒྱུད། གྲམ་ཟད་ཟད་ཡོག་གེའི་རི་རྒྱུད་ཅེས་སུ་འབོད། གོང་གསལ་ཆུ་ལག་དེ་དག་ཀྲུང་ཧྭའི་མ་ཡུམ་ཆུ་བོ་འབྲི་ཆུ་ཁམ་པའི་ཆུ་འགོ་འཁྲུལ་མེད་གཙོ་བོ་རྣམ་གསུམ་ཡིན། ད་དུང་ཆུ་ལག་ཆེན་པོ་གཞན་ཞིག་ཡོད་པ་ནི་གདང་ལའི་རི་རྒྱུད་ཀྱི་ཤར་སྣེའི་ཕྱོགས་ཏེ། གཡས་ནས་མཐིང་གི་མུ་ནེ་གངས་རྒན་ནས་འབབ་པའི་གདང་ཆུ་དང་ལྷོ་ཤར་འདམ་གྱི་རྒྱལ་ཆེན་བཅོ་བརྒྱད་སོགས་ཀྱི་ས་ཆ་བགྲངས་ལས་འདས་པའི་གངས་རི་དང་། རྫ་རི། གཡའ་རི་བཅས་ཀྱི་ཁོང་གསེང་ནས་འབབ་པའི་འདམ་ཆུ་ཞེས་པའང་ཤར་ནས་ནུབ་ཏུ་བཞུར་ཏེ་འབྲི་འདམ་གད་པ་སྣ་རུ་འབྲི་ཆུ་ཁམ་པ་དང་གཅིག་ཏུ་འདྲེས་ཡོད། གཞན་ཡང་། ཆུ་ཆེན་གཅིག་ལ་ཆུ་འགོ་བརྒྱ་དང་། དཔོན་ཆེན་གཅིག་ལ་འོག་སྡེ་སྟོང་ཟེར་བའི་དཔེ་ལྟར་འཛམ་གླིང་ཁྱོན་དུ་སྙན་པའི་གྲགས་པ་ཀུན་ཏུ་ཁྱབ་པའི་འབྲི་ཆུ་ཁམ་པར་ནི་ད་དུང་ཆུ་ལག་ཆེ་ཆུང་བགྲངས་ལས་འདས་པ་འདུས་ཡོད་ཀྱང་ཆུ་འགོའི་མིང་དང་མ་བྲལ་བར་བབས་པས་ཆུ་བོ་ཆེན་པོ་འབྲི་ཆུ་ཞེས་འཛམ་གླིང་ཀུན་ཏུ་གྲག་བཞིན་ཡོད། དེ་ལྟར་གདང་ལའི་རི་རྒྱུད་ནི་རང་རྒྱལ་གྱི་མ་ཡུམ་ཆུ་བོར་འབོད་པའི་འབྲི་ཆུ་ཁམ་པའི་ཆུ་ཕུགས་ངོ་མ་ཡིན་ལ། བགྲངས་ལས་འདས་པའི་གངས་རི་ཕྲེང་བ་སྟར་དུ་བསྒྲིགས་པའི་གདང་ལའི་རི་རྒྱུད་ཀྱིས་མ་ཡུམ་ཆུ་བོ་སྐྱེད་སྲིང་བྱས་ཤིང་། མ་ཡུམ་ཆུ་བོས་བགྲངས་ལས་འདས་པའི་ཀྲུང་ཧྭའི་བུ་ཕྲུག་སྐྱེད་སྲིང་བྱས་ཡོད། འབྲི་ཆུ་མཐོང་ཚེ་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་ལྔ་སྟོང་གི་ལོ་རྒྱུས་དྲན་ཡོང་ཞིང་། གཙང་ཆུ་དེའི་བརྒྱུད་དུ་བརྗོད་མི་ཚར་བའི་ཡ་གླིང་དཀྱིལ་ཁུལ་གྱི་གནའ་བོའི་ལོ་རྒྱུས་བསྐྲུན་ཡོད། འབྲི་ཆུ་ནི་ཆུ་འགོ་མདོ་དབུས་མཐོ་སྒང་གི་ཕངས་པར་ཟུག་ཅིང་། ཆུ་གཞུག་རྒྱལ་ནང་གི་ཞིང་ཆེན་དུ་མ་དང་ལྷན་དུ་སྦྲེལ་ཡོད་པས་རྒྱ་བོད་བར་ལ་ཤེས་རིག་འབྲེལ་འདྲིས་ཀྱི་དར་ལམ་ལྟ་བུ་ཡིན་ལ། ཆུ་བོ་དེའི་ཆུ་འགོ་གངས་རི་ནས་འབབ་ཅིང་། ཆུ་གཞུག་རྒྱ་མཚོར་འདྲེས་ཡོད་སྟབས། ཆུ་བོ་དེའི་རྒྱུད་དུ་གནས་བཅས་པའི་སྲོག་ལྡན་དག་ནི་ཚེ་སྲོག་གི་བཞུར་རྒྱུན་གཅིག་ལ་འཁེན་ཞིང་། ཕུགས་འདུན་གྱི་ལས་དབང་གཅིག་ལ་དམ་པོར་འབྲེལ་བའི་ལུང་ཚན་གཅིག་ལས་མཆེད་པའི་ཁྱིམ་མཚེས་དང་། མེས་པོ་གཅིག་ནས་བརྒྱུད་པའི་གཉེན་ཉེ་ཡིན་པར་ར་སྤྲོད་བྱས་ཡོད། ད་དུང་བསམ་གཞིག་གཞན་ཞིག་བྱེད་དགོས་པ་ནི། གནའ་སྔ་མོའི་དུས་ལ་མདོ་དབུས་མཐོ་སྒང་གི་ཤར་སྣེ་རུ་སུམ་པ་རྒྱལ་ཕྲན་ཞེས་ཆབ་དཔལ་གྱི་སྟོབས་ཤུགས་ཞང་ཞུང་རྒྱལ་ཕྲན་དང་། སྤུ་རྒྱལ་བཙན་པོ་གཉིས་ལ་འགྲན་ཟླར་འཕེར་བ་ཞིག་བྱུང་ཞིང་། དེར་སུམ་པ་འབྲི་ཡི་ཡུལ་ཞེས་ཟེར་སྲོལ་ཡོད་ཚུལ་ཡང་ཡིག་རྙིང་རྣམས་ལས་ལམ་ཙམ་གསལ་བ་ཡིན། དེ་ན་འབྲི་ཆུ་ཁམ་པ་དང་སུམ་པ་འབྲི་ཡི་ཡུལ་ཞེས་པ་དེ་གཉིས་བར་ལ་འབྲེལ་བ་ཡོད་དམ། ད་ལྟའི་ཞིབ་འཇུག་པ་མང་པོས་སུམ་པའི་བྱང་མཐའ་ནི་མཚོ་སྔོན་ཞིང་ཆེན་གྱི་མཚོ་བྱང་ཁུལ་དང་ཐག་ཉེ་བར་ཡོད་ལུགས་འདོད་མཁན་ཡང་ཡོད་རབས་འདུག་པ་ལྟར་ན་འབྲི་ཆུའི་འགོ་ཁུངས་ནི་སུམ་པ་རྒྱལ་ཕྲན་གྱི་ལྟེ་བར་མི་འགྱུར་བའི་ངེས་པ་ཅི་ལ་ཡོད།
རྒྱལ་མོ་རྔུལ་ཆུའི་འགོ་ཁུངས།
སྤྱིར་ན་མདོ་དབུས་མཐོ་སྒང་ལྗོངས་སུ་ཆུ་བོ་ཆེན་པོ་རྒྱལ་མོ་དངུལ་ཆུར་གྲགས་པ་གཉིས་ཡོད་པ་ལས། དང་པོ་རྒྱལ་རོང་རྒྱལ་མོ་དངུལ་ཆུ་ནི་མདོ་ཁམས་རྒྱལ་རོང་ཡུལ་དུ་གྲགས་པའི་ཆུ་བོ་ཡིན་ཞིང་། ཆུ་བོ་དེ་ནི་ཚ་ཁོའི་ས་ཆ་ནས་འབབ་པའི་སོ་མང་ཆུ་དང་། འཛམ་ཐང་གི་བརྒྱུད་ནས་འབབ་པའི་རྡོ་ཆུ་གཉིས་མཉམ་དུ་འདྲེས་པའི་ཆུ་ཆེན་ཞིག་ཡིན། གཉིས་པ་མདོ་སྟོད་ཁུལ་གྱི་ཆུ་བོ་ཆེན་མོ་རྒྱལ་མོ་རྔུལ་ཆུའི་ཆུ་ཕུགས་ལ་ཤོད་རྒྱུན་དུ་ནག་ཆུ་གཙང་པོ་ཡིན་པར་འདོད་པ་དང་། དེའི་འགོ་ཁུངས་ཨ་མདོའི་མཚོ་ནག་ཡིན་པ། དེ་ཡི་འགོ་ཁུངས་གདང་ལའི་རི་རྒྱུད་ཀྱི་གདང་ལ་ཁྱུང་རྫོང་རི་བོའི་རྒྱབ་ངོས་ནས་འབབ་པའི་ཨ་ལུང་མ་ཞེས་པའི་ཆུ་བོ་དེ་ནི་རྒྱལ་མོ་རྔུལ་ཆུའི་འགོ་ཁུངས་རིང་ཤོས་དེ་ཡིན། ལྷོ་རོང་ཆོས་འབྱུང་དུ། གླང་ལུས་ལ་གོང་ཆུ་ནུབ་ཕྱོགས་སུ་འབབ་པ་ཐམས་ཅད་སྐྱིད་ཆུ་ནས་ཡར་ཆབ་ལ་འགྲོ ཤར་ཕྱོགས་ཀྱི་ཆུ་རྣམས་ནག་ཤོད་ལ་འགྲོ སོག་ཆུ་དང་འདྲེས་ནས་རྔུ་ནག་རྒྱལ་མོ་ཟེར། ཞེས་གསལ་བ་ལྟར། ནག་ཆུ་གཙང་པོར་ལྷོ་ནས་གངས་རི་བསམ་གཏན་གངས་བཟང་གི་མདུན་ཐད་ནས་གླང་ལུས་ལ་ཞེས་པའི་ས་སྒང་ཆུང་ཆུང་དེའི་ཚུན་གྱི་ཆུ་རྣམས་གཅིག་ཏུ་འདུས་པར་མོག་ཆུ་དང་། སྨྲི་ཏི་ཁའི་རྒྱབ་ངོས་ཀྱི་ཆུ་རྣམས་གཅིག་ཏུ་འདུས་པའི་ལོ་ཆུ་གཉིས་སྔ་རྗེས་སུ་ནག་ཆུ་གཙང་པོར་གཅིག་ཏུ་འདྲེས་པ་ཡིན་ལ། བྱང་ནས་ཤག་ཆུ་ཁམ་པ་དེ་ཡང་གདང་ལའི་རི་རྒྱུད་ནས་འབབ་པའི་སངས་ཆུ་དང་། གདང་ཆུ། རྫ་བོ་ཆུ་སོགས་ཆུ་ཕྲན་མི་གཅིག་མང་པོ་རིམ་བཞིན་སེ་མོ་རོང་དུ་འདུས་པས། ངག་རྒྱུན་ལ། ཤག་ཟད་ཟད་སེ་མོ་རོང་ཞེས་སུ་འབོད་ཅིང་མཐར་ནགས་ལྷ་འཛམ་བྷཱའི་གདོང་ཟུར་ནས་ནག་ཆུ་གཙང་པོ་དང་འདྲེས་ཀྱི་ཡོད། དེ་བཞིན་སོག་ཆུ་སྔོན་མོ་ཞེས་པའང་གདང་ལའི་རི་རྒྱུད་ཞྭ་དམར་ལ་ཞེས་པའི་རི་རྒྱུད་ནས་བཞུར་གྱི་ཡོད་སྟབས། ངག་རྒྱུན་དུ་སོག་ཟད་ཟད་ཞྭ་དམར་ལ་ཞེས་སུ་འབོད་ཅིང་། དེ་ནས་གདང་ལའི་སྨད་རྒྱུད་ནས་བཞུར་བའི་བོན་ཆུ་དང་། གླན་ཆུ། རེ་ཆུ་བཅས་ཆུ་ལག་ཆེ་ཆུང་དུ་མ་འདུས་མཐར་ནག་སོག་འདུས་མདོ་ནས་ནག་ཆུ་གཙང་པོ་དང་གཅིག་ཏུ་འདུས་རྗེས་ཡོངས་སུ་གྲགས་པའི་རྒྱལ་མོ་རྔུལ་ཆུ་ཞེས་སུ་འབོད། དེ་ཡང་མདོ་དབུས་མཐོ་གཞོངས་ཀྱི་ས་དབྱིབས་སྤྱིའི་ཆགས་ཚུལ་བསྟན་སྐབས། སྟོད་ཀྱི་མངའ་རིས་བསྐོར་གསུམ་རྫིང་གི་ཚུལ། བར་གྱི་དབུས་གཙང་རུ་བཞི་ཡུར་བའི་ཚུལ། སྨད་ཀྱི་མདོ་ཁམས་སྒང་དྲུག་ཞིང་གི་ཚུལ། ཞེས་གསུངས་པ་ལྟར། བྱང་ཐང་སྟོད་རྒྱུད་ཁུལ་དུ་གནམ་མཚོ་ཕྱུག་མོ་དང་། སེར་ལིང་སྡུད་མཚོ། དྭང་ར་གཡུ་མཚོ་སོགས་བགྲངས་ལས་འདས་པའི་མཚོ་དང་མཚེའུ་ནམ་མཁའི་སྐར་ཚོགས་ས་ལ་འཕོས་པ་ལྟར་ལྟེམ་མེར་འགྱིང་ནས་ཡོད་ལ། བྱང་ཐང་དཀྱིལ་རྒྱུད་ཁུལ་དུ་རི་སུལ་ལུང་སུལ་ཆེ་ཆུང་སྣ་ཚོགས་ནས་ཆུ་བོ་ཆེ་ཆུང་དུ་མ་ཞིང་ལ་ཡུར་བ་དྲངས་པ་ལྟར་མདོ་ཁམས་སྨད་ཀྱི་ཕྱོགས་སུ་འབབ་བཞིན་ཡོད། ཆུ་བོ་ཆེན་པོ་རྒྱལ་མོ་རྔུལ་ཆུ་ནི་ཆུ་འགོ་མི་གཅིག་ཁྲི་སྟོང་དང་། ཆུ་ལག་མི་གཅིག་བརྒྱ་སྟོང་འདུས་ཤིང་། དྲག་ཏུ་འབབ་པའི་ཤུགས་ཀྱིས་ཆུ་བོའི་རྒྱུ་ལམ་དུ་མདོ་སྟོད་ཁུལ་གྱི་བགྲངས་ལས་འདས་པའི་རི་ཆེན་དུ་མ་ཇི་མི་སྙམ་པར་འཕྲེད་དུ་བཅད་པས་མདོ་ཁམས་ཁུལ་དུ་རི་བོ་མཐོ་ཞིང་ལུང་པ་གཏིང་ཟབ་ལ། མཛེས་སྡུག་ཡིད་དུ་འོང་པའི་ཆུ་བོའི་ཁུག་པ་མང་དུ་ཡོད་པ་དེ་དག་ནི་རྒྱལ་མོ་རྔུལ་ཆུས་ལོ་ངོ་ཁྲི་ཕྲག་མང་པོར་འབད་པས་བསྐྲུན་པའི་མཛེས་སྡུག་གི་ཡུལ་ལྗོངས་ཡིན། རྒྱལ་མོ་རྔུལ་ཆུ་གར་འབབ་ས་ལ་ཤིན་ཏུ་གཏིང་ཟབ་པའི་གྲོག་རོང་དང་། ལྷུན་སྟུག་གི་ནགས་ཚལ་ཡོད་ལ། གཡང་གཟར་དང་ཀྱག་ཀྱོག་ཤིན་ཏུ་ཆེ་བའི་ལུང་ཤུར་སྣ་ཚོགས་ཡོད། ཆུ་བོ་ཆེན་པོ་དེ་ཉིད་བོད་ཤར་ཕྱོགས་ཀྱི་བགྲངས་ལས་འདས་པའི་རི་ཚོགས་བརྟོལ་ནས་རང་རྒྱལ་གྱི་ཡུན་ནན་ཞིང་ཆེན་བརྒྱུད་འབར་མར་འབྱོར་སྐབས་སར་ཝན་གཙང་པོ་འབོད་པ་དང་། མཐར་ཧིན་དུ་རྒྱ་མཚོ་ཆེན་པོར་འབབ་ཀྱི་ཡོད་པས། འཛམ་གླིང་ཡང་རྩེའི་གངས་རིའི་ཁོང་གསེང་ནས་རྒྱུགས་ཏེ་མཐའ་ཡི་རྒྱ་མཚོ་ཆེན་མོའི་ནང་དུ་ཐད་ཀར་འབབ་པའི་ཆུ་ཆེན་ཞིག་ཡིན་ལ། གོ་ལ་ཧྲིལ་པོའི་སྟེང་དུ་དངུལ་དཀར་གྱི་ཐིག་སྐུད་རིང་མོ་འཐེན་པ་དང་མཚུངས། རྒྱལ་མོ་རྔུལ་ཆུ་དང་རྒྱལ་མོ་དངུལ་ཆུ་ཞེས་འབྲི་སྲོལ་གཉིས་འབྱུང་བཞིན་ཡོད་ལ། རྒྱལ་མོ་དང་རྒྱ་མོ་ཞེས་གོ་བ་ལེན་ཚུལ་མི་འདྲ་བ་གཉིས་ཀྱང་འབྱུང་བཞིན་ཡོད་མོད། ལོ་རྒྱུས་ཡིག་རིགས་ནང་རྒྱལ་མོ་རྔུལ་ཆུ་ཞེས་པའི་ཐ་སྙད་དེ་ཉིད་འཁོད་ཅུང་སྔ་བའི་ཡིག་ཆ་ནི་སྤྱི་ལོའི་དུས་རབས་བཅོ་ལྔའི་ནང་བརྩམས་པའི་མཁར་ནག་ཆོས་འབྱུང་ཞེས་པར། རྒྱལ་མོ་དངུལ་ཆུ་ཞེས་གསལ་ཡོད་ལ། དེ་ལས་རྒྱལ་མོ་དངུལ་ཆུ་ཞེས་ཐོགས་དོན་ནི། ཆུ་བོའི་འབབ་རྒྱུད་ནི་མདོ་ཁམས་སྒང་དྲུག་གི་ཡ་གྱལ། དངུལ་རྫ་ཟལ་མོ་སྒང་ཞེས་རི་བོ་ཐམས་ཅད་བྲག་དཀར་དངུལ་དཀར་ཞུན་མའི་ཁ་དོག་ལྟ་བུའི་རི་རྒྱུད་དང་ཉེ་བར་བཅར་ཞིང་། ཆུ་འགོ་མང་པོ་ཞིག་རི་རྒྱུད་དེའི་ཁོང་གསེང་ནས་འབབ་ཀྱི་ཡོད་པས་ན་རྒྱལ་མོ་དངུལ་ཆུ་ཞེས་སུ་ཐོགས་པར་བཤད། ཡང་དམངས་ཁྲོད་ཤོད་རྒྱུན་འགའ་རེར། རྒྱ་མོ་རྔུལ་ཆུ་ཞེས་ཨ་ཆེ་རྒྱ་བཟའ་བོད་དུ་ཕེབས་པའི་ལམ་བར་དུ་ཆུ་བོ་དེར་ཁྲུས་ལ་ཞུགས་སྟབས། རྒྱ་མོའི་རྔུལ་དྲེག་བཀྲུས་པའི་རྔུལ་ཆུ་ཡིན་ཡང་ཟེར།
ཟླ་ཆུའི་འགོ་ཁུངས།
ཆུ་ཀླུང་ཆེན་པོ་དེ་ལ་མིང་གཞན་དུ་རྫ་ཆུ་ཡང་ཟེར། སྤྱིར་ཟླ་ཆུ་ལ། ཤར་ཟླ་དང་ལྷོ་ཟླ་ཞེས་ཆུ་བོ་ཆེན་པོ་གཉིས་ཡོད་པ་ལས། ཡ་གླིང་གི་ཆུ་བོ་ཨང་གསུམ་པར་གྲགས་པའི་ལྷོ་ཡི་ཟླ་ཆུ་སྔོན་མོ་ནི་གདང་ལའི་རི་རྒྱུད་ཀྱི་ཤར་མཐའ་ནས་འབབ་པའི་ཆུ་བོ་ཞིག་ཡིན་ཞིང་། ཆུ་བོ་དེའི་རྒྱུག་ཐག་ཧྲིལ་པོར་སྤྱི་ལེ་༤༩༠༩ཙམ་ཡོད་པ་དང་། ཡུན་ནན་ཆེན་ཞིང་ཆེན་ནས་བརྒྱུད་དེ་མཐའ་ཡི་རྒྱ་མཚོ་ཆེན་མོར་ཤུགས་ཀྱིས་འབབ་པའི་ཆུ་བོ་ཆེན་པོ་ཞིག་ཡིན། ཟླ་ཀླུང་ཕྱུག་མོའི་ཆུ་འགོ་ནི་གདང་ལའི་རི་རྒྱུད་ལས་མཆེད་པའི་དངུལ་རྫ་ཟལ་མོ་སྒང་གི་སྟོད་རྒྱུད་རྫ་གོ་བོ་ཞེས་པ་ནས་བཞུར་གྱི་ཡོད་སྟབས་རྫ་ཆུ་ཞེས་འབོད་པ་དང་། ཆུ་བོའི་འགོ་ཁུངས་དངོས་ལ་རྫ་དཀར་པོ་ཟླ་བ་ལྟ་བུ་ཡོད་པས་ཟླ་ཆུ་ཞེས་ཐོགས་པའི་ཤོད་སྲོལ་ཡོད། དེ་ལའང་། ཟླ་དཀར་གྱི་ཆུ་དང་། ཟླ་ནག་གི་ཆུ་ཞེས་ཆུ་འགོ་ཆེན་པོ་གཉིས་ཡོད་པ་ལས། དང་པོ་ཟླ་དཀར་གྱི་ཆུ་འགོ་ནི་ཟླ་ཕུགས་ཆུ་བོ་ཞེས་ཆུ་འགོ་བཀྲ་ཤིས་འཁྱིལ་བ་ནས་འབབ་པའི་ཆུ་བོ་དེ་ལ་ཟླ་སྐྱིབས་ཀྱི་ཆུ་དང་། སྒོ་རྫོང་སྨུག་ཁྲ་ནས་བཞུར་བའི་སྒོ་ཆུ། རྔམ་དཀར་ནག་གི་གཞུང་ཆུ། རྒེའུ་ལུང་གི་ཆུ། ཐོབ་རྒྱལ་གཞུང་ཆུ་བཅས་རིམ་གྱིས་འདུས་པ་ལ་ཟླ་དཀར་ཆུ་བོ་ཟེར། ཟླ་ནག་རི་རྒན་གྱི་ཁོང་གསེང་ནས་བཞུར་བའི་ཆུ་བོ་རྣམས་རིམ་བཞིན་གཅིག་ཏུ་འདུས་པ་ལ་ཟླ་ནག་ཆུ་བོ་ཟེར་ཞིང་། གཉན་ཆེན་ངང་པ་མཆེད་གསུམ་གྱི་ཤར་སྣ་ནས་ཟླ་དཀར་དང་ཟླ་ནག་གཉིས་མཉམ་དུ་འདུས་པའི་འདུས་མདོ་དེ་ལ་ཟླ་སྙིང་དཀར་ནག་སུམ་མདོ་ཟེར། ཀརྨ་རང་བྱུང་རྡོ་རྗེའི་འཛམ་གླིང་སྤྱི་བསང་ལས། ཟླ་སྙིང་དཀར་ནག་གསུམ་མདོ་བསངས། ཞེས་འཁོད་པའང་ས་ཆ་དེ་ཉིད་ཡིན། དེ་བཞིན་རིམ་བཞིན་སྐྱོ་བྲག་དང་། ནང་ཆེན་སོགས་ནས་བརྒྱུད་དེ་ད་ལྟའི་ཆབ་མདོ་གྲོང་ཁྱེར་ཆགས་སའི་ཆུ་བོ་གཉིས་ཀྱི་འདུས་མདོ་དེར་ལྕི་གཞུང་ནས་འབབ་པའི་ངོམ་ཆུ་གཅིག་ཏུ་ཟླ་འདྲིལ་བར་བརྟེན་ཟླ་ཆུ་ཞེས་པའི་མིང་ཡང་རྒྱུ་མཚན་དེ་ལས་ཐོགས་པའི་ཤོད་སྲོལ་ཡོད་ལ། རྫ་ཆུ་དང་ངོམ་ཆུ་དང་གཅིག་ཏུ་འདུས་པའི་ཆུ་ཆེན་དེས་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོར་རིམ་བཞིན་གཏིང་ཟབ་པའི་ལུང་ཤུར་དྲུས་ཏེ་བྲག་གཡབ་དང་། མཛོ་སྒང་། སྨར་ཁམས། ཚ་བ་སྒང་སོགས་ནས་ཡུན་ནན་ཞིང་ཆེན་བརྒྱུད་དེ་མཐར་ཕྱི་རྒྱལ་གྱི་ཡུལ་གྲུ་མང་པོ་བརྒྱུད་རྗེས་མཐའ་ཡི་རྒྱ་མཚོར་འབབ་ཀྱི་ཡོད།
འཛད་མེད་ཆུ་བོའི་འབྱུང་ཁུངས།
གདང་ལ་ནི་ངོ་མ་ཡ་མཚན་ཅན་ཞིག་རེད། གངས་འཁྱགས་ཀྱིས་བཏུམས་པའི་རི་རྒྱུད་རིང་པོ་དེའི་ནང་སྙིང་ཡོངས་རྫོགས་དྭངས་བསིལ་གྱི་ཆུ་བོ་ཡིན་ནམ། གདང་ལ་རི་བོ་ནས་འབབ་པའི་ཆུ་བོ་ཆེན་པོ་འབྲི་ཆུ་དང་། རྒྱལ་མོ་རྔུལ་ཆུ། རྫ་ཆུ་སོགས་འཛམ་གླིང་གི་ཆུ་བོ་ཆེ་གྲས་ཕལ་མོ་ཆེའི་འགོ་ཁུངས་ཡིན་ལ། ཆུ་བོ་དེ་དག་ཆུ་འགོ་གདང་ལ་རི་བོའི་གངས་རིའི་ཁོང་གསེང་ནས་བབས་ཏེ། མཛེས་སྡུག་ལྡན་པའི་མདོ་དབུས་མཐོ་སྒང་གི་ལྗོངས་འདི་ཉིད་སྔོ་ལྗང་གཡུ་ལོའི་གོས་རྒྱན་རིས་སུ་བཀྲ་བ་ཆུ་ཀླུང་དེ་དག་གི་བྱས་རྗེས་ཡིན་ལ། ཆུ་གཞུག་བརྗིད་ཆགས་ལྟ་ན་སྡུག་པའི་རི་ཀླུང་ཐང་གསུམ་བརྒལ་ནས་ནང་སའི་ཞིང་ཆེན་དུ་མའི་ཟུངས་ཁྲག་དྭངས་མ་དང་ཚེ་སྲོག་གི་བསྟི་གནས་སུ་གྱུར་ཡོད་པས། གདང་ལ་རི་བོའི་ཁོང་གསེང་ནས་ཐོན་པའི་རྨ་འབྲི་རྫ་གསུམ་སོགས་ནི་ཀྲུང་ཧྭ་མི་རིགས་ཁག་གནའ་ནས་བཟུང་ཆུ་བོ་གཅིག་གིས་སོས་པའི་མི་རིགས་དང་། ལས་དབང་གཅིག་ལ་ཕྲག་པ་འཁེན་པའི་དཔང་པོ་ཡིན། ད་དུང་དེ་ཡིས་ག་ལ་ཚད། རྒྱ་མཚོ་ཆེན་པོ་དག་གི་བྲི་གང་དང་། དྭངས་གཙང་ཡོང་མིན་ཡང་ཆུ་བོ་དེ་དག་གི་བཞུར་སྟོབས་བཤང་ངན་དང་། སྦག་བཙོག་གི་དྲི་མས་སླད་མིན་དང་འབྲེལ་བ་ཡོད་སྟབས། མིའི་རིགས་ཀྱི་ལས་དབང་ནི་ཆུ་བོ་དེ་དག་གིས་གཅིག་ཏུ་སྦྲེལ་ཡོད་ཅིང་། ལས་དབང་དེའང་མཐར་གཏུགས་ན་བསམ་འདུན་གཅིག་ལ་རྡོག་པ་བཏད་ཡོད་དེ། ང་བདེ་ཁྱོད་བདེ་དང་། ང་དགའ་ཁོ་ཡག་ཅེས་པའི་འབྲོག་པའི་གནའ་གཏམ་དེ་ལགས། ནང་སར་འབབ་པའི་ཆུ་བོ་ཆེན་པོ་དེ་དག་ཕུད། རྒྱ་བོད་ཡིག་ཚང་ལས་དེའི་རྒྱབ་ངོས་ནས་འབབ་པའི་ཆུ་བོ་ལ་ཚ་སྐྱེ་གཙང་པོ་ཟེར། ནུབ་ལ་འགྲོ །ཞེས་བསྟན་པ་ལྟར། གདང་ལའི་རི་རྒྱུད་ནས་འབབ་པའི་ཆུ་བོ་གཞན་ཞིག་ནི་རྩ་སྐྱ་གཙང་པོ་ཞེས་པ་དེ་ཡིན་ཞིང་། ཆུ་བོ་དེ་ནི་མཐའ་ཡི་རྒྱ་མཚོ་ཆེན་མོར་མི་འབབ་པར་བྱང་ཐང་གི་གཤོང་ས་ཆེན་མོ་བཅད་དེ་སེར་ལིང་སྡུད་མཚོར་འབབ་ཀྱི་ཡོད་པས། བོད་ཀྱི་ནང་འབབ་ཆུ་བོ་ཆེ་ཤོས་སུ་གྲགས། དེང་སྐབས་རྩ་སྐྱ་ཞེས་འབོད་བཞིན་ཡོད་མོད། རྒྱ་བོད་ཡིག་ཚང་དུ་ཚ་སྐྱེ་ཞེས་འཁོད་པ་དང་། ཚྭ་འགྲུལ་བ་རྣམས་ཀྱིས་མ་བརྒལ་ཐབས་མེད་ཀྱི་ཆུ་བོ་ཞིག་ཡིན་པ་དང་། ཁལ་གཡག་གིས་ཆུ་དེ་བརྒལ་སྐབས་ཚྭ་སྒྱེ་ཆུ་ནང་དུ་ནུབ་པའི་ཆ་ནས་ཚྭ་སྒྱེ་གཙང་པོ་ཡིན་ཡང་སྲིད། རྩ་སྐྱ་གཙང་པོའི་བརྒྱུད་ནས་འགྲོ་སྐབས། ཁལ་གཡག་ཁྱུ་དང་ཁྱུ་དེད་ནས་འགྲོ་མཁན་གྱི་འགྲུལ་བཞུད་པ་ཁྱུ་ཞིག་གིས་ཤུ་གླུ་རིང་མོ་རེ་དང་ལྷན་དུ་སྙན་པའི་གླུ་སྒྲ་ལྷང་ལྷང་དུ་ལེན་པའི་སྣང་བ་སྦྱིན་བཞིན་འདུག་པ་འདི་ལྟར་ཏེ། སྒྱེ་ཁ་རྫོངས་དཀྱིལ་རྫོངས་མཐིལ་རྫོངས་གསུམ། རྫོངས་གསུམ་མ་བུ་འཕྲོད་ལེ་དགོས། ཁ་འདི་རུ་རྫོངས་གཅིག་རྒྱག་ལེ་འདི། ཚྭ་པ་རྒན་པོའི་ལམ་ཚྭ་ཡིན། དཀྱིལ་འདི་རུ་རྫོངས་གཅིག་རྒྱག་ལེ་འདི། ཨ་མ་རྒན་མོའི་གཞིས་ཚྭ་ཡིན། མཐིལ་འདི་རུ་རྫོངས་གཅིག་རྒྱག་ལེ་འདི། ཆུ་རྩ་སྐྱ་གཙང་པོའི་དོ་ལེན་ཡིན། དེ་ནི་གནའ་བོའི་ཚྭ་འགྲུལ་པ་རྣམས་ཀྱིས་བླངས་མྱོང་བའི་ཚྭ་གླུ་ཞིག་རེད། ཚྭ་གླུ་དེ་ལས་གནའ་མི་རྣམས་ཀྱི་ཕུགས་བསམ་དང་ལས་དབང་མཚོན་གྱི་ཡོད་ལ། གནའ་མི་དང་ང་ཚོའི་ལས་དབང་གཅིག་མཐུན་ཡིན་ཞིང་། འགྲུལ་བཞུད་ཀྱི་འདུན་པའང་གཅིག་ལས་མེད་དེ། དམིགས་པའི་བྱ་བ་དོན་ཐོག་འཁྱོལ་ཞིང་། འགྲུལ་རོགས་ཚང་མ་ཁ་ཆག་སྣ་རལ་མེད་པར་རང་ཡུལ་དུ་བདེ་བར་ཐོན་ཐུབ་རྒྱུ་དེ་རེད། རྩ་སྐྱ་གཙང་པོ་ནི་སྔར་དུས་བྱང་ལ་ཚྭ་ལེན་དུ་འགྲོ་མཁན་གྱི་འགྲུལ་པ་ཚོས་མི་གཅོད་ཀ་མེད་ཀྱི་ཆུ་བོ་ཞིག་ཡིན་ལ། ཚྭ་པའི་ཕོ་གསར་ཚོའི་བློ་ཁོག་དང་གཡག་གུ་ཚོའི་སྟོབས་ཤུགས་ཀྱང་རྩ་སྐྱ་གཙང་པོར་བརྟེན་ནས་ཆེ་རུ་སོང་ཞིང་། ཚྭ་འགྲུལ་པ་རྣམས་ཀྱི་གཏམ་རྒྱུད་ཀྱི་བརྗོད་གཞི་ཡང་ཡིན། རྩ་སྐྱ་གཙང་པོའི་བརྒྱུད་ནས་ཚྭ་གླུ་ནང་དོན་ཕུན་སུམ་ཇེ་ཚོགས་སུ་སོང་ཡོད་ལ། ཚྭ་གླུ་དེ་དག་ལས་བྱང་འབྲོག་གི་གཏིང་ཟབ་ལ་ལོ་རྒྱུས་རིང་བའི་རིག་གནས་ཀྱི་གདོང་གཤིས་མངོན་ཐུབ་ཀྱི་ཡོད། ད་དུང་། གདང་ལ་ནས་འབབ་པའི་ཆུ་བོ་དག་ནི་དྭངས་ཤིང་གཙང་བའི་ཡན་ལག་བརྒྱད་ལྡན་གྱི་ཆུ་བོ་ཡིན་ཞིང་། གདང་ལའི་ཁོང་གསེང་ནས་འབབ་པའི་ཆུ་བོ་ཆེན་པོ་དེ་དག་གི་ཆུ་འགོ་ནི་སྨན་ཆུ་མི་གཅིག་བརྒྱ་དང་སྟོང་། ཁྲུས་རྫིང་མི་འདྲ་ཁྲི་དང་འབུམ་གྱི་འབྱུང་ཁུངས་ལགས། དགོངས་དང་། ཞམ་ལྷའི་གཏེར་ཆུ་དང་། འབམ་རོང་ཆང་མདོང་། མཛོ་མོ་རུ་དཀར། ཐང་ཁང་དགོན་གྱི་སྨན་ཆུ། མཁར་རྡོ་བླ་མཚོའི་ཆུ་མིག དྲེད་པོ་ཚ་ཁ། དེ་ལྟར། ཡ་མཚན་ཅན་གྱི་ཆུ་མིག་དེ་དག་འགའ་རེ་སྐྱུར་མོ་དང་། འགའ་རེ་མངར་མོ། འགའ་རེ་ཚྭ་ཁུ་བྲོ་བ། འགའ་རེ་ཇ་དྲི་བྲོ་བ་སོགས་བྲོ་བ་མི་གཅིག་བརྒྱ་དང་སྟོང་། ཚ་དྲོད་མི་འདྲ་སྟོང་དང་ཁྲི་ཞེས་འུད་བསྟོད་བྱས་ཀྱང་མི་ཆོག་པ་མེད་ལ། སྲོལ་རྒྱུན་ལྟར་ན་ནད་སེལ་གྱི་ནུས་པ་འབུམ་དང་བྱེ་བ་ཡོད་པའི་རང་བྱུང་སྨན་ཆུའི་དྭངས་མ་ཤ་སྟག་ཡིན་པས། མཁར་རྡོ་སྤྲུལ་སྐུའི་བླ་མཚོ་དང་། སངས་རྒྱས་སྨན་བླའི་སྨན་ཆུ། གོ་རིང་བྱ་ཡི་ཨེམ་ཆིའི་སྨན་ཆུ་ཡིན་པར་གྲགས་པ་སོགས་ཆུ་འགོ་རེ་ལ་ངོ་མཚར་གྱི་གཏམ་རྒྱུད་རེ་རེ་འཆད་རྒྱུ་ཡོད་ཅིང་། ཡུལ་འདིའི་འགྲོ་བའི་ནད་ཀྱི་སྡུག་བསྔལ་སེལ་བའི་ལོ་རྒྱུས་ཤིན་ཏུ་མང་། དེ་དག་ནི་མཐོ་སྒང་འབྲོག་པའི་ཆུ་ཡི་རིག་གནས་ཡིན་ལ། རིག་གནས་དེའི་ནང་སྙིང་ལས་འབྲོག་པའི་ལས་དབང་མངོན་ཞིང་། འབྲོག་པ་ནི་མིའི་རིགས་ཀྱི་རིག་གནས་ཀྱི་འབྱུང་ཁུངས་དང་། རིག་གནས་ཀྱི་གསར་གཏོད་པ། རིག་གནས་ཀྱི་ཞིང་ས་གཤིན་པོ་ཞིག་ཡིན་པ་མཚོན་ཐུབ་ལ། རིག་གནས་ནི་རྒྱལ་ཁབ་གཅིག་དང་མི་རིགས་གཅིག་གི་ལས་དབང་གཅིག་ཏུ་འབྲེལ་བའི་མཚོན་རྟགས་སུ་གྱུར་ཡོད་པས། རིག་གནས་རང་རྟོན་གྱི་བསམ་པའི་འདུ་ཤེས་གསོ་སྐྱོང་བྱས་ཏེ་རིག་གནས་ཀྱི་ར་བ་ནས་ཀྲུང་ཧྭ་མི་རིགས་རང་ཚུགས་ཀྱི་སྙིང་སྟོབས་འགྲེང་དགོས་པའང་རྒྱུ་མཚན་དེ་ལས་མ་འདས། ཡང་དེང་རབས་ཚན་རིག་མཁས་པས་བརྟགས་ན། སྨན་ཆུ་དེ་དག་གི་ཕན་ནུས་ནི་གླེགས་བམ་གྱི་རི་བོ་བརྩེགས་ཆོག་ཅིང་། ངོ་མཚར་གྱི་ཁྱད་ཆོས་རེ་རེས་ཕྱོགས་བཞིའི་སྐྱེས་བུ་མ་ལུས་རང་བྱུང་སྨན་ཆུའི་ཕན་ནུས་ལོངས་སུ་སྤྱོད་པར་བུང་བ་མེ་ཏོག་ལ་འཁོར་བ་ལྟར་འདུ་ངེས་ལགས།
གདང་ལའི་རི་བོའི་སྟེང་གི་འཆར་ཡན།
གདང་ལའི་རི་རྒྱུད་ནི་རྒྱ་བོད་གནའ་ལམ་རིང་མོའི་ལམ་རྒྱུད་ཡིན་སྟབས། གངས་འཁྱགས་ཀྱིས་བཏུམས་པའི་སྲིད་པའི་སྒལ་ཚིགས་དེ་ཉིད་བརྒལ་ནས་འགྲོ་མཁན་ལོ་ཟླའི་ཆུ་གཉེར་ལས་གྲངས་མང་བ་ཡིན་ཏེ། ས་སྐྱ་པན་ཆེན་ཀུན་དགའ་རྒྱལ་མཚན་གྱིས་རེ་དོགས་སྣ་ཚོགས་ཀྱི་ཀློང་ནས་ཡུལ་གྲུ་གཅིག་ལ་འཕྲད་པའི་བདེ་སྡུག་དང་། མི་རབས་གཅིག་གི་མདུན་ལམ་ཆེད་དུ་གདང་ལ་རི་བོའི་གངས་འཁྱགས་ལས་རྔམ་མཐུག་པའི་དངངས་སྐྲག་དང་ཉེན་ཁ་ཡོད་ཚད་རྒྱབ་ཏུ་བསྐྱུར་ནས་ཕྱིན་པ་དང་། འགྲོ་མགོན་ཆོས་རྒྱལ་འཕགས་པས་འཛམ་གླིང་གསུམ་གཉིས་དཀྱིལ་འཁོར་དབང་དུ་བསྡུས་པའི་རྒྱལ་ཆེན་ཞིག་གི་དབུ་བླ་རུ་འགྱིང་བའི་སྤོབས་ཉམས་ཀྱིས་ཕྱུག་བཞིན་འདི་ནས་ལོག་ཡོད། རིག་འཛིན་ཚངས་དབྱངས་རྒྱ་མཚོ་གཤེད་མའི་རྒྱབ་འདེད་དང་སྦྲགས་ནས། བྱ་དེ་ཁྲུང་ཁྲུང་དཀར་མོ། །གཤོག་རྩལ་ང་ལ་གཡོར་དང་། །ཐག་རིང་རྒྱང་ནས་མི་འགྲོ །ལི་ཐང་བསྐོར་ནས་ལོག་ཡོང་། །ཞེས་པའི་མགུར་གླུ་སྙན་མོ་དབྱངས་སུ་འཐེན་བཞིན་གདང་ལའི་རི་བོ་བརྒལ་ནས་བུད་ཅིང་། རྒྱལ་བ་སྐལ་བཟང་རྒྱ་མཚོ་མི་འཇིགས་པའི་སྐུ་སྲུང་དམག་གིས་བསྐོར་ཏེ་གདང་ལའི་རི་བོ་བརྒལ་ནས་ཡོང་ཡོད། ད་དུང་། དེ་དང་དེ་ལྟ་བུའི་བོད་ཀྱི་དཔོན་ཆེན་དང་བླ་ཆེན་མང་པོས་གདང་ལའི་རི་རྒྱུད་ཀྱི་སོག་ལ་སྐྱ་བོའི་ལ་བཙས་གསོ་བཞིན་རང་ཡུལ་ལ་གདུང་པའི་ཕྱིར་མིག་ལྟ་བཞིན་ཕྱིར་བུད་པ་དང་། དགའ་སྐྱོའི་སྐད་ཆ་རུམ་གང་ཁོག་ལ་བཟུང་བཞིན་གདང་ལའི་རི་བོ་བརྒལ་ནས་ཚུར་ལ་ཐོན་ཡོད། སྤྱི་ལོ་༢༠༡༥ལོར་བདག་གིས་ཀྱང་གཞུང་དོན་ཞིག་གིས་གདང་ལ་རི་བོའི་སྲོག་ཤིང་དུ་གྱུར་བའི་དཀར་གྱི་ཀེ་ལ་དར་མདུང་གི་ནུབ་ངོས་སུ་ཡོད་པའི་མེ་ལྕེ་གངས་རྒན་ཞེས་པ་མཐོང་སོང་། རིང་ནས་ཐོས་པའི་གངས་རི་དེ་ཉིད་མིག་ལམ་དུ་མངོན་པའི་མོད་ལ། འདས་དོན་རིང་མོ་ཞིག་གི་ཀློང་དུ་ཁྲིད་བྱུང་། དེ་ཡང་སྤྱི་ལོ་༡༩༢༣ལོའི་དགུན་དུས་སུ་གཞུང་བླ་ཐུགས་སྣང་མ་མཐུན་པའི་རྒྱུ་རྐྱེན་གྱིས་པཎ་ཆེན་སྐུ་ཕྲེང་དགུ་པ་སྐུ་འཁོར་ཉུང་བཏུས་ཁྲིད་ནས་མེ་ལྕེ་གངས་རྒན་གྲང་ངར་ཆེ་ཞིང་། ཁ་བ་བུ་ཡུག་ལྡང་བའི་དགུན་གཞུང་གི་གདང་ལ་རི་བོ་བརྒལ་ནས་ནང་སར་རིངས་སྟབས་སུ་བྲོས། བཀའ་ཤག་སྲིད་གཞུང་ནས་དེ་མུར་ལུང་ཤར་ཨོ་རྒྱན་རྡོ་རྗེ་དང་མཚོ་སྒོ་བ་སོགས་བོད་དམག་དཔུང་ཧྲག་རྗེས་འདེད་བཏང་བར་མངགས་ཀྱང་ཁ་བ་བུ་ཡུག་གི་ཁྲོད་ནས་པན་ཆེན་སྐུ་འཁོར་གྱིས་རྗེས་མ་ཟིན་པར་ཕྱིར་ལོག་དགོས་བྱུང་བས། ལྷ་སའི་དམངས་ཁྲོད་དུ། པཎ་ཆེན་ཐང་དཀར་རྒོད་པོ། ནམ་འཕངས་བཅད་ནས་འཕུར་སོང་། ལུང་ཤར་གླག་མོ་མཁལ་དཀར། གཤོག་ཚིགས་བུད་ནས་ལོག་བྱུང་། མཚོ་སྒོ་ཤ་ཁྱི་ངར་མ། རྫི་སྣོམ་བྱས་ནས་ལོག་བྱུང་། ཞེས་པའི་གླུ་གཞས་ཤིག་ཀྱང་ས་ཁྱབ་རྡོ་ཁྱབ་ཏུ་གྱུར། ད་དུང་། དེ་ལྟར་དཔེ་ཆའི་ཁྲོད་དུ་གནས་པའི་འདས་དོན་དེ་ཡིད་ལ་མེ་ལོང་ལྟར་འཁོར་བའི་ཁོ་བོ་རེ་ཞིག་མེ་ལྕེ་གངས་རིའི་མཛེས་སྡུག་དང་། པཎ་ཆེན་ནང་སར་བྲོས་པའི་གཏམ་རྒྱུད་གཉིས་གཞི་གཅིག་ཏུ་འདྲེས་ཏེ། མིག་ལམ་གྱི་རི་ཚོགས་དང་ཀླུང་ཐང་ཁྲོད་དུ་གོས་ཆེན་སེར་པོ་གྱོན་པའི་མི་བུ་ཞིག་ལ་སྣམ་ཆས་མཐུག་པོ་གྱོན་པའི་མི་ཚོགས་ཤིག་གིས་སྐྱོར་བཞིན་འགྲོ་བའི་སྣང་བ་སྦྱིན། མངོན་སུམ་དང་འཆར་ཡན་གཅིག་ཏུ་འདྲེས་པའི་ཁོ་བོའི་སེམས་པ་རབ་ཏུ་གཡེང་བའི་སྐབས་སུ་རླངས་འཁོར་གྱི་བཙིར་སྒྲ་རྣ་བར་གཟན་པ་ཞིག་གྲགས་པ་དང་མཉམ་དུ་ག་ལེར་ལྷོད་ལ་བབས་སོང་བས། སྣང་བ་གཞན་ལ་གཡེང་བའི་ཁོ་བོའང་འཆར་ཡན་གྱི་ཀློང་ལས་འདྲོགས། དོན་དུ་དེ་ནི་རུ་སྟར་འགྲིག་པའི་གཙོད་ཀྱི་ཁྱུ་ཚོགས་ཆེན་པོ་ཞིག་གིས་རླངས་འཁོར་གྱི་འགྲོ་ལམ་བཀག་པས། ཁ་ལོ་བས་འཁོར་བཀག་འཕྲལ་དུ་མནན་པ་རེད་འདུག གདང་ལ་ནི་དབུས་ལམ་རིང་མོའི་སྟེང་གི་རྐེད་ཚིགས་ཡིན་པ་དང་། གདང་ལའི་རི་རྒྱུད་ལས་ཉི་མ་ལྷ་སའི་ཕྱོགས་སུ་འགྲུལ་བཞུད་བྱེད་པའི་ལམ་རྒྱུད་མི་འདྲ་བ་ཁ་ཤས་ཡོད་ཅིང་། ད་ལྟའི་གཉན་རོང་རྫོང་ཁོངས་སུ་ཡོད་པའི་གདང་ལའི་རི་རྒྱུད་ཀྱི་ཁྲ་བོ་ལ་ཞེས་པ་དེ་ཡང་དབུས་ལམ་རིང་མོའི་མཚམས་ཚིགས་གལ་ཆེན་ཞིག་ཡིན། ལ་དེ་བརྒྱུད་ནས་ཉི་མ་ལྷ་ས་དག་ཞིང་དུ་བསྒོམ་པའི་ཨ་མདོའི་མཇལ་བ་རྣམས་སྤྲིན་དཀར་ཚད་ལ་བཙུགས། ས་ནག་འདོམ་ལ་འཇལ་ནས་གདང་ལ་བརྒལ་ཡོད་ལ། ཐ་ན་བརྐྱངས་ཕྱག་འཚལ་བཞིན་རང་ལུས་འདོམ་གང་གྲུ་བཞི་ཡིས་དབུས་ལམ་རིང་མོ་ཚད་དུ་འཇལ་བཞིན་ཉིན་ནས་ཟླ་དང་། ཟླ་ནས་ལོ་རུ་བྱས་ཏེ་དབུས་གཙང་དག་པའི་ཞིང་དུ་བསྐྱོད་ཅིང་། ཁོ་ཚོའི་རི་རབ་ལས་བརྟན་པའི་དད་པ་དང་། འཇའ་ཚོན་ལྟར་མཚར་སྡུག་བཀྲ་བའི་དག་སྣང་དེ་གདང་ལའི་རི་བོ་གངས་འཁྱགས་ཀྱིས་འགོག་མ་ཐུབ་ལ། འབྲི་ཆུ་ཁམ་པའི་རྦ་ཀློང་གིས་འཁྱེར་མ་ནུས་པར་ཉི་མ་ལྷ་སའི་ཞིང་དུ་བརྟོལ་ནས་ཇོ་ཤག་ཡིད་བཞིན་ནོར་བུའི་མདུན་དུ་དྭངས་གཙང་གི་སེམས་ཁམས་བཀྲུས་ཤིང་། གོམ་པའི་འདེགས་འཇོག་སྔར་ལས་ཇི་ཡང་གི་སྒོ་ནས་སླར་ཡང་གདང་ལའི་རི་བོ་བརྒལ་ནས་ལོག་པ་བགྲངས་ཀྱིས་ག་ལ་ཆོད། འཇམ་མགོན་བློ་བཟང་གྲགས་པ་ཕུགས་མདུན་རྩ་ཆེན་ཞིག་གི་ཆེད་དུ་སྐྱེ་བོ་ཕལ་བ་ཞིག་གི་ངང་ཚུལ་བཟུང་ནས་གདང་ལ་བརྒལ་ཞིང་། དབུས་གཙང་དག་པའི་ཞིང་ནས་མི་ལས་འདས་པའི་སྐྱེས་ཆེན་གྱི་ཁྲི་འཕང་མཐོན་པོར་འཛེགས་ཡོད་ལ། དགེ་འདུན་ཆོས་འཕེལ་བླ་བྲང་ནས་རྣམ་སད་ཀྱི་རིག་སྟོབས་ཁུར་ནས་གདང་ལ་བརྒལ་བ་མ་ཟད། རིག་སྟོབས་དེའི་འགུལ་ཤུགས་ཀྱིས་ཧི་མ་ལའི་རི་རྒྱུད་གྲོལ་ནས་ཆུ་བོ་གངྒའི་ཕང་བར་འབྱོར་ཡོད། འབྲི་ཆུའི་ཆུ་ཕུགས་སུ་འབྱོར་སྐབས། བགྲངས་ལས་འདས་པའི་རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས་བག་ཡངས་སུ་རྒྱུ་ཞིང་བདེ་བར་གནས་འདུག་མོད། དེ་དག་སྲུང་སྐྱོབ་གནང་མཁན་གྱི་དཔའ་རྒོད་དེ་མཐོང་རྒྱུ་མ་བྱུང་། ཁྲོ་ཉམས་ཀྱིས་ཕྱུག་བཞིན་གང་དུ་ཕེབས་སོང་ངམ། ཁོང་གི་མཛད་རྗེས་བཀོད་པའི་རྡོ་རིང་དེ་ཁོ་ན་ཁེར་རྐྱང་དུ་གནས་ཡོད་ཚོད་རེད་ལ། བྱང་ཐང་ཡངས་པའི་སྤྱང་མོའི་ངུ་འབོད་དང་། ཝ་མོའི་བརྒྱལ་སྐད་དག་ཀྱང་ཁོང་དྲན་པའི་ངུ་འབོད་འཆོར་བ་དང་ཅི་འདྲའི་འདྲ་ཨང་། དེ་ལྟར་ཁོང་གི་རང་སྲོག་བློས་བཏང་གི་དཔའ་བོའི་མཛད་རྗེས་རྣམས་ཕྱི་དྲན་གྱི་ཀློང་དུ་གྱུར་བའི་སྐབས་ལ། རླངས་འཁོར་གྱི་མདུན་ནས་མགོ་འཕང་གཞན་ལས་མཐོ་བའི་རྐྱང་ཁ་དཀར་གཉིས་ཐོན་བྱུང་། ཁོ་གཉིས་རླངས་འཁོར་ལ་ཁུག་འདྲོག་དེ་ཙམ་མི་བྱེད་པར་སྤོར་མཆུ་གནམ་ལ་ཡུག་ཡུག་གཏོང་བཞིན་འདུག་པ་ནི། ཁྱོད་ཚོས་གཙང་གསུམ་གྱི་འགོ་ཁུངས་འདིར་རྒྱས་བཟང་བསོད་ནམས་དར་རྒྱས་ཞེས་པའི་དཔའ་བོ་ཞིག་བྱུང་མྱོང་ཡོད་མེད་ཤེས་ཀྱི་ཡོད་དམ། ཁོང་གིས་སྙིང་དམར་པོ་འབེན་ལ་བཙུགས་ནས་ང་ཚོ་རི་སྐྱེས་སྲོག་ཆགས་ཀྱི་དགྲ་བོ་དང་དམར་འཛིང་བྱས་པ་ཨེ་ཤེས། ཁྱོད་ཚོས་ཀྱང་ང་ཚོར་བསུན་གཙེར་བྱས་ཚེ་ཁོང་དང་མཚུངས་པའི་དཔའ་རྒོད་འགའ་རེས་ང་ཚོར་མེལ་ཚེ་གནང་བཞིན་ཡོད་པས། དེ་ཚོས་ཁྱོད་ཚོ་ཡན་པོར་མི་གཏོང་ངེས་ཅན་ཡིན།
ད་ནི་བདག་ཅག་རི་སྐྱེས་སྲོག་ཆགས་རྣམས་མགོ་ནག་མི་ཡི་འཚེ་བ་ལས་རིང་དུ་གྱེས་ཟིན་སྟབས། བག་ཡངས་བདེ་བར་རྒྱུ་བཞིན་ཡོད། ཅེས་བརྗོད་བཞིན་མེད་དམ་སྙམ། གདང་ལའི་རི་བོ་ནི་དེང་གི་དུས་སུ་ཡང་རྒྱ་བོད་བར་གྱི་འགྲུལ་ལམ་གལ་ཆེན་ཞིག་ཡིན་པས། གདང་ལའི་རི་བོའི་སྟེང་ནས་ཉིན་ལྟར་རླངས་འཁོར་ཆེ་ཆུང་སྣ་ཚོགས་ཆུ་བོའི་རྒྱུན་ལྟར་བབས་ཤིང་། སྦྲུལ་ཆེན་ས་ལ་འཁྱུག་འདྲའི་མེ་འཁོར་རིང་མོ་ཡང་ལྷོ་སྤྲིན་བྱང་ལ་བཞུར་བཞུར་ཡིན། ལམ་བུ་དེའི་སྟེང་ནས་མདོ་དབུས་མཐོ་སྒང་གི་ངོ་མཚར་མཛེས་སྡུག་མྱོང་རོལ་གྱི་མིག་ཟུང་རྒྱང་དུ་ཅེར་མཁན་ཡོད་ལ། རྒྱ་ཚོང་བོད་ལ་དྲངས་ནས་ཁེ་ཕོགས་ཀྱི་འདོད་རྔམ་མེ་ལྟར་མཆེད་བཞིན་ཡོང་མཁན་ཡང་ཡོད། མཚོ་བོད་གཞུང་ལམ་བརྒྱུད་ནས་གདང་ལ་རི་བོ་བརྒལ་སྐབས། ལོ་རྒྱུས་ཀྱི་དོན་ཆེན་ཞིག་ཡིད་ལ་ཤར་བྱུང་སྟེ། སྤྱི་ལོ་༡༩༥༤ལོར་རིང་ཚད་སྤྱི་ལེ་༡༩༥༧ཡོད་པའི་མཚོ་བོད་གཞུང་ལམ་ཤར་གཏོང་ཐུབ་པ་དང་། དེ་ནས་བཟུང་བོད་དུ་འགྲིམ་འགྲུལ་སྐྱེལ་འདྲེན་ལ་སྔར་བྱུང་མ་མྱོང་བའི་ཚ་རླབས་འཕྱུར་མྱོང་ཞིང་། མདོ་དབུས་མཐོ་སྒང་ཧྲིལ་པོར་རིམ་བཞིན་གཞུང་ལམ་གྱི་དྲ་བ་ཆགས། སྤྱི་ལོ་༡༩༥༦ལོའི་ཟླ་བཞི་པར་རླངས་འཁོར་ཤར་གཏོང་ཐུབ་མ་ཐག་པའི་མཚོ་བོད་གཞུང་ལམ་བརྒྱུད་ནས་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་དབུ་བརྙེས་པའི་བྱེད་སྒོར་ཞུགས་མཁན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཁྲེན་ཡེ་ཡིས་སྣེ་ཁྲིད་གནང་བའི་ཀྲུང་དབྱང་སྐུ་ཚབ་ཚོགས་པ་བོད་དུ་བསྐྱོད་ཅིང་། ཐེངས་འདིའི་སྐུ་ཚབ་ཚོགས་པ་མཉམ་དུ་པེ་ཅིན་འཁྲབ་སྟོན་ཚོགས་པ་དང་། གླུ་གར་ཚོགས་པའང་ཁྲིད་ཡོད་པས་སྟོན་འཁོར་ཤིན་ཏུ་མང་ཞིང་། ས་ཆ་གང་དུ་འབྱོར་ཡང་དེ་གར་ཟློས་གར་དང་གླུ་གར་གྱི་འཁྲབ་སྟོན་བྱས་ནས་ལམ་རྒྱུད་ཀྱི་མང་ཚོགས་དང་ལམ་བཟོ་བ་རྣམས་ཀྱིས་སྔར་བྱུང་མ་མྱོང་བའི་འཁྲུག་ཆ་དོད་པའི་ལོ་རྒྱུས་ཤིག་བརྒྱུད་མྱོང་ཡོད། ཙུང་ལི་གཞོན་པ་ཁྲེན་ཡེས་སྣེ་ཁྲིད་པའི་ཀྲུང་དབྱང་སྐུ་ཚོགས་པ་ནག་ཆུར་འབྱོར་སྐབས་བྱང་སྤྱི་ལས་ཐོག་ཐུབ་བསྟན་བྱང་ཆུབ་ནས་ཕེབས་བསུ་ཞུས་པ་དང་འབྲེལ། ནག་ཆུའི་སེར་སྐྱ་མང་ཚོགས་ཚོས་བསུ་བ་གཟབ་རྒྱས་ཞུས། དེ་ནི་ཀྲུང་གོ་གསར་པ་དབུ་བཪྙེས་ཚུན་དུ་ཀྲུང་དབྱང་གི་དབུ་ཁྲིད་བོད་དུ་འབྱོར་བའི་ཐོག་མ་དེ་ཡིན་ལ། ད་བར་ལོ་རྒྱུས་སྟེང་མཚོ་བོད་གཞུང་ལམ་བརྒྱུད་ནས་ཀྲུང་དབྱང་གི་དབུ་ཁྲིད་བོད་དུ་ཡོང་བའང་དང་པོ་དེ་ཡིན། དེ་ལྟར་གདང་ལ་རི་བོ་ནི་གནའ་ནས་ད་བར་ནང་ས་དང་འགྲོ་འོང་འགྲུལ་བཞུད་ཀྱི་བརྒྱུད་ལམ་གལ་ཆེན་ཞིག་ཡིན་ལ། ཁ་བ་གངས་ཅན་ལྗོངས་སུ་འཛུལ་བའི་སྒོ་ཐེམ་དེ་ཡིན། སྒོ་ཐེམ་དེ་ཉིད་བརྒལ་སྐབས་མདོ་དབུས་མཐོ་སྒང་གི་མཐིང་མདོག་ནམ་མཁའ་དང་།དྲོད་འཁོལ་འཕྱུར་བའི་ཉི་འོད། ལང་ལོང་དལ་གྱིས་རྒྱུ་བའི་ཆུ་འཛིན་དཀར་པོ་བཅས་ཉམས་སུ་མྱངས་མྱོང་ལ། གསོ་རླུང་དཀོན་པའི་ས་མཐོའི་ལ་དུག་གི་ཚེ་སྲོག་ལ་ཚོད་བགམ་དང་། ཤི་གསོན་བྱེ་མའི་ལ་རྩེར་བསྐྱོད་པའང་ཉུང་ཉུང་མིན། གོ་ཐོས་ལ་རྒྱ་ནག་གི་དམངས་ཁྲོད་ངག་རྒྱུན་དུ། གདང་ལ་རི་བོ་ནི་ཐང་སིན་བླ་མའི་གཏམ་རྒྱུད་ནང་གི་བྱི་ལ་དམར་པོས་སུན་ཝུ་ཁུང་ལ་མེ་ལྕེ་དམར་པོས་རྒོལ་མྱོང་བའི་ས་ཆ་དེ་ཡིན་པར་བཤད། གཏམ་རྒྱུད་ལ་ལོ་རྒྱུས་ཀྱི་ཡིད་ཆེས་འཕེར་དཀའ་རུང་། གཏམ་རྒྱུད་དེ་ལས་གདང་ལ་རི་བོ་ནི་མེ་རི་ལྟར་ཤིན་ཏུ་བརྒལ་དཀའ་ཞིང་། ཚེ་སྲོག་ལ་ཚོད་བགམ་འཕྲད་སྲིད་པའི་ས་ཆ་ཡ་མཚན་ཅན་ཞིག་ཡིན་པ་ཤུགས་ནས་གོ་བ་བླངས་ཆོག
No comments:
Post a Comment