ཟི་ཁྲོན་གྱི་དགེ་རྒན་ཞིག་གིས་ཀྲུང་དབྱང་བརྙན་འཕྲིན་ཁང་སློབ་གསོ་ལེན་ཚན་གྱི་གསར་འགོད་པ་ཞིག་གི་དྲི་བར་བཏབ་པ།
རྩོམ་མཁན་ཧན་ཧན། སྒྱུར་མཁན་འཕགས་པ་འབྲོང་།
གཅིག
གསར་འགོད་པ། ལ་ལས་ "ཁྲིད་མི་ཤེས་པའི་དགེ་རྒན་ཡོད་པ་ལས་བསླབས་ནས་མི་ཤེས་པའི་སློབ་མ་མེད་" ཟེར། ཁྱེད་ཀྱིས་ལྟ་ཚུལ་འདིར་གོ་བ་ཇི་ལྟར་ལེན།
དགེ་རྒན། ཁྱེད་རང་ཐད་ཀར་དུ་སྤྱི་བདེ་པུའུ་ཡི་པུའུ་ཀྲང་ངམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙོང་ལིར་བསྡད་པས་དགའ། ཁྱེད་ཀྱི་བཤད་སྲོལ་ལྟར་ན་ "བསྒྲུབ་མི་ནུས་པའི་ཉེན་རྟོག་པ་ཡོད་པ་མ་གཏོགས་ཐག་གིས་མི་ཆོད་པའི་གྱོད་དོན་མེད།" ཡང་ན་ "ནུས་མེད་ཀྱི་ཙོང་ལི་ཡོད་པ་ལས་སྐྱོང་མི་ཐུབ་པའི་རྒྱལ་ཁབ་ཞིག་མེད།" "གསོ་མི་ཤེས་པའི་སྨན་པ་ཡོད་པ་ལས་གསོ་མི་ཐུབ་པའི་ནད་ཅིག་མེད་" ཅེས་བཤད་ན་ཅིས་མི་ཆོག
གཉིས།
གསར་འགོད་པ། དགེ་རྒན་དཔྱད་ཞིབ་ཀྱི་སྐབས་སུ་སློབ་མ་བཟང་གྲས་ཀྱིས་བརྒྱ་ཆའི་ག་ཚོད་ཟིན་དགོས་པའམ་ཡང་ན་ལོ་རེར་གོང་འཕར་ཡོང་དགོས་པའི་རེ་བ་འདོན་གྱི་འདུག ཁྱེད་ལ་ལྟ་ཚུལ་ཅི་ཡོད།
དགེ་རྒན། སྐད་ཆ་དེ་ལྟར་མ་བཤད། ཁུང་ཙི་ལ་སློབ་མ་སུམ་སྟོང་ལྷག་ཡོད་པ་ལས་མཁས་པ་བདུན་བཅུ་དོན་གཉིས་ཙམ་ལས་བྱོན་མེད། ཁོང་གི་སློབ་མའི་ཚད་ལྡན་ཚད་ནི་བརྒྱ་ཆའི་གཉིས་ཚེག་བཞི་ཙམ་རེད།
གསུམ།
གསར་འགོད་པ། ཁྱིམ་བདག་ལ་ལས་དགེ་རྒན་ཚོས་སློབ་མར་སློབ་གསོ་བཏང་བ་མི་འདིང་བར་འཁང་ར་བྱེད་ཀྱི་འདུག
དགེ་རྒན། ངས་འཕགས་མིའི་ཟླ་ཕོགས་ལེན་གྱི་མེད། ཁྱེད་ཚོ་ཕ་མ་ཚོས་སྡིགས་ཤིང་གཅར་ཡང་བྱིས་པ་གཅིག་ལའང་སློབ་གསོ་གཏོང་མི་ཐུབ་ན། ངེད་ཅག་དགེ་རྒན་ཚོས་འཛིན་གྲྭ་གཅིག་གི་སློབ་མ་ལྔ་བཅུ་དྲུག་ཅུ་ཞིག་ཇི་ལྟར་ལམ་ལ་འཇུག
བཞི།
གསར་འགོད་པ། དགེ་རྒན་ལགས་ཁྱེད་ཀྱིས་འཁང་ར་མ་བྱེད་དང་། གང་ལྟར་ཁྱེད་ཚོའི་ངལ་གསོའི་དུས་ཚོད་ཧ་ཅང་རིང་།
དགེ་རྒན། འདིར་ཕྱོགས་གཉིས་ནས་བལྟ་དགོས། གཅིག་ནས། གལ་ཏེ་དབྱར་དགུན་གནང་མེད་ཚེ་ཁྱེད་ཀྱི་བྱིས་པ་ཡིག་རྨོངས་པ་ཞིག་ཡིན་ན་ཐང་། རྒྱུ་མཚན་ངལ་གསོ་མེད་ཚེ་དགེ་རྒན་བྱ་འདོད་མཁན་ཕལ་ཆེར་ཡོད་མི་སྲིད། དེ་བས་ཁྱེད་ཀྱིས་ང་ཚོའི་ངལ་གསོ་ལ་བཀའ་དྲིན་ཞུས་ན་འགྲིག གཉིས་ནས། གལ་ཏེ་ངལ་གསོ་མེད་ཚེ་ཁྱེད་ཀྱི་བྱིས་པ་མོས་མཐུན་ཡིན་ནམ། ལོ་ངོ་བཅུ་གཉིས་ལ་ངལ་གསོ་མེད་པར་མཐུད་ནས་སློབ་ཁྲིད་བྱ་དགོས་ན་ཁྱེད་རང་འཐད་པ་ཡིན་ནམ།
ལྔ་བ།
གསརའགོད་པ། ལ་ལས་བཤད་ན་དགེ་རྒན་ཚོར་གཟའ་འཁོར་གཅིག་ལ་སློབ་ཁྲིད་འགའ་ཤས་མ་གཏོགས་མེད་པས། ང་ཚོ་ཉིན་གཅིག་ལ་དུས་ཚོད་བརྒྱད་ཀྱི་རིང་ལས་ཚོགས་ལ་ཞུགས་པ་དང་བསྡུར་ན་ཧ་ཅང་ཡང་མོ་རེད་ཟེར།
དགེ་རྒན། ཨེ་རེད། སློབ་ཁྲིད་སྔོན་ལ་སློབ་ཁྲིད་གྲ་སྒྲིག་འབྲི་དགོས་པ་ཨེ་ཤེས། སློབ་ཁྲིད་གྲོལ་ན་ལས་བྱར་བལྟ་དགོས་པ་ཨེ་ཤེས། འཛིན་གྲྭ་གཉིས་ཀྱི་སློབ་མ་བརྒྱ་ལྷག་གི་ལས་བྱར་བལྟས་ན། དུས་ཚོད་ག་ཙམ་དགོས་པ་ཨེ་ཤེས། ནངས་སྦྱོང་དང་དགོང་སྦྱོང་ཡོད་པ་ཨེ་ཤེས། རྩལ་སྦྱོང་རྩེ་སྐབས་དང་ཟ་མ་ཟ་སྐབས་བལྟ་མི་དགོས་སམ། སྒྲིག་ལམ་དང་གཙང་སྦྲར་དོ་སྣང་མ་བྱས་ན་ཆོག་གམ།
དྲུག
གསར་འགོད་པ། དགེ་རྒན་གྱི་ནམ་རྒྱུན་སློབ་ཁྲིད་འགན་ཁུར་ཧ་ཅང་ཡང་བ་འདྲ།
དགེ་རྒན། སྒྲིག་ལམ་བཟང་བའི་འཛིན་གྲྭར་སློབ་ཁྲིད་བྱེད་པ་ནི་གཏམ་བཤད་བྱེད་པ་དང་འདྲ། ཆ་སྙོམས་ཉིན་རེར་སློབ་ཐུན་གཉིས་ཡོད་ན་དུས་ཚོད་གཅིག་དང་ཕྱེད་ཀར་གཏམ་བཤད་བྱས་པ་དང་འདྲ། སྒྲིག་ལམ་མི་བཟང་བའི་འཛིན་གྲྭར་སློབ་ཁྲིད་བྱེད་པ་ནི་འཁོན་རེས་བྱེད་པ་དང་འདྲ། ཆ་སྙོམས་ཉིན་རེར་དུས་ཚོད་གཅིག་དང་ཕྱེད་ཀར་འཁོན་རེས་བྱས་པ་དང་འདྲ། འདི་འདྲར་ཁྱེད་ཀྱིས་ཚོད་ལྟ་བྱས་ཨེ་མྱོང་།
བདུན་པ།
གསར་འགོད་པ། དགེ་རྒན་གྱི་བྱ་བ་བཟང་བ་མ་ཟད་ཟླ་ཕོགས་ཡང་མི་དམའ་བ་འདྲ།
དགེ་རྒན། ཁྱེད་ཀྱིས་དགེ་རྒན་ཚོས་གཞུང་ཞབས་པར་རྒྱུགས་སྤྲོད་པ་མཐོང་མྱོང་ཡོད་སྲིད། འོན་ཀྱང་གཞུང་ཞབས་པས་དགེ་རྒན་ལ་རྒྱུགས་སྤྲོད་པ་མཐོང་མྱོང་ངམ།
དོན་དངོས་སུ་དགེ་རྒན་ཚོས་སུ་ལ་ཕོག་ཐུག་བཟོས་སོང་བ་རེད།
སློབ་གསོ་པུའུ་ཡིས་དགེ་རྒན་གྱི་ཀུན་སྤྱོད་ལ་ཚད་ཐིག་བཟུང་བའི་ཐད་ལ་ངས་སྐད་ཆ་འགའ་བཤད་འདོད་སོང་། དགེ་རྒན་ཁྲི་༡༤༤༢ ཡི་ནང་ན་ངོ་ཚ་མེད་པ་དུ་ཡོད། ཏང་ཡོན་ཁྲི་༨༠༠༠ ཀྱི་ནང་ན་གཙང་མ་དུ་ཡོད། དགེ་རྒན་གཅིག་པུའི་ཀུན་སྤྱོད་ལ་ཚད་ཐིག་འཛིན་དགོས་དོན་ཅི།
དཔོན་པོ་ཚོར་ཁེ་ཕོགས་མཐོན་པོ་བྱིན་ནས་གསོས་ཀྱང་མཐའ་མར་སྒོར་མོ་དུང་ཕྱུར་བཅུ་ཕྲག་འགའ་ལྐོག་ཟ་བྱས་ཏེ་ཀྲུང་གོར་སེམས་འགུལ་ཐེབས་སུ་འཇུག་ཐུབ། འོན་ཀྱང་དགེ་རྒན་ཚོའི་ཟླ་ཕོགས་གཞུང་ཞབས་པ་དང་ཁ་བཀར་ནས་ནམ་ཡང་གོང་འཕར་མེད། ད་དུང་དགེ་རྒན་ཚོས་ལན་རེར་ཁྱིམ་ཚང་གི་དགེ་རྒན་བྱས་ནས་ཕོགས་ཅུང་ཙམ་ཞིག་བླངས་ཚེ། ནག་ཉེས་ཡོད་ཚད་མགོར་དེད་འགྲོ་བ་རེད།
དགེ་རྒན་ཚོས་སློབ་མར་གཅར་མི་རུང་བ་མ་ཟད་སྡིགས་ཀྱང་མི་རུང་། ཆོག་གི འོ་ན་དགེ་རྒན་གྱིས་དོ་སྣང་མ་བྱས་ན་ཆོག་གམ་ཞེ་ན། ཡང་དགེ་རྒན་གྱིས་སློབ་མར་འགན་མ་འཁུར་ཚུལ་ལབ་པ་རེད། མ་གཅར་མ་སྡིགས། སྐྱོན་བརྗོད་དང་ལུས་ཆད་སོགས་མ་བྱས་པར་སློབ་མར་ཇི་ལྟར་དོ་དམ་བྱ། འབྲེལ་འདྲེས་དང་དུང་སེམས་ཀྱིས་སློབ་མའི་སེམས་འགུགས་དགོས་ཟེར། ཁྱེད་ཀྱིས་དགེ་རྒན་ཚོ་འཇམ་པའི་དབྱངས་ལ་ངོས་བཟུང་བ་ཡིན་ནམ།
ཁྱེད་ཀྱིས་མི་འགྱངས་བར་སྲོག་ཁྲིམས་གཅོད་པའི་རུལ་སུངས་དཔོན་ངན་དང་མི་གསོད་ལག་དམར་ཚོ་སློབ་གྲྭར་ཁྲིད་ཡོང་ནས། ངའི་ཡིད་སེམས་བཀུག་ན་འགྲིག་འདུག དགེ་རྒན་ཚོ་ཞག་སྒྲོན་དང་འདྲ་བར་སྒེར་སེམས་མེད་པར་ཡོད་ཚད་གཞན་དོན་དུ་ཕུལ་ན་འོས་ཟེར། འདི་ནི་ཇི་འདྲའི་སྐད་ཆ་སྐྱུག་བྲོ་བ་ཞིག་རེད་ཨང་།
ད་སྐབས་ཁྱེད་ཚང་ན་ཞག་སྒྲོན་དུ་ཡོད། དེང་སྐབས་སུ་ཞིག་གིས་ཞག་སྒྲོན་བཀོལ་སྲིད། སུ་ཞིག་གིས་ཞག་སྒྲོན་ལ་མཐོང་ཆེན་བྱ་ངེས། ཡང་གཅིག་བཤད་ན། ཁྱེད་ཀྱིས་དགེ་རྒན་ཚོ་ཞག་སྒྲོན་དུ་བཞག་པ་བདེན་ན། ང་ཚོས་འོད་ཟེར་དཀར་པོ་འདོན་དགོས་དོན་ཅི། ཁྱེད་ཀྱིས་ང་ལ་དེ་འདྲའི་ཁེ་ཕོགས་ཤིག་བྱིན་ཨེ་ཡོད།
སྤྱི་ཚོགས་འདིའི་དངོས་བབ་ལ་སྐྱུག་བྲོ་བའི་འཕེལ་ཕྱོགས་ཤིག་གྲུབ་འདུག དགེ་རྒན་ཚོའི་ཁེ་ཕོགས་དང་གོ་གནས་ཇེ་དམའ་ནས་ཇེ་དམར་འགྲོ་བཞིན་འདུག དགེ་རྒན་གྱིས་སློབ་མར་བརྐུ་འབྲི་བྱེད་དུ་མ་བཅུག་པར་སློབ་མས་བརྡུངས་བའི་གསར་འགྱུར་ཐོས་མྱོང་ལ། དགེ་རྒན་གྱིས་སློབ་མའི་ལག་གི་ཁ་པར་བླངས་པས། སློབ་མས་དགེ་རྒན་བསད་པའི་གསར་འགྱུར་ཡང་ཐོས་མྱོང་།
ད་སྐབས་ཀྱི་མི་ཚོར་ཅི་ཞིག་བྱུང་བ་རེད། སློབ་མས་རྒྱུགས་ལེན་ཨང་གྲངས་བྲིས་ནས་འཆུགས་སོང་ནའང་། དགེ་རྒན་རྒྱུགས་སྤྲོད་པའི་ནོར་འཁྲུལ་རེད་ཟེར། དོན་དངོས་ཐོག་སློབ་གསོའི་འགན་ཁུར་མི་སྣ་ཚོས་གནད་དོན་ལ་བསམ་བློ་གཏོང་ཤེས་སམ།
སྔོན་ཆད་དགེ་རྒན་ནི་མིའི་སེམས་སུ་གོ་གནས་མཐོན་པོ་ཡོད་པའི་ལས་རིགས་ཤིག་རེད། འོན་ཀྱང་ད་ལྟ་དགེ་རྒན་ནི་སུས་ཀྱང་ལེ་བདའ་བྱས་ཆོག་པའི་ལས་རིགས་ཤིག་ཏུ་གྱུར་ཡོད། དགེ་རྒན་ལ་འདི་ལྟར་གོ་གནས་མེད་དོན་ནི་ཕར་ཆེར་སློབ་གསོ་ལ་སུས་ཀྱང་སྐད་ཆ་བདེན་མིན་ཅི་རིགས་བཤད་ཆོག་པས་ཡིན་ལས་ཆེ།

No comments:
Post a Comment