ད་དུང་སྨག་ཆད་མི་འདུག

ན་བུན་གྱིས་སྒྱུར


གྲིབ་མ་དག་ཟེགས་ཀྱིན་འདུག ང་ཉིན་གང་བོར་འདི་གར་བསྡད།

ཚ་གདུག་ཆེ་བས་གཉིད་མ་ཁུག དུས་ཚོད་འགྲོ་བཞིན་འདུག

ངའི་རྣམ་ཤེས་ངར་ལྕགས་སུ་འགྱུར་སྣང་སྐྱེ། ང་ལ་ད་དུང་ཉི་མས་གསོས་མ་བཅུག་པའི་རྨ་ཁ་བདོག

གང་ལའང་འགྲོ་བའི་གནས་མ་མཆིས།

ད་དུང་སྨག་ཆད་མེད་ནའང་། ས་རུབ་འོང་གིན་འདུག

རེད་དེ། ང་ཡི་མིའི་རིགས་ཀྱི་ཚོར་ཤེས་ཉམས་ཀྱིན་འདུག

མཛེས་སྡུག་གི་བྱ་དངོས་རེ་རེ་ཡལ་རྗེས། ན་ཟུག་རིགས་ཤིག་བདོག

མོས་ང་ལ་འཕྲིན་ཡིག་བྲིས། མོས་བྱམས་བརྩེ་བས་བྲིས་འདུག

མོས་རང་སེམས་ཀྱི་ཅི་ཡོད་འཕྲིན་ཡིག་ཏུ་བྱོ།

ཐ་ན་ངས་ཅིའི་ཕྱིར་ཏུ་གཅེས་སྤྲས་དགོས་པའི་རྒྱ་མཚན་མ་རྟོགས།

ད་དུང་སྨག་ཆད་མེད་ནའང་། ས་རུབ་འོང་གིན་འདུག

རེད་དེ། ང་ལོན་ཌོན་དུ་ཆས་མྱོང་། ང་ཕ་རི་སིར་ཆས་མྱོང་།

ང་གཙང་བོའི་རྗེས་སུ་འགྲེང་ནས། ང་མཚོ་ཁར་སླེབས།

ང་མཚོ་རླུང་འཚུབ་པའི་གཏིང་རིམ་དུ་འདྲེན་མྱོང་།

ངས་སུ་ཡི་མིག་ནང་ན་ཅང་ཡང་འཚོལ་གྱིན་མེད།

སྐབས་སུ་ངའི་རྡོག་ཁྲིས། ངའི་ཐེགས་ཚོད་ལས་བརྒལ།

ད་དུང་སྨག་ཆད་མེད་ནའང་། ས་རུབ་འོང་གིན་འདུག

ངའི་འདུན་མ་ལས་ལྡོག་སྟེ། ང་འདི་གར་སྐྱེས། འདི་གར་འཆི་ངེས། 

ངས་ཤེས་ཡོད། ང་འགུལ་གྱིན་པར་སྣང་ཡང་། ང་ད་དུང་འགྲེང་ནས་ཡོད།

ངའི་ལུས་སྟེང་གི་རྩ་ཕྲན་རེ་རེ། དམར་རྗེན་རེད་གཤིན་པོ་རེད།

ཐ་ན་ངས་རང་ཉིད་གང་ནས་འོང་བ་གང་དུ་བགྲོད་པ་མ་དྲན།

ཐ་ན་ངས་ཤབ་ཤུབ་ཀྱི་གསོལ་འདེབས་ཀྱང་མ་ཐོས།

ད་དུང་སྨག་ཆད་མེད་ནའང་། ས་རུབ་འོང་གིན་འདུག


ཟུར་མཆན། བྷོ་བྷི་ཌེ་ལན་(Bob Dylan 1941)ནི་ཨ་རིིའི་དེང་རབས་རྩོམ་པ་པོ་དང་། འཆར་ཡན་ལུགས་ཀྱི་རི་མོ་བ། གཞས་ཚིག་དང་དབྱངས་རྩོམ་མཁན་གྲགས་ཅན་ཞིག་རེད་ལ། ཡུལ་དེའི་བྱང་དབུས་ཁུལ་གྱི་མེ་ནི་སོ་ཊ་(Minnesota)མངའ་སྡེའི་གྲོང་ཁྱེར་ཡི་ཌུ་ལུ་ཐ་(Duluth)རུ་སྐྱེས་ཤིང་ཧེ་བྷེན་(Hibbing)གྲོང་ཁུལ་དུ་འཚར་ལོངས་བྱུང་། ལོ་ན་ཆུང་དུས་ནས་རང་གི་ལྷན་སྐྱེས་ཀྱི་རྣམ་དཔྱོད་དང་འཚོ་བའི་ཕུགས་འདུན་གཙིགས་སུ་བཟུང་ནས་གླུ་གཞས་སྒྱུ་རྩལ་གྱི་ལམ་དུ་ཞུགས་པ་ནས་བཟུང་། ཧ་ལམ་མི་ཚེ་གང་བོར་ཨ་རིའི་སྲོལ་རྒྱུན་དམངས་གླུའི་ཁྲོད་དུ་སྙན་ངག་གི་ཉམས་འགྱུར་ལྡན་པའི་གླུ་གཞས་གསར་རྩོམ་གནང་བ་དང་། མཛད་རྗེས་དེ་ལ་གཞིགས་ནས་ཕྱི་ལོ་༢༠༡༦ ལོར་ནོ་བྷེལ་རྩོམ་རིག་ཚན་པས་ཁོང་ལ་ནོ་བྷེལ་རྩོམ་རིག་གཟེངས་རྟགས་ཕུལ་མོད། ཁོང་གིས་ཞལ་བཞེས་གནང་མེད་པ་རེད།

སྔ་རྗེས་སུ་ཁོང་གིས་རོལ་ཚོགས་ཆེ་ཆུང་སྣ་ཚོགས་གསར་འཛུགས་དང་མཉམ་ཞུགས། འཁྲབ་སྟོན་བཅས་གནང་བའི་བརྒྱུད་རིམ་ཁྲོད་དུ། རྒྱལ་སྤྱིའི་ལྟད་མོ་བའི་དགའ་བསུ་ཆེན་པོ་ཐོབ་ཅིང་། དེ་ཡང་གཙོ་བོ་
ཁོང་གིགསར་རྩོམ་གླུ་གཞས་ཁག་ལ་སྤྱི་ཚོགས་ཆབ་སྲིད་དང་། མཚན་ཉིད་རྩོམ་རིག་སྒྱུ་རྩལ་བཅས་ཀྱི་ཤུགས་རྐྱེན་ཆེན་པོ་ལྡན་ཞིང་། ལྷག་པར་དུ་ཁོང་གི་གསར་རྩོམ་གླུ་གཞས་དང་རོལ་དབྱངས་ལ་དགའ་སྐྱོ་ཟུང་ལྡན་དང་ཡིད་རྟོན་གྱི་ཚོར་ཤུགས་ཆེན་པོ་ལྡན་པསརྒྱ་ཆེའི་མི་མང་གིས་ཁོང་གི་གླུ་གཞས་དང་རོལ་དབྱངས་ལ་དགའ་མགུ་དང་གདེང་འཇོག་ཆེན་པོ་གནང་

ནུབ་གླིང་གི་
དམངས་ཁྲོད་རྩོམ་རིག་དཔྱད་བརྗོད་པ་ཚོས་གླུ་བ་བྷོ་བྷི་ཌེ་ལན་ནི་ཨ་རིའི་དེང་རབས་གླུ་གཞས་རྩོམ་རིག་གི་འཐུས་ཚབ་པར་གདེང་འཇོག་གནང་མྱོང་། ཁོང་གི་ཆེས་མིང་དུ་གྲགས་པའི་གླུ་གཞས་གཙོ་བོ་<<རླུང་ན་འཕྱོ་>>(Blowin’ in wind)དང་། <<ད་དུང་ས་རུབ་མི་འདུག>>(Not dark yet) <<དུས་རབས་འགྱུར་བཞིན་འདུག>>(The times they are a-changin) <<རང་དབང་གི་ཅོང་བརྡ་>>(Chimes of Freedom) སོགས་འདུག

 

No comments:

Post a Comment

Adbox