སྙན་ངག་པ། གསའ་ནག་པོ།
ཟླ་བཅུ་གསུམ་པ།
དེ་ནི་ཕུགས་བསམ་གྱི་ཟླ་བ་ཞིག
ཡང་ན འཆར་ཡན་གྱིས་བསྐྲུན་པའི་རྒྱལ་ཁབ་ཅིག
༡
ཟླ་བཅུ་གསུམ་པ
ཆུང་མ་བླངས་ནས་ས་ཞིང་རྨོ་ཆོག་པའི་ལོ་ཟླ
འཚོ་བའི་གཏན་ཚིགས་གཏོར་ཞིང
དུས་ཚོད་ཀྱི་རྫ་བུམ་བཅག་རྗེས
ནམ་མཁའི་དབྱིངས་སུ་མི་ཞིག་གིས་ཉི་མ་ལ་ཁང་པ་བཟོ་བར་བྱེད
ཟླ་བཅུ་གསུམ་པ
འབྲུ་རིགས་ཀྱིས་རྒྱལ་ཁམས་འགྲིམ་ཆོག་པའི་ལོ་ཟླ
ལས་ཀྱི་མངགས་བཅོལ་བོར་ཞིང
ལམ་གྱི་དྲན་གདུང་བསྐྱུར་རྗེས
ཝར་ཏིན་མཚེའུ་འགྲམ་ན་མི་ཞིག་གིས་རང་བྱུང་གི་མཛེས་སྡུག་གྱེར
ཟླ་བཅུ་གསུམ་པ
ཨ་རག་བཞེས་ཏེ་སྙན་ངག་བྲི་ཆོག་པའི་ལོ་ཟླ
ཤོག་དངུལ་གྱི་ཞེན་ཆགས་སྦར་ཞིང
དཀར་ཡོལ་གྱི་ང་རྒྱལ་བཅོམ་རྗེས
མི་ཞིག་སའི་གོ་ལའི་ཕྱི་རོལ་ཀྱི་མཚན་མོ་དག་ན་རབ་ཏུ་བཟི
ཟླ་བཅུ་གསུམ་པ
རྩྭ་ལྷམ་དྲུད་ནས་གངས་རིར་བརྒལ་ཆོག་པའི་ལོ་ཟླ
གྲང་འཁྱག་གི་ལག་པ་གཏུབ་ཅིང
ཚ་གདུང་གི་ངལ་དུབ་གཞོམ་རྗེས
གངས་རིའི་རྩེ་ན་མི་ཞིག་གིས་ཉི་འོད་ལ་འཁྲིག་པ་སྤྱོད་པར་བྱེད
ཟླ་བཅུ་གསུམ་པ
ནང་མ་ཁང་གི་གློག་འོད་ལ་སྙིང་གཏམ་གླེང་ཆོག་པའི་ལོ་ཟླ
གྲོང་ཁྱེར་གྱི་རྡུལ་འཚུབ་དཀྲུགས་ཤིང
སྲང་ལམ་གྱི་ཁེར་རྐྱང་དཀྲོགས་རྗེས
རོལ་དབྱངས་ཀྱི་སྣེ་ན་མི་ཞིག་གིས་སྙན་ངག་དང་རྒྱང་རིང་འཚོལ
༢
ཟླ་བཅུ་གསུམ་པར
བདག་གིས་རྒྱ་སེར་འབོད་པའི་བུ་མོ་དེའི་རྨི་ལམ་དུ
འཇའ་ཚོན་གྱི་ཐག་པ་རིང་བོ་ཞིག་བྲིས་རྗེས
སྟོང་ཁམས་ཆེན་པོའི་བར་སྣང་དུ་ཤིང་རྟ་དྲུད་ཆོག་པའི་ཟམ་པ་ཞིག་བཟོ་དགོས
ཟླ་བཅུ་གསུམ་པར
བདག་ལ་བརྩེ་དུང་ཡོད་ཀྱང་མིག་ཆུ་མེད་ཆོག་པའི་སྒེར་གཤིས་ཀྱིས
མུན་པའི་ནང་གི་མེ་ལོང་དེ་གུད་དུ་གཡུགས་ཏེ
འཇིག་རྟེན་མིའི་ཚབ་ཏུ
སྨག་རུམ་ཁྲོད་མེ་མདའ་ཁུར་བའི་དུས་ཚོད་ཀྱི་ལག་དམར་དེ་བྱ་དགོས
ཟླ་བཅུ་གསུམ་པར
བདག་གིས་འདས་གྲོངས་སུ་གྱུར་བའི་སྙན་ངག་པ་ཚོ་ཕྱིར་བོས་ནས
ལྷའི་རོལ་དབྱངས་ལྟ་བུའི་རལ་གྲི་དེས
འཇིག་རྟེན་འདིའི་སྡིག་སྒྲིབ་ཀྱི་ཉེས་པ་ལ་འཚང་རྕིས་བརྒྱག་དགོས་ཡོད
ཟླ་བཅུ་གསུམ་པར
བདག་གིས་རྒྱུགས་དང་འཛིན་ཡིག་གི་ས་བཅད་ཐལ་བར་གཏོར་ནས
འཚོ་བ་རློན་པ་ཞིག་གི་ངོ་གདོང་སྲུང་ཆེད
རང་ཉིད་བུད་ཤིང་ལྟར་འཚིག་གིན་པའི་མི་བུ་དག་ལ
རང་དབང་ནི་དཔའ་སྤོབས་ཀྱི་འབྲས་བུ་ཡིན་པའི་ལེགས་བཤད་བསྩོལ་དགོས
ཟླ་བཅུ་གསུམ་པར
བདག་གིས་སྙིང་ཉེ་བའི་ཆང་ཕོར་དག་སིལ་བུར་བཅག་ནས
སྐྱེ་བ་གཅིག་ལ་དགའ་མྱོང་བའི་བུ་མོ་དེར
ཚེ་སྲོག་གསར་བ་ཞིག་གི་དབྱར་ཁ་དང་དྲོད་འཇམ་གནང་དགོས་ཡོད
ཟླ་བཅུ་གསུམ་པར
བདག་གིས་གངས་རི་ལྟ་བུའི་མི་ཞིག་གི་འོད་སྣང་སྒོམ་གྱིན
པོ་ཏ་ལའི་མིག་ཆུ་འཁྱེར་ཏེ
སྤྲིན་ནག་གིས་ཕར་མཐར་འདེད་ཀྱིན་པའི་ལྷོ་ལ་བསྐྱོད་དགོས་ཡོད
ཐོག་མའི་རྨི་ལམ་ལ་བསྐྱོད་དགོས་ཡོད
ཟླ་བཅུ་གསུམ་པར
བདག་གིས་རང་ཉིད་ཀྱི་གྲིབ་མའི་ནང་ལ་གད་བརྡར་བྱས་ནས
ཁྲག་གི་སྦགས་པའི་ཐ་སྙད་དེ་ཚོ་མེ་ལ་བསྲེགས་ཏེ
དྭངས་གཙང་གི་གློ་བ་འདིའི་ཕུགས་ནས
ང་ཡི་ལྷ་བྱའི་ཚོགས་ཀྱི་ལམ་ཡིག་དང་རེ་སྨོན་གྱེར་དགོས་ཡོད
༣
ཟླ་བཅུ་གསུམ་པ
པོ་ལ་ཐྲི་*ཤི་ནས་ཡིན་རིང་འགོར་བའི་ཟླ་བཅུ་གསུམ་པ
ངའི་ནང་སེམས་ལ་ཁ་བ་བསྟུད་མར་བབས་ཏེ
གཤོག་པ་ཆག་རོ་དེའི་ངོས་ལ་རང་དབང་གི་དར་ཆ་བཙུགས་མྱོང་བའི་ལོ་ཟླ
ཟླ་བཅུ་གསུམ་པ
མི་ཡུལ་གྱི་སྐྱོ་གར་ལ་བྲི་བ་མི་འདུག
བདག་ནི་ཕུགས་བསམ་གྱི་ཀློང་ན
འཆར་ཡན་གྱིས་བསྐྲུན་པའི་རྒྱལ་ཁབ་དེའི་མངའ་བདག་མཛད་མཁས་པའི
མཐོ་སྒང་གི་པོ་ལ་ཐྲི་ཞིག་བྱེད་པར་མོས་ཀྱང
སྐབས་འདི་དག་ཏུ
དུས་ཚོད་ནི་བདག་ལ་བསླུ་བྲིད་བཟོ་མཁན་དུ་གྱུར་འདུག
ཟླ་བཅུ་གསུམ་པ
དེ་ནི་ངའི་རྨི་ལམ་དུ་གཏན་ནས་འཆི་མ་མྱོང་བའི་མེ་ཏོག་ཅིག་ཡིན
ཁ་དོག་མང་བའི་མེ་ཏོག་དེས
བདག་ལ་དགའ་སྐྱོ་གཉིས་སྡུག་གི་གཏམ་རྒྱུད་འཆད་ཀྱིན་འདུག
ཟླ་བཅུ་གསུམ་པ
ཁང་མིག་སྐྱ་བོའི་ནང་གི་ཡུགས་མོ་ལ་འཛུམ་མདངས་ཡོད་པའི་ལོ་ཟླ
ནེ་ཁྲེལྟ་བུའི་ཕོ་ཧྲང་དག་གཉེན་བསྒྲིགས་ཏེ
དཀོན་མཆོག་གི་ལྷ་ཁང་དུ་ཆགས་སྲེད་ཀྱི་རོལ་དབྱངས་གཏོང་བའི་ལོ་ཟླ
ཟླ་བཅུ་གསུམ་པ
རང་དབང་རིང་ལུགས་པ་དག་གི་རྣམ་ཤེས་ལ་ལྡེ་མིག་ཐོགས་ནས
མེ་ལྕེའི་ཚོགས་ལ་བསྒྲགས་གཏམ་སྤེལ་ཏེ
ནགས་ཚལ་གྱི་ལས་དབང་ལ་དཀར་འདོད་བྱེད་ཆོག་པའི་ལོ་ཟླ
འོད་སྣང་གིས་རབ་ཏུ་བཟི་ཆོག་པའི་ལོ་ཟླ
ཟླ་བཅུ་གསུམ་པ
མི་ཡུལ་གྱི་ཚིག་མཛོད་དུ་མ་ཤོང་བའི་དུས་ཚོད་ཀྱི་མཛེས་སྡུག
རྨི་ལམ་ཁོ་ནས་འགྲེལ་ཐུབ་པའི
འཇིག་རྟེན་གསར་བ་ཞིག་གི་མཆུ་སྒྲོས་དང་ལང་ཚོ
ཟླ་བཅུ་གསུམ་པ
རྨི་ལམ་དང་སྙན་ངག་འདྲེས་མར་བསྡེབས་པའི་དུས་ཀྱི་གཙང་ཆེན
རེ་ཆད་ཀྱི་མགོ་བོ་ཤིན་ཏུ་སྨད་དུས
རྟོག་འཆར་གྱི་རྟ་ཕོ་འདིས་ང་རང་རྒྱང་རིང་རྒྱང་རིང་ལ་འཁྲིད་ཀྱིན་འདུག
ཟླ་བཅུ་གསུམ་པ
དྭ་ཕྲུག་བྱེ་བའི་ཕུགས་བསམ་ཀྱིས་བཙུགས་པའི་རྒྱལ་ཁབ
སྙན་ངག་པ་གྲངས་མེད་ཀྱི་འཆར་ཡན་གྱིས་བཏེགས་པའི་འཇིག་རྟེན
ཟླ་བཅུ་གསུམ་པ ཁྱེད་ཉིད་རྟག་བརྟན་ཤོག
༢༠༡༩/༡/༢ཉིན་ཁེར་རྐྱང་གི་གླིང་ཕྲན་ཆུང་ཆུང་སའོ་པུའུ་ཐན་ནས་བྲིས་ཤིང་།
༨/༣༠ཉིན་ཕ་ཡུལ་གཉིས་པ་ཚའོ་སྡེ་བ་ནས་ཁ་གསབ་དང་བཟོ་བཅོས་ཏོག་ཙམ་བརྒྱབས།
No comments:
Post a Comment