དམངས་གཙོའི་འཕེལ་འགྲིབ་ལ་དཔྱད་པ།

 ན་བུན་གྱིས་སྒྱུར།


སྙིང་ཉེ། ཐེངས་སྔོན་མའི་འཕྲིན་ཡིག་ནང་ངས་ཁྱོད་ལ་དུས་རབས་༡༩ བའི་ཚན་རིག་འཕེལ་རྒྱས་ལ་འཁྱུག་ཙམ་དཔྱད་པའི་ལྟ་ཚུལ་འགའ་བཤད་ཡོད། ད་ལན་ངེད་གཉིས་ཀྱིས་དུས་རབས་༡༩ བའི་གནས་བབ་གཞན་ཞིག་སྟེ། དམངས་གཙོའི་བསམ་བློ་འཕེལ་འགྲིབ་ལ་དཔྱོད་པར་བྱའོ། །ཐེངས་སྔོན་མར་ངས་ཁྱོད་ལ་དུས་རབས་༡༨ པའི་ཧྥ་རན་སིའི་(France)བསམ་བློའི་འཐབ་རྩོད་དེ་ཧྤ་རན་སིའི་བློ་འབྱེད་དུས་རབས་(Age of Enlightenment)སྐོར་བཤད་ཟིན་པ་ཁྱོད་ཀྱིས་དྲན་ངེས། དུས་སྐབས་དེའི་རླབས་ཆེ་བའི་བསམ་བློ་བ་དང་རྩོམ་པ་པོ་ཝོལ་ཐཱེར་(Voltaire)གཙོ་བར་བྱས་པའི་ཧྥ་རན་སིའི་བློ་འབྱེད་བསམ་བློ་བ་ཚོས་ཆོས་ལུགས་རྙིང་ཞེན་གྱི་འདུ་ཤེས་དང་ཆོས་ལུགས་སྤྱི་ཚོགས་ཀྱི་དབང་སྒྱུར་ལ་རྒོལ་གཏམ་བཏང་ནས། རྟུལ་ཕོད་ཆེན་པོས་བློ་འབྱེད་ཀྱི་ལྟ་བ་༼མིའི་བསམ་བློ་བཅིངས་འགྲོལ།༽ཐོག་མར་བཏོན་ཞིང། དུས་སྐབས་དེའི་ཧྥ་རན་སིར་མཚོན་ན། ཆབ་སྲིད་ཀྱི་བསམ་བློར་ཁྱབ་ཆེའི་བཀག་རྒྱ་ཐེབས་པ་རེད།

འཇར་མན་(Germany)རྒྱལ་ནང་དུ་མཚན་ཉིད་རིག་པ་མཁན་མང་པོ་བྱོན་ཞིང་། ཁོ་ཚོ་ཚང་མ་མཚན་ཉིད་རིག་པའི་དཀའ་གནད་མདུད་འགྲོལ་ལ་མོས་པ་ཆེན་པོ་ལྡན། དབྱིན་ཡུལ་(England)དུ་ཚོང་ལས་གོང་འཕེལ་བྱུང་བ་དང་ཆབས་ཅིག ཡུལ་དུས་ཀྱི་དབང་གིས་མ་གཏོགས་རྒྱ་ཆེའི་མི་མང་བློ་འབྱེད་བསམ་བློར་བྲོད་པ་མེད་ཅིང་། དུས་རབས་༡༨ པའི་དུས་དཀྱིལ་དུ་མི་ཀློག་ཐབས་མེད་ཀྱི་བརྩམས་ཤིག་སྐྱེ་རྒུ་ཡོངས་ཀྱི་འདྲེན་བྱེད་ཡུལ་དུ་ཐོན་པ་རེད། དེ་ནི་མཚན་ཉིད་རིག་པ་དང་དཔལ་འབྱོར་རིག་པ་མཁན་ཨ་ཌམ་སི་མེ་ཐི་(Adam Smith)ཡིས་མཛད་པའི་<<རྒྱལ་ཁབ་ཀྱི་སྟོབས་འབྱོར་>>(
Wealth of Nations)ཞེས་པ་དེ་རེད། བརྩམས་ཆོས་དེ་ནི་ཆབ་སྲིད་མཚན་ཉིད་རིག་པའི་སྐོར་མ་ཡིན་པར། ཆབ་སྲིད་དཔལ་འབྱོར་རམ་ཡང་ན་དཔལ་འབྱོར་རིག་པའི་སྐོར་གྱི་དཔེ་དེབ་ཅིག་རེད། དུས་སྐབས་དེའི་བརྗོད་གཞི་གཞན་དག་དང་འདྲ་བར། བརྩམས་ཆོས་དེའི་བརྗོད་བྱ་གཙོ་བོ་ལྷ་ཆོས་རིག་གནས་དང་མི་ཆོས་རིག་གནས་ཟུང་འབྲེལ་བྱས་པས། ཁ་གསལ་གོ་བདེ་ཞིག་ཁྱོན་ནས་མིན་ཁར་ཧ་ཅང་སྣེ་མང་རྙོག་འཛིང་ཆེན་པོ་ཞིག་རེད།


ཨ་ཌམ་སི་མེ་ཐི་(Adam Smith)ཡིས་ཚན་རིག་གི་ཐབས་ལ་བརྟེན་ནས་མི་ཆོས་རིག་པའི་སྣེ་མང་རྙིང་འཛིང་གི་ཆ་ལ་སུན་འབྱིན་བྱས་ཤིང་། དཔལ་འབྱོར་རིག་པར་དབང་བསྒྱུར་བའི་རང་བྱུང་གི་ཆོས་ཉིད་༼རང་བྱུང་གི་ཆོས་ཉིད་ཀྱིས་མིའི་རིགས་ཀྱི་རྒྱུ་འབྱོར་ལ་དབང་བསྒྱུར་བར་འདོད་པའི་ལྟ་བ།༽ལ་དཔྱོད་དཔག་གནང་འདུག

ཕལ་ཆེར་ཁྱོད་ཀྱིས་ཀྱང་ཤེས་གསལ་ལྟར། སྤྱིར་དཔལ་འབྱོར་རིག་པར་བརྟེན་ནས་མི་རིགས་དང་རྒྱལ་ཁབ་སྤྱིའི་འགྲོ་གྲོན་དང་ཡོང་འབབ། རྒྱལ་ཁབ་དང་མི་རིགས་ཀྱི་ཐོན་སྐྱེད་དང་འཛད་སྤྱོད། ད་དུང་རྒྱལ་ཁབ་དང་མི་རིགས་ཕན་ཚུན་དབར་གྱི་འབྲེལ་ལམ་འཛིན་སྐྱོང་སོགས་སྙོམ་སྒྲིག་བྱེད་ཀྱི་ཡོད་པ་རེད། ཡིན་ནའང་ཨ་ཌམ་སི་མེ་ཐི་(Adam Smith)ཡིས། སྣེ་མང་རྙོག་འཛིང་ཆེ་བའི་འགྲེལ་བརྗོད་དེ་དག་༼མི་ཆོས་རིག་པ།༽ནི་རང་བྱུང་གི་ཆོས་ཉིད་ལ་བརྟེན་ནས་བྱུང་བར་༼ཁོང་གི་བརྩམས་ཆོས་ཀྱི་ནང་དུ་ཡང་དེ་ལྟར་འཁོད་ཡོད།༽འདོད། དེར་མ་ཟད། ཁོང་གིས་ད་དུང་བཟོ་ལས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་རང་དབང་ཆ་ཚང་སྤྲོད་དགོས་པར་སྙམ། དེ་ལྟར་བྱས་པ་ཡིན་ན་ད་གཟོད་རང་བྱུང་ཆོས་ཉིད་ཀྱིས་དཔལ་འབྱོར་རིག་པར་བཀག་རྒྱ་ཐེབས་མི་སྲིད་པར་འདོད།

ངས་ཁྱོད་ལ་ཐེངས་སྔོན་མའི་འཕྲིན་ཡིག་ནང་བཤད་ཟིན་པ་ལྟར། ལྟ་ཚུལ་དེ་ནི་གཞུང་འབྲེལ་མིན་པའི་བཟོ་ལས་དཔལ་འབྱོར་འདུ་འགོད་ཀྱི་ལྟ་བ་ནས་འགོ་ཚུགས་པ་ཞིག་རེད། ཨ་ཌམ་སི་མེ་ཐི་(Adam Smith)ཡི་གསུང་རྩོམ་དེ་ནི་དུས་སྐབས་དེར་ཧྥ་རན་སིར་རྩ་བ་རྒྱས་ཤིང་རྩེ་མོ་འབུས་པའི་གྲོས་ཚོགས་དམངས་གཙོའི་ལམ་ལུགས་གསར་བ་དང་འབྲེལ་བ་ཅི་ཡང་མི་འདུག་མོད། འོན་ཀྱང་ཁོང་གིས་ཚན་རིག་གི་ཐབས་ལ་བརྟེན་ནས་དཀའ་གནད་༼མི་རིགས་དང་རྒྱལ་ཁབ་ལ་ཤན་ཤུགས་ཚབས་ཆེན་ཐེབས་ཡོད།༽མདུད་འགྲོལ་ལ་བརྩོན་པ་དེས། འབངས་མི་སེར་ཚང་མ་གདོད་མའི་ལྷ་ཆོས་རིག་གནས་ལས་རྒྱང་དུ་བཀྱེད་དེ། དེང་རབས་མི་ཆོས་རིག་གནས་ལ་ཁ་ཕྱོགས་དགོས་པར་བསྟན་འདུག

ཨ་ཌམ་སི་མེ་ཐི་(Adam Smith)ཡིས། དཔལ་འབྱོར་རིག་པའི་འཕེལ་རིམ་ལོ་རྒྱུས་ལ་དཔྱད་དེ། དུས་རབས་༡༩ བའི་དབྱིན་ཇིའི་དཔལ་འབྱོར་རིག་པ་བ་ཚོར་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད།

གསར་དར་དཔལ་འབྱོར་རིག་པས། ཆེད་ལས་མཁན་ཅན་དང་ཤེས་ལྡན་མི་སྣའི་བསམ་བློར་བཀག་རྒྱ་ཐེབས་ཤིང་། གྲོས་ཚོགས་དམངས་གཙོའི་ལམ་ལུགས་གསར་བ་དར་འཕེལ་བྱུང་བ་དང་དུས་མཚུངས་སུ། ཨ་རི་(America)དང་ཧྥ་རན་སིའི་(French)གསར་བརྗེ་ཆེན་མོ་ཡིས། གསར་དར་དཔལ་འབྱོར་རིག་པ་དང་གྲོས་ཚོགས་དམངས་གཙོའི་ལམ་ལུགས་ལ་དགའ་མོས་དང་དྲིལ་སྒྲོག་གི་ནུས་པ་གལ་ཆེན་ཐོན་པ་རེད།

དུས་སྐབས་དེར་ཨ་རིའི་རང་བཙན་བསྒྲགས་གཏམ་(
American Declaration of Independence) དང་ཧྥ་རན་སིའི་འགྲོ་བ་མིའི་ཐོབ་ཐང་གི་བསྒྲགས་གཏམ་(French Declaration of Rights)གྱིས་མི་མང་ལ་སྐུལ་སློང་ཤུགས་ཆེན་བྱས་ཏེ། གཉའ་གནོན་དང་བཤུ་གཞོག་འོག་གི་མི་སེར་ས་ཡ་མང་པོར་ནང་སེམས་བསམ་བློ་བཅིངས་འགྲོལ་གྱི་བརྡ་ལན་སྤྲིངས་ནས། ཁོང་ཚོར་དགའ་མགུས་སྤུ་ལོང་གཡོ་བའི་ཡིད་འགུལ་ཐེབས་སུ་བཅུག  

བསྒྲགས་གཏམ་དེ་གཉིས་ཀྱི་ནང་དུ་འགྲོ་བ་མིའི་རིགས་ཚང་མས་བདེ་སྐྱིད་ཀྱི་འཚོ་བ་ལོངས་སུ་སྤྱོད་པའི་རང་དབང་དང་འདྲ་མཉམ་གྱི་ཐོབ་ཐང་ལྷན་སྐྱེས་སུ་བདོག་པར་བསྟན་ཞིང་། དོན་དངོས་སུ་མི་སེར་རྣམས་ཀྱིས་བློ་སྤོབས་སྐྱེ་འོས་པའི་བསྒྲགས་གཏམ་དེ་གཉིས་ནང་གསལ་གྱི་ཐོབ་ཐང་ཁག་ལོངས་སུ་སྤྱོད་ཐུབ་མེད་ལ། ཐ་ན་བསྒྲགས་གཏམ་དེ་གཉིས་སྤེལ་ནས་དུས་རབས་གཅིག་དང་ཕྱེད་ཀ་ཙམ་ཕྱིན་པའི་དེང་གི་དུས་འདིར་ད་དུང་ཡང་མི་སེར་རེ་འགས་ཐོབ་ཐང་དེ་དག་ལོངས་སུ་སྤྱོད་ཐུབ་ཡོད་སྲིད་ཅིང་། དེ་ལས་ལྡོག་སྟེ་བསྒྲགས་གཏམ་དེ་གཉིས་ཀྱི་རྩ་འཛིན་ཁག་ནི་ཆེས་བླ་ན་མེད་པ་དང་མིའི་ཚེ་སྲོག་གི་གསོན་ཤུགས་དང་ནམ་ཡང་ཁ་འབྲལ་ཐབས་མེད་པ་ཆགས་ཡོད།

འཛམ་གླིང་ཡུལ་གྲུ་གཞན་དག་ནང་བཞིན་ཡུ་རོབ་གླིང་གི་ལྟ་གྲུབ་རྙིང་པ་ཁག་དང་། ཆོས་ལུགས་གྲུབ་མཐའ་གཞན་དག་ནང་བཞིན་ཡི་ཤུ་ཆོས་ལུགས་ནི་དེ་ལྟར་སྡིག་ཉེས་ཡི་མུག་པ་ཞིག་ཡིན་འདུག དེ་ནི་འགྲོ་བ་མིའི་རིགས་ཐུན་མོང་ནས་བཟློག་ཏུ་མེད་པ་ཞིག་རེད། ལྟོས་ཚོད་ཀྱིས་ཆོས་ལུགས་གྲུབ་མཐའ་ཁག་གིས་འཛམ་གླིང་སྒང་འདིའི་མེད་མུག་དང་དབུལ་ཕོངས་མ་ལུས་བསྒྲལ་ནས་མིའི་རིགས་ལ་རྟག་བརྟན་གྱི་འཚོ་གནས་སྐྲུན་གྱི་ཡོད་པ་འདྲ་ཡང་། དོན་དངོས་སུ་ཆོས་ལུགས་ཀྱི་ཁ་དན་དང་སྦྱིན་པ་ཡོད་ཚད་འཇིག་རྟེན་གཞན་འབའ་ཞིག་གི་ཆེད་དུ་ཡིན་པ་དང་། འཇིག་རྟེན་འདིར་ཆོས་ལུགས་ཀྱིས་ང་ཚོར་འཚོ་གནས་འཕོ་འགྱུར་གྱི་ཐབས་ཤེས་མི་འཚོལ་བར་སོ་སོའི་ལས་སྐལ་ལ་ཅིས་ཀྱང་བཟོད་བསྲན་བྱེད་དགོས་ལུགས་གདམས།

ཆོས་ཚོགས་ཀྱི་དགེ་རྩས་དབུལ་ཕོངས་མི་མང་ལ་སྤྱིན་པ་ཕྲན་བུ་བཏང་ནས་འཚོ་བར་སྐུལ་འདེད་བཏང་ཡང་། དབུལ་ཕོངས་ཉམ་ཐག་གི་གནས་སྟངས་ཡར་རྒྱས་གཏོང་བའི་བསམ་བློ་མེད་ཁར། སྐབས་དེའི་ཆོས་ལུགས་སྤྱི་ཚོགས་ཀྱི་སྒྲིག་འཛུགས་ནི་མི་མང་དབུལ་ཕོངས་ཉམ་ཐག་ཆགས་པའི་ཉེར་ལེན་དུ་གྱུར་འདུག དེར་མ་ཟད། དུས་སྐབས་དེའི་རང་དབང་འདྲ་མཉམ་གྱི་བསམ་བློ་དང་ཆོས་ལུགས་སྤྱི་ཚོགས་ཀྱི་སྲིད་དབང་སྒེར་གཅོད་རིང་ལུགས་གཉིས་ནི་འགལ་བ་ལྟག་སྤྲོད་ཆགས་ཡོད་པ་རེད།

ལར་སྲིད་དབང་དམངས་གཙོ་ཡིན་པ་ཙམ་གྱིས་སོ་སྐྱེ་ཡོད་རྒུ་རང་དབང་དང་འདྲ་མཉམ་ཡིན་ཞེས་བརྗོད་མེད་ལ་བརྗོད་ཀྱང་སྲིད་པ་མ་རེད། རྒྱུ་མཚན། མི་ཡན་གར་བ་ཕན་ཚུན་རང་དབང་འདྲ་མཉམ་མིན་པ་ནི་ཧ་ཅང་མངོན་གསལ་རེད་ལ། དེ་ཡང་མིའི་ལུས་ཤུགས་མི་འདྲ་བའི་རྐྱེན་གྱིས་མི་གཅིག་ལས་གཅིག་བཙན་ལ། མིའི་ཀླད་ནུས་མི་འདྲ་བའི་དབང་གིས་མི་གཅིག་ལས་གཅིག་གྲུང་ཞིང་། མིའི་ཀུན་སྤྱོད་མི་འདྲི་བར་བརྟེན་ནས་མི་གཅིག་ལས་གཅིག་ལ་སྒེར་སེམས་ཆེ་བ་སྨོས་མེད་རེད།

སོ་སྐྱེ་ཕན་ཚུན་འདྲ་མཉམ་མིན་པའི་རྒྱུ་རྐྱེན་མང་པོ་ཞིག་སློབ་གསོ་དང་སྐྱེད་སྲིང་མི་འདྲ་བའི་དབང་གིས་བྱུང་བར་གདོན་མི་ཟ་སྙམ། དཔེ་བཞག་ན། ལྷན་སྐྱེས་ཀྱི་འཇོན་ནུས་འདྲ་མཚུངས་ཡིན་པའི་བུ་བུ་མོ་གཉིས་ཀྱི་གཅིག་ལ་སློབ་གསོ་གང་ལེགས་སྤྲད་ཅིང་གཅིག་ལ་སློབ་གསོ་མ་སྤྲད་པ་ཡིན་ན། ལོ་ངོ་ཁ་ཤས་རྗེས་སུ་ཁོང་གཉིས་ཀྱི་དབར་ལ་ཁྱད་པར་ཆེན་པོ་འཆོར་སྲིད་པ་དང་། ཡང་ན་ཁོང་གཉིས་ཀྱི་གཅིག་བཅུད་ལྡན་ཟས་ཀྱི་གསོ་སྐྱོང་བྱས་ཤིང་གཅིག་ཤས་ནི་སྐྱ་ཟད་སྔོ་སྡུག་གི་འཚོ་བ་ངན་ངོན་རོལ་བཅུག་ན། སྔ་མ་དེ་བདེ་ཐང་གིས་འཚར་ལོངས་འབྱུང་ཞིང་ཕྱི་མ་དེ་སྐྱེས་སྟོབས་ཞན་ཁར་ནུས་མེད་ནད་པ་ལྟ་བུ་ཆགས་ངེས་རེད། དེ་འདྲ་ཡིན་སྟབས་གང་ཟག་ཅིག་གི་བྱིས་དུས་ཀྱི་གསོ་སྐྱོང་དང་ཁོར་ཡུག སློབ་གསོ་དང་སྦྱོང་བརྡར་བཅས་ཀྱིས་གང་ཟག་དེ་གང་ཟག་གཞན་དག་ལས་ཁྱད་དུ་འཕགས་པར་སྐྱེད་སྲིང་བྱེད་ཀྱི་ཡོད་པ་རེད། གལ་ཏེ་ང་ཚོས་མི་ཚང་མར་སྦྱོར་བརྡར་དང་གོ་སྐབས་འདྲ་མཉམ་སྤྲད་པ་ཡིན་ན། དེང་སྐབས་སྐྱེ་བོ་ཕན་ཚུན་འདྲ་མཉམ་མིན་པའི་དཀའ་ཁག་ཇེ་ཉུང་དུ་ཕྱིན་ཡོད་ཀྱང་སྲིད།

དེ་ལྟ་ནའང་དུས་ཡུན་རིང་བོར་གྲོས་ཚོགས་དམངས་གཙོའི་ལམ་ལུགས་ནི་བློ་འཚབ་སྐྱེ་གཞི་ཆགས་པ་དེས། དོན་དངོས་སུ་འགྲོ་བ་མི་ཚང་མ་ཕན་ཚུན་འདྲ་མཉམ་མིན་པའི་གནད་དོན་ཁས་འཆེས་པར་མ་ཟད། ད་དུང་མི་སེར་ཚང་མར་སྤྱི་ཚོགས་ཀྱི་ཆེས་མཐོང་དང་ཆབ་སྲིད་ཀྱི་ཐོབ་ཐང་འདྲ་མཉམ་དུ་ལག་བསྟར་བྱེད་དགོས་པར་གདམས། 

གལ་ཏེ་ང་ཚོས་དམངས་གཙོའི་ལྟ་བ་༼ལམ་ལུགས།༽ཆ་ཚང་ཁས་ལེན་ན་ནི། ང་ཚོ་ཅིས་ཀྱང་གསར་བརྗེའི་ལས་འགུལ་ལ་འཇུག་དགོས་པར་འདོད། ང་ཚོ་གསར་བརྗེའི་ལས་འགུལ་ལ་གཞོལ་འདོད་མེད་ཀྱང་། གོང་ཞུས་གྲོས་ཚོགས་དམངས་གཙོའི་ལྟ་བར་༼ལམ་ལུགས།༽གཞིག་ན། མི་སེར་རེ་རེར་གཞུང་འཛིན་གྲོས་ཚོགས་ཀྱི་འཐུས་མི་འདེམ་པའི་འོས་བསྡུའི་ཐོབ་ཐང་ཅིས་ཀྱང་ཡོད་དགོས་པ་བསྟན་ལ། འོས་བསྡུ་ནི་སྲིད་དབང་མཚོན་བྱེད་ཅིག་ཡིན་པ་དང་། མཚོན་བྱེད་དེས་གལ་ཏེ་མི་སེར་ཚང་མར་འོས་བསྡུའི་ཐོབ་ཐང་ཡོད་པ་ཡིན་ན། སྲིད་ཀྱི་དབང་ཆ་ཡང་མི་སེར་ཚང་མར་འདྲ་མཉམ་དུ་ཐོབ་པར་ངོས་འཛིན་བྱེད་པ་རེད།

དེ་འདྲ་ཡིན་པས་དུས་རབས་༡༩ བའི་ནང་བྱུང་བའི་གྲོས་ཚོགས་དམངས་གཙོའི་ལམ་ལུགས་ཀྱི་གལ་ཆེའི་རྩ་འཛིན་གཅིག་ནི་རྒྱ་ཆེའི་མང་ཚོགས་ཀྱི་འོས་བསྡུའི་ཐོབ་ཐང་དང་དབང་ཆ་རེད། འོས་བསྡུའི་ཐོབ་ཐང་ངམ་ཡང་ན་མི་དར་མའི་འོས་བསྡུའི་ཐོབ་ཐང་ཟེར་བ་དེ་ནི་མི་རྒན་པ་དང་དར་མ་ཚང་མར་འོས་འདེམ་གྱི་ཐོབ་ཐང་ཡོད་པར་གོ་དགོས། དུས་ཡུན་རིང་བོར་བུད་མེད་ལ་འོས་བསྡུའི་ཐོབ་ཐང་མ་སྤྲད་པར་བརྟེན་ནས། རིང་བོ་མ་ཐོགས་པར་དབྱིན་ཡུལ་གཙོས་འཛམ་གླིང་རྒྱལ་ཁབ་ཁག་གི་བུད་མེད་རྣམས་ཀྱིས་འོས་བསྡུའི་ཐོབ་ཐང་རྩོད་ལེན་གྱི་འོས་ལངས་བྱུང་བ་རེད།

དེང་སྐབས་འཛམ་གླིང་གི་སྔོན་ཐོན་རྒྱལ་ཁབ་མང་ཤོས་ནང་ཕོ་མོ་དབྱེར་མེད་ཐོག་དར་མའི་འོས་བསྡུའི་ཐོབ་ཐང་ཡོད་པ་རེད། ཡིན་ནའང་ཧ་ལས་པ་ཞིག་དང་། དམིགས་བསལ་དོ་སྣང་བྱེད་དགོས་པ་ཞིག་ནི། མི་མང་བྱིངས་ལ་འོས་འདེམ་གྱི་ཐོབ་ཐང་རག་པ་དང་། ཁོ་ཚོས་རང་ཉིད་ལ་འོས་འདེམ་གྱི་ཐོབ་ཐང་རག་པ་ཙམ་གྱིས་ཁྱད་པར་ཅི་ཡང་མི་འདུག་སྙམ། དེའི་རྒྱུ་མཚན་ཡང་། སོ་སོའི་རྒྱལ་ཁབ་ཀྱི་ནང་དུ་ཁོ་ཚོར་འོས་བསྡུའི་ཐོབ་ཐང་ཡོད་ཀྱང་དབང་ཆ་མེད་པའམ་ཡོད་ཀྱང་མིང་ཙམ་ལས་མེད་པ་རེད། དོན་དངོས་སུ་དབང་ཤེད་ཅན་ཚོས་བཀྲེས་ལྟོགས་མྱོང་བཞིན་པའི་མི་སེར་བེད་སྤྱད་ནས་ཁོ་རང་ཚོའི་ཆབ་སྲིད་ཀྱི་ཁེ་དབང་གཉེར་གྱི་ཡོད་པས། མང་ཚོགས་ལ་འོས་བསྡུའི་ཐོབ་ཐང་གི་མིང་ཙམ་སྤྲད་པ་དེས། མི་མང་གི་བཀྲེས་ལྟོགས་སེལ་བར་ཕན་ཐོག་ཅི་ཡང་མེད་པ་རེད། 
དེའི་རྐྱེན་གྱིས་སྲིད་ཀྱི་དབང་ཆ་ནི་དོན་སྙིང་ཅི་ཡང་མེད་ཁར་དཔལ་འབྱོར་གྱི་དབང་ཆ་མེད་པ། དེ་སྔོན་གྱི་དམངས་གཙོའི་ལམ་ལུགས་༼འོས་བསྡུའི་ཐོབ་ཐང་ལ་བརྟེན་ནས་ད་གཟོད་སྲིད་དབང་འདྲ་མཉམ་ཡོང་གི་ཡོད།༽ཀྱི་ཕུགས་བསམ་ཡང་མཐའ་མཇུག་རེ་སྟོང་འབྲས་མེད་ཆགས་པ་རེད། ཕྱིས་སུ་གནས་སྟངས་དེ་ཡར་རྒྱས་ཕྲན་བུ་ཕྱིན་ཏེ། དུས་རབས་༡༨ པའི་མཇུག་དང་དུས་རབས་༡༩ བའི་སྟོད་ལ་གྲོས་ཚོགས་དམངས་གཙོ་སྨྲ་བའི་སྙིང་སྟོབས་རྒྱས་ཤིང་། སྤྱིར་གྲོས་ཚོགས་དམངས་གཙོའི་ལམ་ལུགས་ཁྲོད་དུ་མི་སེར་འདྲ་མཉམ་དང་རང་དབང་ཡིན་པ་དང་། རྒྱལ་ཁབ་གཞུང་ནི་མང་ཚོགས་ཀྱི་བདེ་སྐྱིད་ཀྱི་ཆེད་དུ་ལས་སུ་འཇུག་དགོས་པ་རེད། 

དུས་རབས་༡༨ པའི་ནང་སྲིད་དབང་སྒེར་གཅོད་པ་གོང་མ་རྒྱལ་པོ་དང་སྲིད་གཞུང་གིས་དབང་ཆ་ལོག་སྤྱོད་བྱས་པར་བརྟེན་ནས། འབངས་མི་སེར་གྱིས་དེ་ལ་མི་འདོད་པའི་རྣམ་འགྱུར་ཤུགས་ཆེར་བསྟན་ཏེ། དེ་སྔོན་སྲིད་དབང་སྒེར་གཅོད་པའི་བསྒྲགས་གཏམ་ནང་གསལ་མི་སྒེར་གྱི་ཐོབ་ཐང་ཁག་དངོས་སུ་ལག་ལེན་བསྟར་དགོས་པའི་གསལ་བསྒྲགས་སྤེལ་དགོས་བྱུང་བ་རེད། སྣང་ཚུལ་དེ་ལ་གཞིག་ན། ཕྱོགས་གཞན་ཞིག་ནས་ཨ་རི་དང་ཧྥ་རན་སིའི་བསྒྲགས་གཏམ་གཉིས་ཀྱི་ནང་དུ་ཡང་ནོར་འཁྲུལ་ཕྲན་བུ་ཤོར་ཡོད་ཤེས་ཆེ།

མི་རིགས་སྣ་ཚོགས་ཀྱིས་གྲུབ་པའི་སྤྱི་ཚོགས་ཤིག་གི་ནང་དུ་མི་སྒེར་རེ་རེར་ལོགས་སུ་རང་དབང་ཆ་ཚང་ཞིག་སྤྲོད་རྒྱུ་ནི་དཀའ་ཁག་ཅིག་ཡིན་པས། སྤྱི་ཚོགས་དང་མི་སྒེར་གྱི་མངོན་འདོད་ལ་རྡུང་རྡེག་ཐེབས་སྲིད་མོད། གཅིག་བྱས་ན་གྲོས་ཚོགས་དམངས་གཙོའི་ལམ་ལུགས་ནང་ད་གཟོད་མི་སྒེར་རང་དབང་དང་འདྲ་མཉམ་ཡོང་ངེས་རེད།

དུས་རབས་༡༨ པའི་ནང་ཨ་རི་དང་ཧྥ་རན་སིའི་བསྒྲགས་གཏམ་གྱིས། ཆབ་སྲིད་བསམ་བློའི་ཐད་ནས་ད་དུང་རྗེས་ལུས་ཡིན་པའི་དབྱིན་ཡུལ་(England)ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཤིང་། ཤུགས་རྐྱེན་གྱི་སྣང་ཚུལ་གཅིག་ནི་སྐབས་དེའི་སྤྱི་ཚོགས་གསར་བརྗེ་དང་གྲོས་ཚོགས་དམངས་གཙོའི་བསམ་བློ་༼ལམ་ལུགས།༽གསར་བར་འགོག་རྒོལ་མ་ཐུབ་པའི་འཇིགས་སྣང་ཞིག་རེད། སྐབས་དེར་དབང་སྒྱུར་གྲལ་རིམ་ཁག་སྔར་ལས་ལྷག་པར་རྙིང་ཞེན་དང་ལོག་སྤྱོད་ཅན་དུ་གྱུར་རུང་། ཤེས་ཡོན་པའི་གྲལ་རིམ་ཁྲོད་དུ་སྤྱི་ཚོགས་གསར་བརྗེ་དང་གྲོས་ཚོགས་དམངས་གཙོའི་བསམ་བློ་༼ལམ་ལུགས།༽གསར་བ་འཕེལ་བཞིན་ཡོད་འདུག

ཐཱོ་མ་སི་ཕེན་(Thomas Paine)ནི་དུས་སྐབས་དེའི་དབྱིན་ཇིའི་ཆབ་སྲིད་མཚན་ཉིད་རིག་པ་བ་གྲགས་ཅན་ཞིག་རེད། རང་བཙན་རྩོད་ལེན་གྱི་དུས་ཟིང་སྐབས་སུ་ཁོང་ཨ་རིར་ཡོད་པ་དང་། ཁོང་གིས་ཨ་རི་ལ་རོགས་རམ་བྱས་ཤིང་། ཨ་རིའི་རྒྱལ་མང་ལ་རང་བཙན་གཙང་མའི་ལྟ་ཚུལ་འདོན་མཁན་གྲས་ཀྱི་གཅིག་ཡིན་པར་སྣང་།

ཕྱིར་དབྱིན་ཡུལ་དུ་ལོག་རྗེས། ཁོང་གིས་<<འགྲོ་བ་མིའི་ཐོབ་ཐང་>>(The rights of man)ཞེས་པའི་དཔེ་དེབ་ཅིག་བརྩམས་པ་དང་། དེ་ནི་ཁོང་གིས་གསར་དུ་འགོ་ཚུགས་པའི་ཧྥ་རན་སིའི་གསར་བརྗེ་ཆེན་མོར་སྲུང་སྐྱོབ་གནང་ཐབས་ཤིག་རེད། དཔེ་དེབ་དེའི་ནང་དུ་ཐཱོ་མ་སི་ཕེན་གྱིས་གོང་མའི་སྲིད་དབང་སྒེར་གཅོད་ལ་སུན་འབྱིན་དང་གྲོས་ཚོགས་དམངས་གཙོའི་ལམ་ལུགས་ལ་སྐུལ་སློང་བྱས་པ་རེད། དེའི་རྐྱེན་གྱིས་དབྱིན་གཞུང་གིས་ཁོང་ལ་ཉེས་འཛུགས་བྱས་པས། ཁོང་ཧྥ་རན་སིར་བྱོལ་དགོས་བྱུང་བ་དང་། རིང་བོ་མ་ལོན་པར་གྲོང་ཁྱེར་ཕ་རི་སི་(Paris)ནང་ཁོང་ཧྥ་རན་སིའི་གསར་བརྗེའི་གཞུང་ཐོག་མ་རྒྱལ་ཡོངས་ལྷན་ཚོགས་ཀྱི་ཁོངས་མིར་གྱུར་བ་རེད།

ཡིན་ནའང་ཕྱི་ལོ་༡༧༩༣ ལོར་ཁོས་ཁྲི་རབས་བཅུ་དྲུག་པ་གོང་མ་ལཱོ་སེ་(Louis XVI)ལ་རྒྱལ་འགལ་བྱས་རྐྱེན། རྗ་ཁོ་བྷན་(Jacobins)སྲིད་དོན་ཚོགས་པས་ཁོང་བཙོན་དུ་བཅུག་པ་དང་། གྲོང་ཁྱེར་ཕ་རི་སིའི་བཙོན་ཁང་དུ་ཁོང་གིས་༼གཏན་ཚིགས་ཀྱི་དུས་རབས་༽(
Age of Reason)ཞེས་པ་བརྩམས་ཤིང་། དེའི་ནང་དུ་ཁོང་གིས་ཆོས་ལུགས་ཀྱི་ཉེས་འཛུགས་ལ་སུན་འབྱིན་མཛད་ཡོད། ཁོང་དབྱིན་ཇིའི་ཁྲིམས་ཁང་དུ་ངོ་བཅར་མ་ཐུབ་པའི་རྐྱེན་གྱིས། ཁོང་གི་དཔེ་དེབ་དཔར་འགྲེམ་བྱེད་མཁན་ཚོ་ཡང་དུས་བཀག་བཙོན་འཇུག་ཐེབས་པ་དང་། ཁྲིམས་རྩོད་པ་རཱོ་བྷི་སི་ཕེ་ཨར་(Robespierre)གྲོངས་རྗེས། ཐཱོ་མ་སི་ཕེན་གཞི་ནས་གློད་གྲོལ་ཐོབ་པ་རེད། 

དུས་སྐབས་དེའི་ཆོས་ལུགས་ནི་དབུལ་ཕོངས་མི་མང་མུ་མཐུད་དབུལ་བོ་ཉམ་ཐག་ཏུ་བསྒྱུར་ཐབས་ལ་མེད་རུང་བ་ལྟ་བུ་ཆགས་ཡོད་པས། གོང་མའི་སྲིད་གཞུང་གིས་ཐཱོ་མ་སི་ཕེན་(Thomas Paine)གྱི་བརྩམས་ཆོས་དེ་ནི་སྤྱི་ཚོགས་ཀྱི་འཇིགས་ཉེན་ཞིག་ཏུ་མཐོང་བ་རེད། དེར་རྟེན་སྐུ་ཞབས་ཕེན་གྱི་བརྩམས་ཆོས་དཔར་འགྲེམ་བྱེད་མཁན་ཚོ་༼ཁོ་ཚོའི་གྲས་སུ་བུད་མེད་ཀྱང་ཡོད།༽དུས་བཙོན་བཀག་ཉར་བྱས་པ་རེད། དབྱིན་ཇིའི་སྙན་ངག་མཁན་གྲགས་ཅན་ཞའེ་ལའེ་(Shelley)ཡིས་ཁྲིམས་རྩོད་པར་སྤྲིངས་པའི་གཏུམ་རྒོལ་ཞུ་གཏུག་གི་ནང་དུ་གོང་ཞུས་གནས་ཚུལ་དེའི་སྐོར་བྲིས་པ་ཧ་ཅང་ཀློག་སྤྲོ་བ་ཞིག་རེད།

ཡུ་རོབ་གླིང་ལ་མཚོན་ནས་བཤད་ན། ཧྥ་རན་སིའི་གསར་བརྗེ་ཆེན་མོ་ནི་དུས་རབས་༡༩ བའི་སྟོད་ལ་དར་འཕེལ་བྱུང་བའི་དམངས་གཙོའི་བསམ་བློའི་རྨང་གཞི་ཚུགས་ཤིང་། ཡུལ་དུས་ཀྱི་གནས་བབ་ལ་འགྱུར་ལྡོག་ཅི་འདྲ་བྱུང་རུང་། ཁྱབ་ཆེ་བའི་གསར་བརྗེའི་བསམ་བློ་ཟམ་མ་ཆད་པར་འཕེལ་བཞིན་ཡོད་པ་རེད།


དམངས་གཙོའི་བསམ་བློ་ནི་ཤེས་ཡོན་པའི་གྲལ་རིམ་གྱིས་སྲིད་དབང་སྒེར་གཅོད་དང་བཙན་རྒྱལ་ལམ་ལུགས་ལ་འགོག་རྒོལ་གྱི་རྣམ་འགྱུར་བསྟན་པ་ཞིག་རེད་ལ། དེ་ཡང་བཟོ་ལས་གསར་བརྗེའི་གནས་བབ་གཞིར་བཟུང་བ་ཞིག་རེད། ཡིན་ནའང་དེང་གི་འཕྲུལ་རིག་དང་རླངས་ཤུགས་ལ་བརྟེན་པའི་བཟོ་ལས་ཐོན་སྐྱེད་གསར་བས། དེ་སྔོན་གྱི་བཟོ་ལས་གསར་བརྗེ་མགོ་རྟིང་བསླགས་པ་རེད། དེར་མ་ཟད། དུས་རབས་༡༩ བའི་སྟོད་ཀྱི་རྨང་བཅོས་རིང་ལུགས་དང་དམངས་གཙོ་རིང་ལུགས་པ་ཚོས་བཅོས་བསྒྱུར་དེ་དག་སྣང་མེད་ལ་བཞག་སྟེ། ཧྥ་རན་སིའི་གསར་བརྗེ་དང་འགྲོ་བ་མིའི་ཐོབ་ཐང་གི་བསྒྲགས་གཏམ་གླེང་སློང་བྱུང་བ་ནི་ངོ་མ་བློ་ཡིད་ལས་འདས་པ་ཞིག་རེད།

རྨང་བཅོས་རིང་ལུགས་དང་དམངས་གཙོ་རིང་ལུགས་པར་མཚོན་ན། བཅོས་བསྒྱུར་དེ་དག་ནི་གནད་འགག་འཁྲུལ་མེད་ཅིག་ཡིན་རུང་། དེས་དགེ་སེམས་དང་བཟང་སྤྱོད། དམངས་གཙོའི་ཆབ་སྲིད་ཀྱི་མངོན་འདོད་ཐད་ལ་ནུས་པ་ཅི་ཡང་མི་ཐོན་པར་འདོད་ཅིང་། ཆེས་གནད་འགག་གི་བཅོས་བསྒྱུར་དེ་དག་ཅིས་ཀྱང་སྣང་མེད་ལ་འཇོག་ཐབས་མེད་པ་ཞིག་རེད། མང་ཚོགས་ཀྱི་ངོས་ནས་བཤད་ན། སྔོན་གྱི་བསམ་བློ་རྙིང་བ་དོར་ནས་གསར་བ་ཞིག་དང་དུ་ལེན་རྒྱུ་ནི་ཧ་ཅང་གི་དཀའ་ཁག་ཆེན་པོ་ཞིག་ཡིན་ཞིང་། གནད་དོན་དེ་ནི་ཅིས་ཀྱང་རྟོགས་འདོད་པ་ཞིག་ཀྱང་རེད།

མང་ཚོགས་ཀྱིས་སོ་སོའི་བློ་མིག་གི་སྒོ་མོ་གཏན་ཏེ་བསམ་བློ་གསར་བ་རྟོགས་མི་འདོད་ཅིང་། བསམ་བློ་རྙིང་པས་ཁོང་ཚོའི་སྲོག་ལ་གཙེས་ཀྱང་། ཁོང་ཚོས་མུ་མཐུད་བསམ་བློ་རྙིང་པ་རྩོད་ལེན་བྱ་ངེས། མདོར་ན་ཁོང་ཚོས་བསམ་བློ་རྙིད་པའི་ཆེད་དུ་ཅི་ཡང་སྒྲུབ་ཕོད། འོན་ཀྱང་མཐའ་མཇུག་ཁོང་ཚོས་དུས་སྐབས་དེའི་བསམ་བློ་གསར་བ་དང་ལེན་དང་གནས་བབ་གསར་བར་བསྟུན་དགོས་བྱུང་ཡོད།

རྙིང་ཞེན་རིང་ལུགས་ཀྱི་སྟོབས་ཤུགས་ནི་ངོ་མ་ཡ་མཚན་ཞིག་རེད། ཐ་ན་རང་ཉིད་སྔོན་ཐོན་ཅན་དུ་ལྟ་བའི་རྨང་བཅོས་རིང་ལུགས་པ་ཚོས་ནམ་རྒྱུན་རྙིང་ཞེན་པར་རྡུང་རྡེག་དང་བསམ་བློར་སུན་འབྱིན་གཏོང་གི་ཡོད་ནའང་། བཅོས་བསྒྱུར་གྱི་གནས་བབ་ལ་མིག་གིས་མི་ལྟ་བ་རེད། མིའི་བསམ་བློ་ཡར་རྒྱས་ཀྱི་འགྲོས་ཤིན་ཏུ་དལ་བ་ནི་ཧ་ལས་དགོས་པ་ཞིག་མ་རེད། ནམ་ཞར་ཡུལ་དུས་ཀྱི་གནས་བབ་དང་མི་མང་གི་བསམ་བློ་གཉིས་ཀྱི་དབར་ཧེ་བག་ཆེན་པོ་འཆོར་གྱི་ཡོད་པ་དང་། དེ་ནི་སྐབས་དེའི་གསར་བརྗེའི་གནས་སྟངས་ལས་བྱུང་བ་ཞིག་རེད། དེར་རྟེན་མི་ལོ་བཅུ་ཕྲག་མང་པོའི་རིང་ལ་གྲོས་ཚོགས་དམངས་གཙོའི་ལམ་ལུགས་ལ་བརྟེན་ནས་ཧྥ་རན་སིའི་གསར་བརྗེའི་བསམ་བློ་རྒྱུན་འཁྱོངས་བྱུང་བ་རེད། ཡུལ་དུས་ཀྱི་གནས་བབ་གསར་བར་བསྟུན་ཤེས་མ་བྱས་པའི་ཕམ་ཉེས་དེས། ཉམས་རྒུད་ཐེབས་བཞིན་པའི་དམངས་གཙོའི་དུས་རབས་༡༩ བ་མཇུག་བསྡུས་ཤིང་། དུས་རབས་༢༠ བའི་ནང་མི་མང་གིས་དམངས་གཙོའི་ལམ་ལུགས་དོར་བ་རེད། དཔེ་བཞག་ན། དེང་སྐབས་རང་རྒྱལ་རྒྱ་གར་ནང་བསམ་བློ་སྔོན་ཐོན་ཅན་གྱི་སྲིད་དོན་པ་ཚོས་ཧྥ་རན་སིའི་འགྲོ་བ་མིའི་ཐོབ་ཐང་དང་གསར་བརྗེའི་གནས་སྟངས་གླེང་སློང་བྱས་ཤིང་། སྐབས་དེ་ཤེད་ནས་ཁོང་ཚོ་དམངས་གཙོའི་ལམ་ལུགས་ལ་ཡི་མི་རངས་པར་གྱུར་བ་ལྟ་བུ་རེད།

སྔོན་ཆད་ཀྱི་དམངས་གཙོ་རིང་ལུགས་པ་ཚོས་རྗེས་དཔག་རིང་ལུགས་(rationalism)ཀྱི་ལྟ་བ་ཟུང་འཛིན་གྱིས་སྨྲ་བརྗོད་རང་དབང་དང་བསམ་བློའི་རང་དབང་གི་མངོན་འདོད་བསྟན་ཞིང་། ཁོང་ཚོས་ལྷར་བཅས་རིང་ལུགས་(
theology)དང་ཆོས་ལུགས་གྲུབ་མཐའ་(dogmatic religion)ཁས་མི་ལེན་པ་རེད། དེ་འདྲ་ཡིན་པའི་རྒྱུ་མཚན་གྱིས་ཆོས་ལུགས་གྲུབ་མཐའ་དང་ལྷར་བཅས་རིང་ལུགས་ཀྱི་ལྟ་བ་ཉམས་དམས་སུ་གཏོང་ཆེད། ཁོང་ཚོས་ཚན་རིག་དང་དམངས་གཙོའི་ལྟ་བ་ཟུང་འབྲེལ་བྱས་ཤིང་། མི་མང་གིས་དམ་པའི་གསུང་རབ་(Bible)ལ་དོགས་སློང་བྱེད་འགོ་བརྩམས། རྗེས་དཔག་རིང་ལུགས་པ་ཚོས་དམ་པའི་གསུང་རབ་ནི་ཆེས་སྤྱིར་བཏང་གི་དཔེ་དེབ་དཀྱུས་མ་ཞིག་ཡིན་པ་དང་། སོ་སོའི་མིག་བློ་མིག་གི་དཔྱོད་ཤེས་ལ་མ་བརྟེན་པར་དམ་པའི་གསུང་རབ་ནི་ཆེས་བླ་ན་མེད་པ་ཞིག་ཡིན་པར་ཁས་མི་ལེན་པ་རེད།

རྗེས་དཔག་རིང་ལུགས་པ་ཚོས་དམ་པའི་གསུང་རབ་ལ་དགག་སྒྲུབ་བྱས་པ་དེ་ལ་ “ཚད་ལས་བརྒལ་བའི་སུན་འབྱིན་” ཞེས་བཞེད་ཅིང་། སུན་འབྱིན་གྱི་མཐའ་སྡོམ་ནི་འདི་ལྟ་སྟེ། དམ་པའི་གསུང་རབ་ནི་དུས་རབས་རིམ་བྱུང་གི་མཁས་པ་དག་གི་ཡིག་ཚང་ཁག་ཕྱོགས་བསྡུས་བྱས་པ་ཞིག་ཡིན་པར་ཁས་བླངས་པ་མ་ཟད། སྟོན་པ་ཡི་ཤུ་ལ་ཡི་ཤུ་ཆོས་ལུགས་ཀྱི་ཤིང་རྟའི་སྲོལ་འབྱེད་པའི་དམིགས་འདུན་གང་ཡང་མེད་པའི་ལྟ་ཚུལ་བཏོན་པ་དང་། ལྟ་ཚུལ་དེས་རྙིང་ཞེན་ཆེ་བའི་དད་ལྡན་མི་མང་གི་ཡིད་སེམས་ལ་སྐྱོམ་འགུལ་ཆེན་པོ་བསླངས། དེ་ལྟར་ཚན་རིག་དང་དམངས་གཙོའི་ལྟ་བ་ཟུང་འབྲེལ་གྱིས་ཆོས་ལུགས་གྲུབ་མཐའ་ཁག་གི་རྩ་བ་ཉམས་རྒུད་བཟོས་པ་དང་། གནའ་བོའི་ཆོས་ལུགས་རྙིང་པའི་ཚབ་ཏུ་མཚན་ཉིད་རིག་པ་དར་སྤེལ་བཏང་བ་རེད། ཧྥ་རན་སིའི་མཚན་ཉིད་རིག་པ་བ་ཀོམ་ཊི་(
Auguste Comte 1798 - 1857)ཡང་དུས་སྐབས་དེའི་མཚན་ཉིད་རིག་པ་དར་སྤེལ་གཏོང་མཁན་གྲས་ཀྱི་གཅིག་རེད།

ཀོམ་ཊིའི་བསམ་པར། ཆོས་ལུགས་གྲུབ་མཐའ་དང་ལྷར་བཅས་རིང་ལུགས་ཀྱི་ལྟ་བ་རྙིང་པ་ཁག་གི་དབང་སྒྱུར་ཀྱི་དུས་རབས་ཡོལ་ཟིན་པར་འདོད། འོན་ཀྱང་ཁོ་རང་ཉིད་ལ་མཚོན་ནའང་། དེ་སྔོན་ཆོས་ལུགས་རིག་གནས་ནི་སྤྱི་ཚོགས་ཀྱི་གལ་ཆེའི་དགོས་མཁོ་ཞིག་ཡིན་པར་ཡིད་ཆེས་མཁན་ཞིག་རེད། དེར་རྟེན་ཁོང་གིས་ “མིའི་རིགས་ཀྱི་ཆོས་ལུགས་”(religion of humanity)ཀྱི་ལྟ་བ་བཏོན་པ་དང་། དེ་ལ་ “དངོས་དོན་སྨྲ་བའི་རིང་ལུགས་”(Positivism)ཞེས་འབོད་ཅིང་། ལྟ་བ་དེ་ནི་ཚན་རིག་ལ་བརྟེན་ནས་མིའི་བྱམས་བརྩེ་དང་། ཡར་རྒྱས། སྒྲིག་ཁྲིམས་བཅས་གཞིར་འཛིན་པ་ཞིག་ཡིན་པ་མ་གཏོགས། དེ་ནི་འཇིག་རྟེན་ལས་འདས་པའི་(supernatural)ལྟ་བ་ཞིག་མ་རེད། དོན་དངོས་སུ་ཁོང་གི་ལྟ་བ་དེ་ནི་དུས་རབས་༡༩ བའི་བསམ་བློ་གཞིར་བཟུང་སྟེ། འགྲོ་བ་མིའི་བསམ་བློ་འཕེལ་རྒྱས་གཏོང་བའི་ལྟ་ཚུལ་ཞིག་རེད། ཀོམ་ཊིའི་ཆོས་ལུགས་ལྟ་གྲུབ་༼མིའི་རིགས་ཀྱི་ཆོས་ལུགས།༽ལ་དད་མཁན་ནི་ཤེས་ཡོན་ཅན་འགའ་ཞིག་ལས་མེད་ཀྱང་། ཁོང་གི་ལྟ་གྲུབ་རྒྱུན་འཛིན་པས་ཡུ་རོབ་མི་མང་གི་བསམ་བློར་ཤུགས་རྐྱེན་ཆེན་པོ་ཐེབས་པ་རེད། གཅིག་བྱས་ན་ཀོམ་ཊིའི་ལྟ་བ་ནི་འགྲོ་བ་མིའི་སྤྱི་ཚོགས་རིག་གཞུང་དང་འབྲེལ་བའི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ལས་འགོ་བརྩམས་པར་བཤད་སྲོལ་ཡང་ཡོད་སྲིད།

སྐུ་ཞབས་མེལ་(J. S. Mill 1806 - 1873)ནི་ཀོམ་ཊིའི་དུས་མཉམ་གྱི་དབྱིན་ཇིའི་མཚན་ཉིད་རིག་པ་བ་དང་དཔལ་འབྱོར་རིག་པ་ཞིག་ཡིན་ཞིང་། ཁོང་ལ་ཀོམ་ཊིའི་འཆད་ཁྲིད་དང་ལྷག་པར་དུ་ཀོམ་ཊིའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློས་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། ཁོང་གིས་དབྱིན་ཇིའི་ཆབ་སྲིད་དཔལ་འབྱོར་རིག་པའི་སློབ་གླིང་གི་ཁ་ཕྱོགས་གསར་བར་འཁྲིད་པའི་སྟ་གོན་བྱས་ཤིང་། དུས་སྐབས་དེའི་དབྱིན་ཇིའི་ཆབ་སྲིད་དཔལ་འབྱོར་རིག་པ་ནི་ཨ་ཌམ་སི་མེ་ཐི་(Adam Smith)ཡི་འཆད་ཁྲིད་ལས་དར་འཕེལ་བྱུང་སྟེ། དཔལ་འབྱོར་རིག་པའི་ནང་དུ་སྤྱི་ཚོགས་རིང་ལུགས་ཀྱི་རྩ་འཛིན་མང་པོ་དྲངས་ཡོད།

སྐུ་ཞབས་མེལ་(Mill)ནི་མཁོ་བེད་རྩ་འཛིན་པ་གཙོ་བོ་ཞིག་ཡིན་པས་ཁོང་གི་མཚན་སྙན་གནམ་འོག་ཏུ་ཁྱབ་ཅིང་། མཁོ་བེད་རྩ་འཛིན་རིང་ལུགས་(Utilitarianism)ནི་དབྱིན་ཡུལ་ནང་དར་ཡུན་ཅུང་སྔ་བའི་རིང་ལུགས་གསར་བ་ཞིག་རེད། སྐུ་ཞབས་མེལ་(Mill)གྱིས་མཁོ་བེད་རྩ་འཛིན་རིང་ལུགས་ཐད་ནས་མཛད་རྗེས་ཆེན་པོ་བཞག་ཡོད། རིང་ལུགས་དེའི་བརྡ་དོན་ལ་དཔྱད་ན། དེ་སྒྲུབ་བྱེད་ཀྱི་མཚན་ཉིད་རིག་པ་ནི་ཧ་ཅང་ཕན་ཡོན་ཆེ་ཞིང་བཀོལ་སྤྱོད་ལྡན་པ་ཞིག་རེད། མང་མོས་ཀྱི་བདེ་སྐྱིད་ཆེན་པོ་༼ཡང་ན་དགའ་བ་ཆེས་མང་ཤོས་དེ་ཆེས་དགའ་བའི་དངོས་པོ་ཡིན་ཞེས་ཀྱང་བཞེད།༽ཞེས་པ་དེ་མཁོ་བེད་རྩ་འཛིན་རིང་ལུགས་ཀྱི་རྩ་འཛིན་ལྟ་བུ་ཡིན་པ་དང་། དེ་ནི་གང་དྲང་བདེན་དང་གང་ནོར་འཁྲུལ་ཡིན་མིན་ལ་དཔྱོད་ཐབས་ཤིག་རེད།

ལྟ་བ་དེས་མིའི་བྱ་སྤྱོད་ཡོད་ཚད་བདེ་སྐྱིད་མཐོར་འདེགས་ལ་གཞོལ་བས་དྲང་བདེན་དང་། བདེ་སྡུག་གོ་ལྡོག་ཏུ་ཕྱིན་པས་ནོར་འཁྲུལ་དུ་སྨྲ་བ་རེད། མཁོ་བེད་རྩ་འཛིན་རིང་ལུགས་ཀྱིས། མང་མོས་ཀྱི་བདེ་སྐྱིད་ཆེན་པོ་མཐོར་འདེགས་གཏོང་ཐབས་ཀྱི་ལྟ་ཚུལ་གཞིར་བཟུང་ནས་སྲིད་གཞུང་དང་སྤྱི་ཚོགས་ལ་སྒྲིག་འཛུགས་བྱེད་དགོས་པར་འདོད། ལྟ་ཚུལ་འདི་ནི་སྔོན་ཆད་ཀྱི་དམངས་གཙོ་རིང་ལུགས་ཀྱི་སྐྱེ་བོ་ཚང་མ་འདྲ་མཉམ་གྱི་ལྟ་ཚུལ་འཛིན་སྲོལ་དང་གཅིག་པ་མ་རེད། གཅིག་བྱས་ན། མང་མོས་ཀྱི་བདེ་སྐྱིད་ཆེན་པོ་ཞེས་པ་དེ་ནི། དོན་དངོས་སུ་དཀའ་སྡུག་མྱོང་མཁན་མི་ཉུང་ཤོས་ཀྱི་ཆེད་དུ་སྲོག་བསྡོས་ཀྱིས་གཞོལ་པའི་རིང་ལུགས་ཤིག་ཡིན་ཡང་སྲིད།

བུ་མོ་ལགས། ངས་ཁྱོད་ལ་གོང་ཞུས་ཀྱི་ལྟ་གྲུབ་དེ་དག་རེ་རེ་བཞིན་བཀྲལ་ཡོད་པས། འདིར་ངེད་གཉིས་ཀྱིས་ལྟ་གྲུབ་དེ་དག་གི་ཐད་ལ་ཡང་བསྐྱར་གོ་བསྡུར་བྱེད་པའི་དགོས་པ་མ་མཆིས་ཏེ། གྲོས་ཚོགས་དམངས་གཙོའི་ལམ་ལུགས་ནི་མང་མོས་ཀྱི་ཐོབ་ཐང་ལ་གོ་དགོས་པ་རེད།

སྐུ་ཞབས་མེལ་(Mill)ནི་དམངས་གཙོའི་བསམ་བློར་བརྟེན་ནས་མི་སྒེར་གྱི་རང་དབང་རྩོད་ལེན་གནང་མཁན་ཞིག་རེད། ཁོང་གིས་བརྩམས་པའི་<<རང་དབང་གླེང་བ་>>(On Liberty)ཞེས་པའི་དཔེ་དེབ་དེ་ནི་འཛམ་གླིང་སྒང་འདིར་སྐད་གྲགས་ཆེན་པོ་ཆགས་པ་རེད། འདིར་ངས་ཁྱོད་ལ་ཁོང་གི་བརྩམས་ཆོས་ནང་འཁོད་པའི་བསམ་བརྗོད་རང་དབང་སྐོར་ནས་སྙིང་བསྡུས་ཤིག་གླེང་བར་བྱའོ།



ཁོང་གིས་བསམ་བརྗོད་རང་དབང་སྐོར་ལ།མི་ངན་བྱེ་བྲག་པས་མིའི་བསམ་བརྗོད་ཀྱི་རང་དབང་སྡོམ་པ་ནི། ད་ཡོད་ཀྱི་མི་རབས་འདི་ཙམ་མ་ཡིན་པར་འགྲོ་བ་མིའི་རིགས་ཀྱི་སྨྲ་བརྗོད་ཐོབ་ཐང་འཕྲོག་པ་རེད། བསམ་བརྗོད་ཀྱི་ཐོབ་ཐང་ཁས་ལེན་མཁན་དང་ཁས་མི་ལེན་མཁན་གཉིས་ཕན་ཚུན་བསྡུར་ཚེ། བསམ་བརྗོད་ཀྱི་ཐོབ་ཐང་ཁས་མི་ལེན་མཁན་མང་པོ་རེད། གལ་ཏེ་ང་ཚོས་བདེན་རྫུན་ཤན་འབྱེད་མ་བྱས་པར་བསམ་འཆར་གང་ཞིག་དྲང་བདེན་དུ་སྨོས་ན། ནོར་འཁྲུལ་དང་དྲང་བདེན་ཞུན་བརྡར་བྱེད་པའི་གོ་སྐབས་འཕྲོག་པར་མ་ཟད། དེ་ནི་དྲང་བདེན་གྱི་ཁེ་ཕན་ཆེན་པོ་ཞིག་ཤོར་བ་དང་འདྲ་བས། དྲང་བདེན་དང་ནོར་འཁྲུལ་ཞུན་བརྡར་གྱིས་བདེན་པ་གསལ་འདོན་བྱེད་དགོས།
ང་ཚོས་ཅིས་ཀྱང་བསམ་འཆར་མཁྲེགས་འཛིན་བྱ་མི་རུང་སྟེ། བསམ་འཆར་མཁྲེགས་འཛིན་བྱེད་པ་ནི་ངན་པ་ཐ་ཤལ་གྱི་སྦྱོར་བ་འབའ་ཞིག་ཡིན་སྲིད། ཅེས་བརྗོད་འདུག

ཁོང་གི་བསམ་བློའི་འཁྱེར་སོ་དེ་ནི་དྲང་བདེན་འཚོལ་སྙེག་བྱེད་མཁན་མཚན་ཉིད་རིག་པའི་ལྟ་བ་ཞིག་ཡིན་པས། དུས་སྐབས་དེའི་བཙན་རྒྱལ་རིང་ལུགས་སམ་ཆོས་ལུགས་གྲུབ་མཐའ་ཁག་དང་འཚམ་མཐུན་ཡོང་ཐབས་མེད་པ་རེད།

གོང་དུ་ངས་ཁྱོད་ལ་དུས་རབས་༡༩ བའི་ཡུ་རོབ་ནུབ་མའི་བསམ་བློ་བ་ཁག་ཅིག་གི་མཚན་སྙན་དང་ཁོང་རྣམ་པའི་བསམ་བློས་ཤུགས་རྐྱེན་ཇི་ལྟར་ཐེབས་ཚུལ། འཛམ་གླིང་སྒང་འདིར་ཁོང་རྣམ་པ་ནི་ནུབ་ཀྱི་བསམ་བློ་འཕེལ་རྒྱས་དང་འབྲེལ་བའི་ལོ་རྒྱུས་ཀྱི་དཀྱོག་མཚམས་གལ་ཆེན་ཞིག་ཡིན་པ་བཤད་ཡོད།

གོང་ཞུས་མཚན་ཉིད་རིག་པ་བ་དེ་དག་དང་དེའི་སྔོན་གྱི་དམངས་གཙོ་རིང་ལུགས་པ་མང་ཆེ་བས་དུས་སྐབས་དེའི་ཤེས་ཡོན་པའི་གྲལ་རིམ་ལ་ཤུགས་རྐྱེན་ཐེབས་ཤིང་། ཤེས་ཡིན་པས་གྲལ་རིམ་གཞན་གྱི་བསམ་བློར་ཤུགས་རྐྱེན་ཐེབས་པ་རེད།

མཚན་ཉིད་རིག་པས་མང་ཚོགས་ཀྱི་བསམ་བློར་ཐད་ཀར་ཤུགས་རྐྱེན་ཐེབས་པ་ཉུང་ནའང་། དམངས་གཙོའི་བསམ་བློས་མང་ཚོགས་ལ་དངོས་ཤུགས་བརྒྱུད་གསུམ་ནས་ཤུགས་རྐྱེན་ཐེབས་པ་མང་ཞིང་། ཐ་ན་འོས་བསྡུའི་ཐོབ་ཐང་གི་མངོན་འདོད་ལྟ་བུའི་གནད་དོན་འགའ་ཤས་ཐད་ལའང་ཤུགས་རྐྱེན་ཆེན་པོ་ཐེབས་འདུག

དེ་ལྟར་དུས་རབས་༡༩ བའི་དམངས་གཙོའི་བསམ་བློ་ཉམས་རྒུད་དུ་སོང་བ་དང་དུས་མཚུངས་སུ། སྤྱི་ཚོགས་རིང་ལུགས་དང་བཟོ་བའི་གྲལ་རིམ་གྱི་གསར་བརྗེ་དང་བསམ་བློ་འཕེལ་རྒྱས་ཕྱིན་པ་དང་། གསར་བརྗེའི་ལས་འགུལ་དེ་དག་གིས་དེང་གི་དམངས་གཙོའི་རྒྱལ་ཁབ་ཁག་དང་། ལྷག་པར་དུ་དུས་སྐབས་དེའི་བཟོ་ཞིང་མང་ཚོགས་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད།

མི་འགའ་ཤས་ཀྱིས་སྤྱི་ཚོགས་རིང་ལུགས་ནི་གྲོས་ཚོགས་དམངས་གཙོའི་ལམ་ལུགས་ཀྱི་འདམ་ག་ཞིག་ཏུ་མཐོང་གི་ཡོད་ཅིང་། ལ་ཤས་ཤིག་གིས་སྤྱི་ཚོགས་རིང་ལུགས་ནི་དམངས་གཙོའི་ལམ་ལུགས་ཀྱི་དགོས་མཁོ་ཞིག་ཏུ་འདོད་ཀྱི་ཡོད།

ང་ཚོས་མཐོང་གསལ་ལྟར། དམངས་གཙོ་རིང་ལུགས་པ་ཚོས་རང་དབང་དང་འདྲ་མཉམ་གྱི་ལྟ་ཚུལ་འདོན་པ་དང་། མི་ཚང་མ་འདྲ་མཉམ་གྱི་ཐོབ་ཐང་འཐོབ་པ་ནི་ད་གཟོད་བདེ་སྐྱིད་དུ་འདོད་ཅིང་། རིང་བོ་མ་ཐོགས་པར་ཁོ་ཚོས་གཞི་རྩའི་ཐོབ་ཐང་གཅིག་པུས་བདེ་སྐྱིད་འབྱུང་མི་ཐུབ་པར་ད་དུང་བདེ་ཐང་གི་ཐོབ་ཐང་དགོས་པ་རྟོགས། དཔེར་ན། དཀྲེས་ལྟོགས་ཀྱིས་མནར་བའི་གང་ཟག་ལ་བདེ་སྐྱིད་ཅིག་གཞར་ཡང་ཡོད་མི་སྲིད་པས། བདེ་སྐྱིད་དངོས་ནི་མི་མང་གི་བདེ་ཐང་ཇེ་ལེགས་སུ་གཏོང་རྒྱུར་རག་ལས་པར་བསམས་ཤིང་། བསམ་ཚུལ་དེས་རྒྱ་ཆེའི་མི་མང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་དུ་སྣེ་ཁྲིད་པ་རེད། གླེང་གཞི་འདི་ཐེངས་རྗེས་མིའི་འཕྲིན་ཡིག་ནང་བརྗོད་པར་བྱ།

དུས་རབས་༡༩ བའི་དུས་དཀྱིལ་གྱི་དམངས་གཙོ་རིང་ལུགས་དང་རྒྱལ་ཞེན་རིང་ལུགས་གཉིས་ལག་རྡང་སྦྲེལ་ཏེ། གཉའ་གནོན་འོག་གི་རྒྱལ་མང་གི་རང་དབང་རྩོད་ལེན་བྱས་ཤིང་། ཨེ་ཊ་ལེ་(Italy)གསར་བརྗེའི་དབུ་ཁྲིད་མཱ་ཙི་ནེ་(Mazzini)ནི་དམངས་གཙོ་རྒྱལ་ཞེན་རིང་ལུགས་ཀྱི་དཔེ་མཚོན་མི་སྣ་འཁྲུལ་མེད་ཅིག་རེད།

དུས་རབས་༡༩ བའི་དུས་མཇུག་ལ་སླེབས་དུས། རྒྱལ་ཞེན་རིང་ལུགས་ཀྱིས་དམངས་གཙོའི་བསམ་བློ་༼ལམ་ལུགས།༽དོར་ཏེ། སྔར་ལས་ལྷག་པར་དྲག་སྤྱོད་དང་སྒེར་གཅོད་རིང་ལུགས་པར་གྱུར་ཅིང་། སྲིད་གཞུང་ནི་མང་ཚོགས་ཀྱིས་གསོལ་མཆོད་བྱེད་སའི་སྐྱབས་མགོན་ལྟ་བུ་ཆགས་པ་རེད།

དབྱིན་ཇིའི་ཚོང་པ་ཚོ་དུས་སྐབས་དེའི་བཟོ་ལས་གསར་བའི་དབུ་ཁྲིད་ཡིན་ཞིང་། ཁོ་ཚོ་དམངས་གཙོའི་ལམ་ལུགས་ཀྱི་རྩ་འཛིན་དང་མི་མང་གི་རང་དབང་ཐོབ་ཐང་ལ་མོས་པ་མེད་ཅིང་། ཁོ་ཚོས་མི་མང་གི་རང་དབང་ནི་ཚོང་གཉེར་ལ་ཕན་ཐོགས་ཆེ་བ་རྟོགས་འདུག རང་དབང་ལ་བརྟེན་ནས་ཁོང་ཚོས་ལས་བཟོ་བའི་ལས་ཕྱོད་ལ་སྐུལ་འདེད་བཏང་བར་མ་ཟད། བཟོ་ལས་དོན་འཁྱོལ་ཡོང་ཆེད། ཁོང་ཚོས་ལས་བཟོ་བར་བཟོ་ལས་ཀྱི་སློབ་གསོ་སྤྲད་ཅིང་། རྒྱ་ཆེའི་མི་མང་གི་ངལ་རྩོལ་ལ་བརྟེན་ནས་སོ་སོའི་ཁེ་ལས་སྒྲུབ་པའི་ཐད་ནས་ཚོང་པ་དང་བཟོ་བདག་གཉིས་ཕན་ཚུན་མོས་མཐུན་བྱུང་བ་དང་། དུས་རབས་༢༠ བའི་དུས་བཀྱིལ་ལ་སླེབས་དུས། དབྱིན་ཡུལ་དང་ཡུ་རོབ་ནུབ་མར་བཟོ་ལས་ཀྱི་སློབ་གསོ་ཟམ་མ་ཆད་པར་དར་རྒྱས་ཕྱིན་པ་རེད།

ཕྱི་ལོ་༡༩༣༣ ཟླ་༢ ཚེས་༡༠ ཉིན།

ཟུར་མཆན། 
རྒྱ་གར་གྱི་པནྡི་ཏ་ཆེན་མོ་སྲིད་བློན་ནེ་རུ་(Jawaharlal Nehru)ཡིས་མཛད་པའི་<<འཛམ་གླིང་ལོ་རྒྱུས་ལ་འཁྱུག་ཙམ་ལྟ་བ་>>(Glimpses of World History)ཅེས་པའི་ལོ་རྒྱུས་བརྩམས་ཆོས་ཀྱི་ལེའུ་བརྒྱད་པ།


No comments:

Post a Comment

Adbox