ཞིས་མོའུ་རོང་གི་སྙན་ངག I འོས་སྦྱོར།


རྩོམ་པ་པོ། ཞིས་མོའུ་རོང་། སྒྱུར་བ་བོ་འཇང་འབྲུག 



འདུ་བྲལ་མིན་པའི་སྡུག་བསྔལ།

ཐུགས་འཕྲད་མེད་སོང་ན།

ཁ་ཁར་བུད་སོང་བ་མིན་ལ།

གནས་ཚུལ་མ་དྲིས་ན།

གཏན་ནས་བརྗེད་སོང་བ་ཡང་མིན།


དེ་ནི་ཁྱོད་ཀྱི་དྲན་གདུང་དེ།

ཟླ་འོད་ཇི་བཞིན།

བདག་གི་ལུས་སྲོག་ལ་འཐིམས་ཡོད་པས་ཡིན།


གྲང་རེག་ཆེ་བའི་མཚན་མོ་རེ་རེར།

དྲན་གདུང་གི་ཟླ་འོད་དེ།

བདག་སེམས་ཀྱི་ན་ས་དེར་ཟུག་འགྲོ།



ཁ་བྱང་མེད་པའི་སྙན་ངག


བརྩེ་བ་ནི།

མ་གཞི་ནས་ལྷན་འཛོམས་ཀྱི་ཆེད་དུ་ཡིན་ལ།

གཏན་བྲལ་མི་འགྲོ་བའི་དོན་དུའང་ཡིན།


གལ་སྲིད་བརྩེ་བ་ཞིག་ལ།

གཏན་ནས་གཏན་དུ་ཐུག་འཕྲད་མེད་ལ།

ནམ་ནས་ནམ་ཡང་བརྗོད་པར་མི་བཏུབ་ཞིང་།

དུས་དང་རྟག་དུ་དྲན་ཀྱང་མི་རུང་ན།

དེ་ནི་མེ་རུ་སྦར་མི་ཐུབ་པའི་མེ་སོན་བཞིན།

ཁེར་རྐྱང་དང་སྐྱོ་སྣང་གི་ངང་ནས།

མུན་པས་བཏུམས་པའི་ནམ་མཁའ་ལ་གྱེར་བ་ཙམ་མོ།



རི་མོའི་འགྲེམ་སྟོན།

                         

མཛེས་སྡུག་ཡོད་ཚད།

དུས་དང་གཏན་དུ།

སུ་ཞིག་གི་ཆེད་དུའང་སྡོད་མི་སྲིད་པ།

ངས་གདོད་ནས་ཤེས་ཡོད།


དེ་བས། ངས་རང་ཉིད་ཀྱི་བརྩེ་དུངས་དང་སྐྱོ་གདུང་དག

རྩིགས་ངོས་སུ་བཀལ་ཏེ།

འགྲེམ་སྟོན་དང་ཕྱིར་འཚོང་བྱས་པ་ཡིན།



མེ་ཏོག་བཞད་པའི་ལྗོན་པ།

                                

ཁྱེད་དང་འཕྲད་ཆེད།

ངས་ལང་ཚོ་ཡི་གཞོན་ཤ་རྒྱས་དུས་དེར།

སངས་རྒྱས་ཀྱི་སྐུ་མདུན་དུ།

ལོ་ངོ་ལྔ་བརྒྱར་སྐྱབས་འཇུག་ཞུས་པ་ཡིན།

ང་དང་ཁྱོད་ཀྱི། འཇིག་རྟེན་སྣང་བའི་ལས་འབྲེལ་གྱི་དོན་དུ་སྐྱབས་འཇུག་ཞུས་པ་ཡིན།

སྐྱབས་འཇུག་གི་མཐུ་ལས།

སངས་རྒྱས་ཀྱིས་ང་རང་ལྗོན་ཤིང་ཞིག་ཏུ་བསྒྱུར་ནས།

ཁྱེད་རང་འགྲོ་སའི་ལམ་ཁ་དེར་འགྲེང་དུ་བཅུག

ཉི་འོད་འོག་དུ་མེ་ཏོག་རྣམ་པར་བཞད་ཅིང་།

མེ་ཏོག་རེ་རེ་ནི་ངའི་ཚེ་སྔོན་གྱི་རེ་ལྟོས་རེ་རེ་ཡིན།

ཁྱེད་རང་ལྗོན་པ་དང་ཉེ་བར་བཅར་དུས།

ནན་གྱིས་ཉོན་དང་།

སྐྱུག་སྐྱུག་འདར་བའི་ལོ་མ་དེ་ནི།

ངའི་རེ་སྒུག་གི་འདང་བརྩེ་ཡིན།

ཡིན་ནའང་། ཁྱེད་རང་སྣང་དོགས་ཙམ་ཡང་མེད་པར་སོང་ཤུལ་དུ།

ས་ལ་ལྷབ་ལྷུབ་དུ་འཐོར་བ་ནི་མེ་ཏོག་གི་འདབ་མ་ག་ལ་ཡིན།

ཀྱི་ཧུད། བདག་གི་སྙིང་གྲོགས་ལགས།

དེ་ནི་ས་ལ་ཟགས་པའི་བདག་གི་སེམས་པ་ཡིན།



ཡབ་ཆེན་གྱི་རྩྭ་ཐང་ཡུམ་ཆེན་གྱི་གཙང་བོ།


ཡབ་ཆེན་གྱིས་རྩྭ་ཐང་གི་དྲི་བསུང་བརྗོད་མྱོངས་པ་དེ།

ཁོ་བོ་ས་མཐར་གནས་ཀྱང་ཕན་ཚུན་བརྗེད་མི་ནུས།

ཡུམ་ཆེན་ནམ་རྒྱུན་གཙང་བོའི་ཟིལ་རྔམ་འབྲི་བར་སྤྲོ།

ངའི་རྒྱང་རིང་གི་ཕ་ཡུལ་མོང་གོལ་མཐོ་སྒང་དུ་རྒྱུ་བའི་གཙང་བོ་འབྲི་བར་སྤྲོ།


དུས་དེ་རིང་ད་གཟོད་མཐའ་ཡས་པའི་ས་གཞི་འདིར་མཇལ་ཐུབ་པ་བྱུང་།

དྲི་ཞིམ་འཐུལ་བའི་རྩྭ་ཐང་སྟེང་འགྲེངས་ཚེ། ངའི་མིག་ཆུ་ཆར་བ་བཞིན་འབབ།

གཙང་བོའི་བཞུར་སྒྲས་ཕ་མེས་ཀྱི་བཀྲ་ཤིས་པའི་རེ་སྨོན་སྒྲོག་བཞིན།

ཡུལ་གྱར་བྱིས་པར་ཕ་ཡུལ་གྱི་ལམ་བུ་རྙེད་པའི་མགོན་སྐྱབས་བྱེད།


ཨ། ཡབ་ཆེན་གྱི་རྩྭ་ཐང་།

ཨ། ཡུམ་ཆེན་གྱི་གཙང་བོ།

ང་ལ་ཕ་སྐད་ཀྱི་ལམ་ནས་སྨྲ་བརྗོད་བྱེད་ནུས་མེད་ཀྱང་།

ངའི་སྐྱོ་ཡུས་དང་ངའི་དགའ་སྤྲོ་དང་ལེན་གནང་རོགས།

ངའང་མཐོ་སྒང་གི་བྱིས་པ་ཞིག་ཡིན་ལ།

སེམས་ཁོངས་ན་གླུ་གཞས་ཤིག་ཉར་ཡོད།

གླུ་གཞས་སུ། ངའི་ཡབ་ཆེན་གྱི་རྩྭ་ཐང་དང་། ངའི་ཡུམ་ཆེན་གྱི་གཙང་བོ་ཡོད།



རྩོམ་པ་པོ་ངོ་སྤྲོད་སྙིང་བསྡུས།


མིང་། ཞིས་མོའུ་རོང་། 

སྐྱེས་ལོ། (སྤྱི་ལོ་༡༩༤༣ ཟླ་༡༠ ཚེས་༡༥ ཉིན།)

རྟེན། མོ།

མི་རིགས། སོགས་རིགས།

རྒྱལ་ཁོངས། ཐའེ་ཝན།

དངོས་མིང་། མོའུ་ལུན་ཞི་ལེན་པོ།

ཕ་ཡུལ། ནང་སོག་ཁྲ་ཧར་པུའུ།

ཆེད་ལས། དེང་རབས་སྙན་ངག་དང་ལྷུག་རྩོམ། རི་བོ་བ་བཅས་ཡིན།



No comments:

Post a Comment

Adbox