དུར་སའི་རྣམ་ཤེས།
རྩོམ་པ་པོ། འཆི་མེད།
ལས་ཀྱི་རླུང་བུ་བྱེ་མའི་ལ་ཐང་ལ་འཁྱམས་དུས། །
མ་བྲིས་རི་མོ་ཡིད་ཀྱི་མེ་ལོང་ལ་འཆར་དུས། །
སྐྱོ་བའི་སྣང་བ་མ་བསྡམས་རང་ཡན་དུ་བཏང་ན། །
ཡ་ཐོད་མཆི་མས་བྱེ་ཐང་རིང་མོ་འདི་བརླན་སྙམ། །
ང་བརྒྱད་རླུང་དམར་འུར་འུར་ཕྱོགས་ཀུན་ཏུ་ལྡང་སྟེ། །
ང་ཡི་མེས་པོ་གནམ་གྱིས་བསྲུང་རྒྱུ་ཚོའི་གོད་ཆག །
མཐའ་མེད་སྡུག་བསྔལ་འཛད་མེད་ཡུལ་ཁམས་འདིར་དེད་དེ། །
ཚེ་ཡི་འཕེན་པ་རྫོགས་པ་ག་ཚོད་ཅིག་ཡོད་ཨང་། །
དབང་མེད་སེམས་རྩར་འཁྱིལ་བའི་མྱ་ངན་དང་ལྷན་ཅིག །
སྟོན་གྱི་སྡོང་ལོར་འགྲོགས་ཏེ་བྱེ་ཐང་ལ་འཕུར་སྐབས། །
ང་ཡི་སྣང་བར་ཅི་དྲན་འདི་དྲན་རང་མེད་པར། །
ལྷང་ལྷང་སྟོང་སྟོང་ངང་ནས་མིག་ཆུ་ལ་ཆད་མེད། །
དུས་ལ་ངེས་མེད་སེམས་རྩ་རྡོ་འཁྱག་ལ་འབྱར་བའི། །
ཡིད་ཀྱི་བྱང་ཁོག་སྡུག་བསྔལ་ལང་ལོང་གིས་གང་བའི། །
མྱ་ངམ་ཐང་འདིར་རང་སེམས་རང་ཉིད་ཀྱིས་མི་ནོན། །
སྐྱོ་རླབས་མཁའ་ལ་འབྲི་བའི་སྨྱུ་གུ་ལ་འཇུ་འདོད། །
ཐག་རིང་ས་མཐར་གཟེངས་བའི་བྲག་རི་ཡི་རྩེ་མོ། །
གངས་དང་ཁ་བས་བཟུང་བའི་སྐྱ་མདོག་གི་སྐྱོ་ཉམས། །
ས་སྐྱ་བྱེ་མའི་ཐང་གི་འཇིགས་རུང་གི་གནས་འདིར། །
ང་ཡི་མེས་པོའི་རྣམ་ཤེས་ག་ཚོད་ཅིག་ཐིམ་ཡོད། །
རྒྱ་ཁྲིམས་བཙན་པོ་ཁུར་པའི་ཕ་ལོ་ཡི་མི་ཚེ། །
ཚེ་སྲོག་དུར་ལ་ཐིམ་པའི་མེས་པོ་དང་མེས་མོ། །
ལས་ཀྱིས་དེ་རིང་ཁྱེད་ཅག་དུར་ས་རུ་འབྱོར་ཀྱང་། །
མཆི་མ་ཁྱོར་བ་གང་ལས་ཅི་བྱེད་ཀྱང་མ་མཆིས། །
ཁང་ཆེན་བརྩེགས་མའི་སྒེའུ་ཁུང་འགྲམ་ངོགས་ནས་བལྟས་ཚེ། །
བཙན་པོའི་ཁྲིམས་ཁར་ཤོར་པའི་ཉེས་མེད་ཀྱི་རྣམ་ཤེས། །
ཐང་སྟོང་སྐྱོ་བའི་གདུང་གླུ་ངེས་མེད་དུ་ལེན་གྱིན། །
མཚན་མོའི་སྨག་རུམ་ཁྲོད་དུ་ཞེད་སྣང་གིས་ལུས་འདུག །
གསོན་ངོགས་འཇིག་རྟེན་ཁམས་ཀྱི་རང་ཡུལ་ན་ཡོད་དུས། །
དྲང་བདེན་དཀར་ངོགས་མ་མཐོང་རྣམ་ཤེས་ཀྱི་དགོད་སྒྲ། །
ས་སྟོང་འདི་ནས་ང་ཡི་རྣ་ལམ་ལ་གྲག་དུས། །
འདས་པའི་ལོ་ཟླ་རིང་མོའི་མུན་ནག་དེ་དྲན་སོང་། །
ང་ཡི་མེས་པོའི་རྣམ་ཤེས་ཁྲི་སྟོང་གི་དུར་སར། །
གངས་རྒྱན་རྟགས་མའི་རྩོམ་རིག་བྱ་འགུལ་འདི་སྤེལ་ན། །
རིག་པ་ནང་ལ་གསལ་བའི་ཕྱི་རབས་པའི་ཕུགས་འདུན། །
མེས་པོའི་རྣམ་ཤེས་བདེ་བའི་གཞི་མ་རུ་ཨེ་འགྱུར། །
ཐུགས་བདེའི་ངང་ནས་ཕྱི་མིག་ལན་གཅིག་ལ་གཟིགས་དང་། །
གདུང་བའི་དབྱངས་རྟ་འདི་ལ་ལན་གཅིག་ལ་གསོན་དང་། །
དྲན་པའི་མྱ་ངན་ཇི་བཞིན་ཡིག་ཐོག་ཏུ་མེད་ཀྱང་། །
སེམས་ཀྱི་རི་མོའི་ཟུར་ཞིག་བྱེ་ཐང་འདིར་བསྐྱུར་ཡོད། །
རྩོམ་པ་པོའི་ལོ་རྒྱུས་སྙིང་བསྡུས།
བོད་ཀྱི་བུད་མེད་རྩོམ་པ་པོ་པདྨ་མཚོའམ་འཆི་མེད་ནི་ལོ་རབས་དྲུག་ཅུ་བའི་སྨད་ཙམ་ལ་རེབ་གོང་ས་དཀྱིལ་སྡེ་བར་སྐྱེས། རང་ལོ་བདུན་གྱི་སྟེང་ནས་ཕ་ཡུལ་གྱི་སློབ་གྲྭ་ཆུང་འབྲིང་རིམ་པར་འགྲིམས་རྗེས། ཕྱི་ལོ་༡༩༨༧ ལོར་མཚོ་སྔོན་མི་རིགས་སློབ་ཆེན་མོའི་བོད་སྐད་ཡིག་སྡེ་ཁག་ནས་མཐར་ཕྱིན། ད་བར་རེབ་གོང་རྫོང་མི་རིགས་སློབ་འབྲིང་གི་བོད་ཡིག་དགེ་རྒན་དང་རྩོམ་རིག་འཆད་འཁྲིད་ཀྱི་ལས་རིགས་གཉེར།
ཕྱི་ལོ་༡༩༩༧ ལོར་སྐབས་གཉིས་པའི་སྦྲང་ཆར་རྩོམ་རིག་བྱ་དགའ་དང་། ཕྱི་ལོ་༢༠༡༢ ལོར་སྐབས་གསུམ་པའི་གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་ཐོབ།
ཕྱི་ལོ་༢༠༠༨ ལོར་མཚོ་སྔོན་བོད་སྐད་བརྙན་འཕྲིན་འཆད་ཁྲིད་མུན་སེལ་སྒྲོན་མེ་ལེ་ཚན་ལས་བོད་རིགས་བུད་མེད་ཀྱི་ཐོབ་ཐང་གླེང་བ་ཞེས་པའི་འཆད་ཁྲིད་གནང་།
བརྩམས་ཆོས་གཙོ་བོར་<<ཟླ་བའི་རྨི་ལམ་>>དང་<<ཆུའི་ལང་ཚོ་>>དཔར་བསྐྲུན་གནང་ཡོད།

No comments:
Post a Comment