བདག་མི་ཡུལ་དང་གཏན་དུ་བྲལ་རྗེས།
བདག་གིས་གཡུ་སྦྲང་གི་གཤོག་སྒྲ་ཐོས་ཡོང་།
ཁང་མིག་ནང་རོལ་གྱི་ལྷིང་འཇགས།
མཁའ་དབུགས་གསེབ་ཀྱི་ལྷིང་འཇགས་དང་འདྲ།
དག་ཞིང་གི་དྲག་ཆར་དབུས་སུ།
འཁོར་གྱི་མིག་ཟུང་དག
གཅུས་ཤིང་སྐམ་རྙིད་དུ་གྱུར་ཅིང་།
ཧལ་ཧལ་གྱི་དབུགས་དབྱུང་།
འདུས་ཤིང་སྲ་མཁྲེགས་སུ་གྱུར།
ཆེས་མཐའ་མཇུག་གི་བར་ཆད།
ཁང་མིག་ནང་རོལ་ཏུ།
བཙན་པོས་དཔང་བོ་བྱེད་ཅིང་།
བདག་གིས་ཕྱིར་འདང་གི་ཞལ་ཆེམས་བྲིས།
བདག་གི་སྐལ་བ་ཡོད་ཚད་སྩོལ་ཅིག
དེའི་རྗེས་སུ།
དེ་གར་གཡུ་སྦྲང་ཞིག་འཕུར་ཞིང་ལྡིང།
ཧ་ཅང་ཞི་དལ་ངང་།
གནས་ངེས་མེད་དུ། གཤོག་སྒྲ་མཆེད་ཡོང་།
བདག་དང་། འོད་སྣང་དབུས་སུ།
དེའི་རྗེས་སུ།
སྒེའུ་ཁུང་རུབ་སོང་།
དེའི་རྗེས་སུ།
བདག་གིས་མཐོང་བའམ་མ་མཐོང་བ།
རྩོམ་མཁན་གྱི་ལོ་རྒྱུས་སྙིང་བསྡུས།
ཨི་མེ་ལེ་ཌེ་ཁེན་སོན་(Emily Dickinson 1830 – 1886)ནི་ཨ་རིའི་སྔོན་བྱོན་སྙན་ངག་མཁན་གྲགས་ཅན་ཞིག་རེད། ཡུལ་དེའི་རང་མོས་སྙན་ངག་གི་ཤིང་རྟའི་སྲོལ་འབྱེད་པ་ཝེ་ཐི་མན་(Walt Whitman)དང་མཚུངས་བསྡུར་གྱིས། ཌེ་ཁེན་སོན་ཡང་དུས་རབས་༡༩ བར་ཨ་རིའི་གསར་རྩོམ་སྙན་ངག་གི་ཐད་ནས་མཛད་རྗེས་ཆེས་ཆེ་བའི་གྲས་སུ་ངོས་འཛིན།
མོ་ཨ་རིའི་འབྱོར་འབྲིང་གྲལ་རིམ་གྱི་ཕྱུག་བདག་ཅིག་གི་ཁྱིམ་སྐྱེས། ལོ་ན་ཆུང་དུས་ནད་གཅོང་དུ་གྱུར་ཅིང་། ཚེ་གང་བོར་གཉེན་སྒྲིག་མ་མྱོང་ནའང་། བུད་མེད་ཀྱི་འགན་དུ་དཀྲིས་པའི་ཁྱིམ་ལས་ཀྱི་དཀའ་སྡུག་དང་། ཁེར་རྐྱང་གི་གདུང་བ། དེ་འབྲེལ་གྱི་དགའ་སྐྱོ་ཟུང་གི་འཁོར་བ་ནི་མོའི་སྙན་ངག་གི་བརྗོད་སྙིང་གཙོ་བོར་གྲུབ་ཅིང་། དེ་ཡང་མོའི་སྙན་ངག་གི་སྨྱུག་ཁ་སྐོར་ས་གཙོ་བོ་བུད་མེད་ཀྱི་སེམས་གཅོང་དང་འཆི་འདས། བུད་མེད་ཀྱི་བརྩེ་གདུང་དང་རེ་འདུན་ཡིན་པར་སྨྲ།
མི་ཡུལ་དུ་འཚོ་བཞུགས་རིང་མོས་སྙན་ངག་བརྒྱ་རྩ་ལྷག་གསར་རྩོམ་གནང་མོད།
མང་ཤོས་ཕྱིས་སུ་གཅུང་མོས་རྩོམ་སྒྲིག་དང་དཔར་སྐྲུན་གནང་བ་དང་། དེའི་ཁྲོད་ཀྱི་སྙན་རྩོམ་མང་པོ་ཞིག་གཞས་ཚིག་ཏུ་བཅོས་ནས་ཨ་རི་དང་ཡུ་རོབ་གླིང་གི་རོལ་ཚོགས་དང་གླུ་བ་གླུ་མས་བླངས་འདུག
མོའི་སྙན་དེབ་གཙོ་བོ་<<ཨི་མེ་ལེ་ཌེ་ཁེན་སོན་གྱི་སྙན་ངག་གཅེས་བཏུས་>>( Selected Poems of Emily Dickinson)མང་པོ་འདུག
འབྲེལ་ཐག་འདི་བརྒྱུད་ནས་ཉི་ཡིག་ནང་ཀློག་ཐུབ།
No comments:
Post a Comment