ལྗོན་པ་དེ། ངའི་ལག་ཟུང་ནང་དུ་འཛུལ།
ཤིང་ཚི་དེ། ངའི་ལག་ཟུང་ནས་བཞུར།
ལྗོན་པ་དེ། ངའི་བྲང་ཁོག་ནས་སྐྱེས་ཏེ།
ཐུར་དུ་གུག
ལག་ཟུང་ནང་བཞིན།
ཡལ་ག་དག་ངའི་ཕུང་པོ་ནས་སྐྱེས་ཤིང་དཔྱངས།
ཁྱོད་ལྗོན་པ་རེད།
ཁྱོད་སྔོ་རྩྭ་རེད།
ཁྱོད་རླུང་ནང་གི་མུ་མེན་མེ་ཏོག་རེད།
ཁྱོད་བྱིས་པ་གཟུགས་རིང་ཞིག་རེད།
ཡོད་ཚད་འཇིག་རྟེན་གྱི་གླེན་རྟགས་ཁོ་ན་རེད།
རྒྱབ་ལྗོངས་སྙིང་བསྡུས།
སྙན་ངག་པ་ཕོན་ཌིའི་<བུ་མོ་ཞིག་>ཅེས་པའི་སྙན་རྩོམ་འདི་ནི་གནའ་བོའི་ལྷ་སྒྲུང་ཁྲོད་ཀྱི་མི་སྣ་གཉིས་གཞིར་བཟུང་ནས་བྲིས་ཡོད་ལ།
གཏམ་རྒྱུད་མི་སྣ་དང་པོ་ནི་གནའ་བོ་གྷི་རེ་སིའི་ལྷ་སྒྲུང་ཁྲོད་ཀྱི་ཉི་མའི་ལྷ་ཆེན་ཨ་ཕོ་ལོ་(Apollo) དང་། མི་སྣ་གཉིས་པ་ནི་ཆུ་ལྷ་ཌ་ཧྥན་(Daphne)རེད། གྷི་རེ་སིའི་ལྷ་སྒྲུང་དུ། བརྩེ་བའི་ལྷ་ཆེན་ཨི་རོ་སི་(Eros)ཡིས་རང་ཉིད་ཀྱི་མདའ་དང་གཞུ་གཉིས་སྡུག་པའི་ལས་སུ་གཟིགས་ཏེ། དྲག་ཏུ་ཁྲོས་པའི་ངང་མདའ་མོ་གཉིས་འཕྲོ་རིམ་འཕྲོར་འཕངས་པ་ལ།
གཅིག་ལྷ་ཆེན་ཨ་ཕོ་ལོ་དང་གཅིག་ནི་ཆུ་ལྷ་ཌ་ཧྥན་ལ་ཕོག་པའི་ལྷ་སྒྲུང་ལ་གཞིར་བཅོལ་ཏེ། སྙན་ངག་པས་ལྷ་ཆེན་ཨི་རོ་སི་ཡི་བརྩེ་དུང་གི་མདའ་མོས་ཉི་ལྷ་ཨ་ཕོ་ལོ་ནི་ལྷ་མོ་ཌ་ཧྥན་ལ་བརྩེ་བ་ཆགས་སུ་བཅུག་པ་དང་།
སྡང་ཟུག་གི་མདའ་མོས་ལྷོ་མོ་ཌ་ཧྥན་ནི་ལྷ་ཆེན་ཨ་ཕོ་ལོ་ལ་ཞེན་པ་གཏིང་ནས་ལོག་ཏུ་བཅུག་པའི་གཏམ་རྒྱུད་བཤད་ཡོད།
སྙན་ངག་པས་ཚིག་རྐང་དང་པོའི་ནང་གི་གཏམ་རྒྱུད་མི་སྣ་ནི་བྱིས་པ་བསམ་མེད་ཅིག་ཡིན་པ་དང་མོ་རི་སྐྱེས་ལྗོན་ཤིང་གི་གཟུགས་སུ་འགྱུར་ཅིང་འཚོ་ལ།
ཚིག་རྐང་གཉིས་པའི་ནང་གི་གཏམ་རྒྱུད་མི་སྣ་ནི་གཞོན་ནུ་བསམ་ཤེས་ཤིག་ཡིན་པ་དང་། ཁོས་བུ་མོ་དེ་རྟོག་བཏགས་ཀྱི་འཇིག་རྟེན་དུ་བྱོལ་བ་ཚོར་ཞིང་།
བུ་མོ་དེ་ལ་འཇིག་རྟེན་གྱིས་མོ་རང་ལྗོན་ཤིང་གི་གཟུགས་སུ་འགྱུར་ཅིང་འཚོ་བ་ནི་ / གླེན་རྟགས་
/ འབའ་ཞིག་ཏུ་བསྙད་དེ། ཁོ་མོས་རང་ཉིད་ནི་ཅིས་ཀྱང་འཇིག་རྟེན་གྱི་མི་གཙང་དྲི་མས་ནོགས་མི་རུང་བའི་དྲན་སྐུལ་གྱི་རྣམ་པར་འབྲི་བཞེང་བྱས་ཡོད།
མཇུག་ཏུ་ / ཁྱོད་བྱིས་པ་གཟུགས་རིང་ཞིག་རེད
/ ཡོད་ཚད་འཇིག་རྟེན་གྱི་གླེན་རྟགས་ཁོ་ན་རེད / ཅེས་པའི་ཚིག་རྐྱང་འདི་གཉིས་ཀྱི་ནང་དུ།
ཆུ་ལྷ་ཌ་ཧྤན་ལྗོན་ཤིང་གི་གཟུགས་སུ་གྱུར་ཅིང་ལྷ་ཆེན་ཨ་ཕོ་ལོའི་བརྩེ་དུང་ལ་ཞེན་པ་གཏིང་ནས་ལོག་པའི་གོ་རིམ་ཁྲོད་ཀྱི་ལྷ་ཆེན་ཨ་ཕོ་ལོ་ཡི་ཡིད་གདུང་དང་བརྩེ་གདུང་གི་སྣང་བརྙན་བརྗོད་ཡོད།
གཞན་དུ་ན། སྙམ་རྩོམ་འདིས་ད་དུང་ཀློག་པ་པོར་སོ་སོའི་རྣམ་དཔྱོད་ཀྱི་རྩལ་ལ་བརྟེན་ནས་གཏམ་རྒྱུད་ཀྱི་བརྗོད་པ་དང་འགྱུ་བག་གི་རང་བཞིན་དང་ཐུན་མིན་གྱི་རྩོམ་ཐབས་བཅས་ལ་རོལ་ཞིང་མྱོང་བའི་བར་སྟོང་ཆེན་པོ་ཞིག་ཞར་ལ་ཕྱེ་འདུག་སྙམ།
ལར་གཏམ་རྒྱུད་འདི་ལ་དུས་སྐབས་དེའི་བཞེད་ཕྱོགས་སྣ་ཚོགས་མཆིས་ཁར།
ལྷ་སྒྲུང་རིག་པའི་ཤུགས་རྐྱེན་ཟབ་མོ་ཐེབས་མོད། འོན་ཀྱང་སྙན་ངག་པ་ཕོན་ཌིས་ཡིད་བརྙན་གྱི་ལམ་ནས་གཏམ་རྒྱུད་དེའི་བརྗོད་སྙིང་གསལ་རྗེན་དུ་བཏོན་པར་སྨྲའོ།།
No comments:
Post a Comment