ཆར་བ།
གེ་སར་གྱིས་བསྒྱུར།
ས་སྲོས་གློ་བུར་དུ་དཀར་གསལ་ལེར་སོང་།
དེ་ནི་ཆར་ཟིམ་བབས་པའི་རྐྱེན་རེད།
གསར་དུ་བབས་པ་ཡིན་ནམ་སྔ་མོ་ནས་མགོ་བརྩམས་སམ།
ཆར་བབས་ཚེ། དེ་ནི་འདས་སོང་ལ་ཕྱིར་དྲན་བྱེད་པའི་གོ་སྐབས་བསྙོན་མེད་ཅིག
ཟམ་ཟིམ་གྱི་ཆར་སྒྲ་ལ་ཉན་ཞོར།
སྐལ་བཟང་གི་དུས་སྐར་དེར་ཕྱིར་དྲན་བྱས་པས།
མིང་ལ་རྒྱ་སེ་རུ་འབོད་པའི་མེ་ཏོག་དེས།
ཁྱོད་ལ་དམར་པོའི་ཁྲོད་ཀྱི་ངོ་མཚར་བའི་ཁ་དོག་ཅིག་བསྟན་བྱུང་།
ཆར་བ་ཐེངས་འདིས་སྒེའུ་ཁུང་གི་ཤེལ་སྒོ་མག་མོག་ཅིག་ཏུ་བཏང་ཞིང་།
སྐྱེས་དངོས་ཡོད་ཚད་ཀྱི་བར་ཐག་ཤོར་དུ་བཅུག
འཁྲིལ་རྩྭའི་སྟེང་གི་རྒུན་འབྲུམ་ནག་པོ་ཡང་རེས་གསལ་རེས་མོག་ཅིག
ར་སྐོར་ཡལ་བར་གྱུར་སོང་།
ཆར་ཆུ་འཇོ་བའི་ས་སྲོས་ངས་ཆེས་སྨོན་པའི་སྐད་སྒྲ་དེ་བསྐྱལ་ཡོང་།
ང་ཡི་ཕ་ལགས་ཤི་མེད།
ཁོ་ཕྱིར་ལོག་བྱུང་། དེ་ནི་ཁོའི་སྐད་སྒྲ་རེད།
ཆར་བ།
སྐྱབས་ཆེན་བདེ་གྲོལ་གྱིས་བསྒྱུར།
ཆར་བ་ཟམ་ཟིམ་དུ་བབས་པས།
ས་སྲོད་ཀྱི་ནམ་མཁའ་རེ་ཞིག་གསལ་བར་གྱུར།
བབས་མ་ཐག་པ་འམ་བབས་ནས་ཡུན་རིང་འགོར་བ་ཆ་མ་འཚལ་མོད།
ཆར་བ་བབས་པ་ནི་ཕྱིར་དྲན་གྱི་གོ་སྐབས་འབའ་ཞིག་གོ །
ཤག་ཤག་ཏུ་འབབ་པའི་སྒྲ་ལ་ཉན་ན།
ལས་དང་རླུང་རྟ་དར་དུས་ཤིག་དྲན་འོངས་ཏེ།
མིང་ལ་རྒྱ་སེ་རུ་འབོད་པའི་མེ་ཏོག་དེས།
དམར་པོའི་ནང་ནས་ཆེས་མཚར་བའི་ཚོན་མདངས་ངོམས་མྱོང་།
ཆར་བ་འདིས་ཤེལ་གྱི་དྲ་མ་རབ་རིབ་ཏུ་བསྒྲིབས་ཤིང་།
འཇིག་རྟེན་འདི་ཉིད་མཐའ་དབུས་མེད་པར་བྱས།
ཡལ་གར་འཁྲིལ་བའི་རྒུན་འབྲུམ་དག་ཀྱང་།
རེས་འགར་གསལ་ལ་རེས་འགར་མོག་པོར་བསྒྱུར།
སྒོ་ར་མི་སྣང་བར་གྱུར་སོང་།
ཆར་བས་བརླན་པའི་ས་སྲོད་ཀྱིས།
བདག་ལ་པཱ་ལགས་ཀྱི་བརྩེ་བའི་སྐད་སྒྲ་ཁྱེར་ཡོང་།
ཁོང་ཕྱིར་ཕེབས་བྱུང་།
ཁོང་སྐུ་གཤེགས་མི་འདུག
ཆར་པ།
ལྡོང་བུ་ཡིས་བསྒྱུར།
གློ་བུར་དུ་ས་སྲོད་ཀྱི་ནམ་མཁའ་གསལ་བར་གྱུར་སོང་།
དེ་ནི་ཕྱི་རོལ་དུ་ད་ལྟ་ཆར་ཟིམ་འབབ་བཞིན་པའི་ཕྱིར།
འབབ་བཞིན་པའམ་བབས་ཟིན་འདུག ཆར་པ་ནི།
འདས་དུས་བྱུང་བའི་དོན་ཞིག་ཡིན་པ་བསྙོན་དུ་མེད།
ཆར་པ་འབབ་བཞིན་པའི་སྒྲ་ལ་ཉན་མཁན་གང་དེས།
རླུང་རྟ་དར་བའི་དུས་སྐབས་ཤིག་ཡིད་ལ་དྲན་ཞིང་།
དེ་ཡིས་མིང་ལ་རྒྱ་སེ་རུ་འབོད་པའི་མེ་ཏོག་ཅིག་དང་།
དེའི་དམར་པོ་ཡི་མཚར་མདངས་ཤིག་ཁོ་ལ་བསྟན་ཡོང་།
སྒེའུ་ཁུང་གི་ཤེལ་ངོས་བསྒྲིབས་པའི་ཆར་པ་འདི་ཡིས།
བརྗེད་ཟིན་པའི་གྲོང་མཐའི་འཁྲི་ཤིང་སྡོང་པོ་ཞིག་གི
རྒུན་འབྲུམ་ནག་པོ་དག་ལ་བཀྲག་མདངས་སྩོལ་ངེས།
ད་ལྟ་སྒོ་ར་ཡོད་དུ་མེད། བརླན་གཤེར་གྱི་ས་སྲོད་ཀྱིས།
ང་ལ་སྐད་སྒྲ་དེ། རེ་བཞིན་པའི་སྐད་སྒྲ་དེ་ཁྱེར་ཡོང་།
ང་ཡི་པཱ་ལགས་ཕྱིར་ཕེབས་ཤིང་ཁོང་ཉིད་སྐུ་གཤེགས་མི་འདུག
ཆར།
ན་བུན་གྱིས་བསྒྱུར།
ཕྱི་དྲོར་དཀར་གསལ་རྒྱས་ཏེ། མཇུག་མཐར།
ཧ་ཅང་གློ་བུར་དང་ཧ་ཅང་ཞིབ་མོར་ཆར་བབས་སོང་།
ད་དུང་ཡང་ཆར་འབབ་པའམ། ཡང་ན་བབས་ཟིན།
ཆར་འབབ་པ་ནི། འདས་དོན་ཞིག་རེད་ཨང་།
སྟབས་ལེགས་ཚེ། གློ་བུར།
སུ་ཡིས་ཆར་སྒྲ་ཐོས་ན། དེ་ཡིས་དུས་སྐབས་ཤིག་དྲན་འོངས།
རྒྱ་སེ་སུ་འབོད་པའི་མེ་ཏོག་རྐང་གཅིག་གི་ཟུར་མིག་བཞད་ཅིང་།
ངོ་མཚར་བའི་ཁ་དོག་དེ་ཡང་། སྨིན་ཟིན་པའི་ཁ་དོག་རིགས་ཤིག་རེད།
ཆར་སྨུག་འདིས། སྒེའུ་ཁུང་བསྒྲིབས་སོང་།
གྲོང་མཐར། དགའ་སྐྱིད་ཀྱི་རེ་ཞགས་འཁྱིལ་མི་སྲིད་ཅིང་།
སྟེང་ཕྱོགས་ཀྱི་རྒུན་འབྲུམ་ཤིང་གི་ཡལ་གར་རྒུན་འབྲུམ་ནག་པོ་ཐོགས།
དེ་ནི་བར་འཁྱམས་རང་ག་བ་ཞིག་ཏུ་སྨིན་མི་སྲིད་ཅིང་།
བརླན་གཤེར་གྱི་ཕྱི་དྲོས། འཁྲེང་ཞེན་གྱི་འབོད་པ་ཁྱེར་ཡོང་།
འདི་ནི་བདག་གི་ཡབ་ཆེན་གྱི་འབོད་པ་སྟེ། ཁོང་གྲོངས་མི་འདུག
རྩོམ་པ་པོ་ངོ་སྤྲོད་སྙིང་བསྡུས།
བྷོར་གྷེ་སི་(J.L Borges 1899 Ð 1986)ནི་ཨ་རི་ལྷོ་མའི་རྒྱལ་ཁབ་ཨར་རྗིན་ཊེ་ན་(Argentine)ཡི་རླབས་ཆེ་བའི་སྙན་ངག་པ་དང་སྒྲུང་རྩོམ་མཁན། དཔྱད་བརྗོད་པ། རྒྱལ་སྤྱིའི་དཔེ་སྐྲུན་དོ་དམ་པ་ཡིན། ཁོང་ཤེས་ཡོན་སློབ་གསོ་ཐོབ་པའི་འབྱོར་ལྡན་པ་ཞིག་གི་ཁྱིམ་དུ་སྐྱེས་ཤིང་། དུས་རབས་ཉི་ཤུ་ལོ་རབས་ལྔ་བཅུ་བའི་དཀྱིལ་ཙམ་ལ་མིག་ལོང་བར་གྱུར།
སྤྱི་ལོ་༡༩༢༡ ལོ་ནས་བཟུང་ཁོང་གིས་རྩོམ་རིག་དུས་དེབ་ཁག་ཏུ་དུས་རབས་ཉི་ཤུ་བའི་དངོས་བརྒལ་རིང་ལུགས་སམ་བག་ཉལ་མངོན་འགྱུར་རིང་ལུགས་ཀྱི་རྩོམ་རིག་(Surrealist literature) དཔྱད་བརྗོད་དང་སྙན་ངག་སྤེལ་མགོ་བརྩམས་ཤིང་། ཡུ་རོབ་གླིང་གི་རྩོམ་རིག་དཔྱད་རྩོམ་ལོ་རྒྱུས་ལྟར་ན། བྷོར་གྷེ་སིའི་སྙན་ངག་ལ་སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་(magical realism)ཀྱི་ཤུགས་རྐྱེན་དང་ཁྱད་ཆོས་འབུར་དུ་ཐོན་པར་བཞེད།
སྤྱི་ལོ་༡༩༢༣ ལོར་ཆེས་ཐོག་མའི་བཏུས་དེབ་(Fervor de Buenos Aires)པར་དུ་བསྐྲུན། སྔ་རྗེས་སུ་ཁོང་གིས་རྒྱལ་སྤྱིའི་དཔེ་སྐྲུན་དོ་དམ་དང་རྒྱལ་དམངས་གཏམ་བརྗོད་སོགས་ཀྱི་ལས་འགན་ཁུར་དུ་བཞེས།
སྤྱི་ལོ་༡༩༦༡ ལོར་ཁོང་ལ་ཆེས་ཐོག་མའི་རྒྱལ་སྤྱིའི་དཔེ་སྐྲུན་མཁན་པོའི་གཟེངས་རྟགས་ (IPPPF) ཐོབ་ཅིང་། དུས་དེ་ནས་བཟུང་ཁོང་གི་སྙན་གྲགས་འཛམ་བུ་གླིང་ལ་ཁྱབ།
ཁོང་གི་བརྩམས་ཆོས་མང་པོ་ཞིག་ཨ་རི་དང་ཡུ་རོབ་གླིང་གི་སྐད་ཡིག་སྣ་ཚོགས་ནང་བསྒྱུར་བསྐྲུན་གནང་། བརྩམས་ཆོས་གཙོ་བོར་སྒྲུང་ཐུང་ཕྱོགས་སྒྲིག་དང་སྙན་ངག་གཅེས་བསྡུས། དཔྱད་རྩོམ་ཕྱོགས་བསྡུས་སོགས་གླེགས་བམ་འབོར་ཆེན་བཞུགས།

No comments:
Post a Comment