『ན་བུན་གྱིས་སྒྱུར།』
ཚེ་རོགས་འཚོལ་བ།
སྔོན་ཆད། སྐྱེས་པ་ཞིག་གཉེན་མ་སྒྲིག་པར་ཚེ་གང་བོར་ཁེར་ཧྲེང་གི་འཚོ་བ་རོལ། ལོ་དགུ་བཅུར་བུད་ནས་ཚེ་མཇུག་དང་ཐག་ཉེ་པོ་ཡོད་ཁར།
སྡེ་མི་ཞིག་གིས་བགྲེས་པོར། “ཁྱོད་ཚེ་གང་བོར་ཕོ་ཧྲེང་དུ་ལུས་ཀྱང་། ད་དུང་གཉེན་མ་སྡེབ་པའི་རྒྱུ་མཚན་བཤད་མ་སོང་།
ད་ནི་ཚེ་མཇུག་ཏུ་སླེབས་པས། གལ་ཏེ་ཁྱོད་ཀྱི་གསང་བ་བཤད་ནའང་། དེས་ཁྱེད་ལ་བར་ཆད་གཏང་མི་སྲིད།”
ཅེས་དྲིས།བགྲེས་པོས། “རེད་རེད། དེ་གསང་བ་ཡིན། སྤྱིར་ང་རང་གཉེན་སྒྲིག་ལ་སྡང་བ་མིན་མོད། ངས་རང་ལ་འཚམ་པའི་ཆུང་མ་བཟང་མོ་ཞིག་བཙལ་ཡིན། བཙལ་གྱིན་བཙལ་གྱིན་་་། མི་ཚེ་རྫོགས་སོང་།”
སྡེ་མིས། “གནམ་འོག་ཆེན་པོ་འདིར། མི་འབོར་ས་ཡ་མང་པོ་ཡོད་ཅིང་། དེའི་ཕྱེད་ཀ་བུད་མེད་རེད། འོན་ཀྱང་ཁྱེད་ཀྱིས་འདོད་པའི་ཆུང་མ་ཞིག་ཁྱོན་ནས་མེད་སོང་བ་རེད་དམ།”
བགྲེས་པོ་ངུ་ཞོར། “དེ་ག་རང་རེད། གཅིག་རྙེད་སོང་།”
སྡེ་མི་ཅུང་ཡ་མཚར་ནས། “དེས་ན་ཅིས་ཉེས་པ་རེད། མོར་གཉེན་མི་སྒྲིག་དོན་ཅི་ཡིན།”
བགྲེས་པོས། “མོས་ཀྱང་རང་ཉིད་ལ་འཚམ་པའི་ཁྱོ་ག་བཟང་པོ་ཞིག་འཚོལ་བཞིན་འདུག་པས།”
ཆུང་མས་ར་བཟི་བའི་ཁྱོ་གར་མོལ་བ།
ཐེངས་ཤིག ཁྱོ་ག་ར་བཟི་ནས་ཡུལ་ལ་ལོག་ཡོང་། སྒོ་འགྲམ་ནས་གོག་མ་ནུར་གྱིས་རྫ་བུམ་ཁ་ཤས་བཅག དེ་ནས་བསྐྱུགས་བསྐྱུགས་རྗེས། ཁང་མཐིལ་ནས་ཁ་རྦབ་ཏུ་འགྱེལ་སོང་།
ཆུང་མ་འོང་ནས། ཁོ་ཡར་མལ་སར་དྲུད་ཅིང་སྐྱུག་རོ་ཉ་ར་བྱས།
ཕྱི་ཉིན་ཞོགས་པར་ཁྱོ་བོ་གཉིད་སད་རྗེས། གཞི་ནས་མདང་དགོང་གི་དོན་དག་དྲན། མདང་ནུབ་ར་བཟི་ནས་ཡུལ་ལ་ཡོང་བས། ད་ནི་ཆུང་མ་སྤྲོ་ལང་ཡོད་པ་གདོན་མི་ཟ་སྙམ།
དེ་ནས་ཆུང་མས་བཟའ་འཁོན་མི་བྱེད་པར་གསོལ་བ་ཡང་བཏབ། ཉལ་ཁང་གི་སྒོར་བུད་ནས་ཆུང་མ་གར་འདུག་ཅི་བྱེད་ལ་སྐེ་སོ་བྱས།
འགྲུལ་ཁང་ནང་ཡོང་དུས། དེ་གར་ཡི་གེ་ཞིག་བཞག་འདུག “སྙིང་ཉེ། དེ་རིང་ངས་ཁྱོད་རང་དགའ་བའི་ཞོགས་ཟས་ཞིམ་པོ་ཞིག་བཟོས་ནས། ཟས་ཅོག་སྟེང་དུ་བཞག་ཡོད། ང་སྔ་སེ་ཟས་རིགས་ཚོང་ཁང་ལ་བུད་སོང་། ཉོ་ཆ་འཚག་རྗེས་ལ་མོར་ལོག་ཡོང་། བརྩེ་བའི་བཟའ་ཟླ། ང་ནམ་ཡང་ཁྱོད་ལ་དགའ།”
ཡི་གེ་བཀླགས་ཚར་བ་དང་། ཁྱོ་ག་ཅུང་ཡ་མཚན་སྐྱེས་མོད། ཁོས་དོན་དག་ཅི་ཡིན་གསལ་བོ་ཞིག་མ་ཤེས།
ཆུང་མ་ཕྱིར་སླེབས་པ་དང་། ཁོས། “མདང་དགོང་དོན་དག་ཅི་བྱུང་སོང་།” ཞེས་དྲིས།
ཆུང་མ་དགོད་ཞོར། “མདང་ནུབ་ཁྱོད་བཟི་ནས་ཤི་མིན་རོ་མིན་དུ་གྱུར་འདུག ངས་ཁྱོད་ཉལ་སར་དྲུད་ནས་སྐྱུག་རོ་གཙང་སྦྲ་བྱས། དེ་ནས་ཁྱོད་ཀྱི་ལྷམ་དང་གོན་པ་འཕུད་རྩིས་བྱས་པ་དང་། ཁྱོས་ལྡབ་ལྡིབ་ངང་ཨ་རོགས་བྱི་མོ། ང་ལ་མ་ཐུག ང་ལ་ཆུང་མ་ཡོད།” ཟེར།
No comments:
Post a Comment