བློ་འབྱེད་དང་ཀླད་པ་བཀྲུ་བ།
『ཡེ་མེན་གྱིས་བརྩམས། དུག་སྨྱུག་གིས་བསྒྱུར།』
ཇི་སྐད་དུ།
འཇར་མན་གྱི་མིང་དུ་གྲགས་པའི་མཚན་ཉིད་མཁན་པོ་ཁེན་ཐྲི་(Immanuel Kant 1724-1804)མཆོག་གིས་ “བློ་འབྱེད་ཀྱིས་མི་རྣམས་བླུན་རྨོངས་དང་མ་རིག་པའི་གནས་ལས་གྲོལ་བར་བྱེད་ཅིང་།
རྨོངས་དད་དང་ཕྱོགས་ཞེན་གྱིས་གནས་ལས་ལྡོག་པར་བྱེད། བདག་ཉིད་ཀྱི་རིན་ཐང་དང་།
བསམ་བློ། ཚེ་སྲོག་གི་རང་དབང་བཅས་ལ་བརྩོན་ལེན་བྱས་ཚེ།
རྒྱུ་མཚན་མེད་པར་རྨོངས་ཚོད་མི་བྱེད་པར་སྒེར་ཚུགས་ཀྱིས་བསམ་གཞིག་གཏོང་ནུས་ལ།
བློ་འབྱེད་ལས་འགུལ་གྱི་མདའ་མོ་ཐད་ཀར་མུན་ནག་གི་དུས་རབས་བར་མའི་ནང་གི་མིའི་བསམ་པར་ཚོད་འཛིན་བྱེད་མཁན་དག་ལ་གཏད་ཡོད་དོ།།”
ཅེས་གསུངས་ཡོད།
ཀླད་པ་བཀྲུ་བ་ཞེས་པ་ནི་ཚོད་འཛིན་མཁན་ལ་ཁེ་ཕན་མེད་པའི་ཆ་འཕྲིན་མཐའ་དག་རྨེག་མེད་བཏང་ནས།
མིའི་འདུ་ཤེས་ཀྱི་ངོས་ལ་བསྐྱར་ཟློས་དང་བཙན་ཤེད་ཀྱིས་དུག་ཆུ་འདྲེན་པར་བྱེད་པ་ཞིག་ཡིན་ལ།
དེའི་དམིགས་ཡུལ་ནི་མི་རྣམས་ཀྱི་བསམ་བློ་དང་འདུ་ཤེས་ཡོད་ཚད་ལ་བསམ་བློ་དང་འདུ་ཤེས་གཅིག་ཁོ་ན་ནང་འཇུག་བྱེད་པ་དེ་ཡིན།
དེའི་ཁྱད་ཆོས་གཙོ་བོ་ནི་བསྐྱར་ཟློས་དང་། གཞན་ལས་ཕྱིར་འབུད། སྐད་འབོད། དམོད་མོ།
ཆོ་ག ལངས་ཕྱོགས་བཅས་ཀྱི་རྣམ་པ་ལ་བརྟེན་ནས་ཚན་རིག་དང་བདེན་དོན་ལ་སྣང་ཆུང་བྱེད་པ་དང་།
དྲང་བདེན་དང་གནས་ལུགས་ལ་རྒྱབ་འགལ་བྱེད་པ་དང་།
རྒྱུ་མཚན་དང་གཏན་ཚིགས་ཁས་མི་ལེན་པ་དེའོ།།
གཞན་ཡང་ཆུང་དུས་ནས་ཀླད་བཀྲུ་བྱས་པ་གཏིང་ཟབ་པའི་མི་ཡིས་རང་ཉིད་ཀྱི་ཀླད་པ་སུ་ཞིག་གིས་བཀྲུས་ཟིན་པ་གཏན་ནས་ཧ་མི་གོ་ཞིང་།
མི་དེའི་རིགས་ལ་བློ་འབྱེད་བྱས་པས་གོ་མི་ཆོད་ལ།
ཐ་ན་སྤྱིར་བཏང་གི་རྒྱུན་ཤེས་ཙམ་ཡང་རྒྱུད་ལ་འཇགས་དཀའ། འོན་ཀྱང་།
བློ་འབྱེད་དང་ཀླད་བཀྲུ་གཉིས་ལ་ཕྱི་ཚུལ་ནས་འདྲ་བའི་ཆའང་ཤིན་ཏུ་མང་རྐྱེན།
དེ་གཉིས་ཇི་ལྟར་རྣམ་པར་འབྱེད་པའི་ཕྱོགས་སུ་གཤམ་གྱི་རྩོམ་ཐུང་འདིས་ཁ་ཕྱོགས་ཅུང་ཟད་སྟོན་པར་རེ།
གཅིག རྨོངས་ཚོད་དང་བསམ་གཞིག
“ཁྱོད་ངའི་རྗེས་སུ་ཤོག་དང་། ཟས་རང་འགྲུབ་དང་གོས་རང་འགྲུབ་ཡིན།” དེ་ནི་ཀླད་པ་བཀྲུ་བའོ།།
“མི་བུ་ཀུན་ལ་བདེ་སྐྱིད་དང་། རང་དབང་བརྩོན་ལེན་བྱེད་པའི་ཁེ་དབང་ཡོད་པ་རེད།” དེ་ནི་བློ་སྒོ་འབྱེད་པའོ།།
“ཁྱོད་ཀྱིས་ཅིའི་ཕྱིར་ཕ་མ་དང་། དགེ་རྒན། འགོ་ཁྲིད་དག་གི་བཀའ་ཡང་མི་བརྩི་བ་ཡིན།” དེ་ནི་ཀླད་པ་བཀྲུ་བའོ།།
“རང་ཉིད་ཀྱི་མིག་ཟུང་ལ་བརྟེན་ཏེ་རྒྱང་ལྟ་བྱོས། རང་ཉིད་ཀྱི་རྣམ་དཔྱོད་ལ་བརྟེན་ཏེ་བསམ་གཞིག་ཐོངས། རང་ཉིད་ཀྱི་རྐང་བར་བརྟེན་ཏེ་མདུན་དུ་སྐྱོད།” དེ་ནི་བློ་སྒོ་འབྱེད་པའོ།།
“འབད་པ་བྱས་ན། ད་གཟོད་ལེགས་འགྲུབ་འབྱུང་།” དེ་ནི་ཀླད་པ་བཀྲུ་བའོ།།
“རང་ཉིད་དགའ་བའི་ལས་ལ་འཇུག་པ་ནི། བདེ་སྐྱིད་ཡིན།” དེ་ནི་བློ་སྒོ་འབྱེད་པའོ།།
མདོར་ན། ཀླད་བཀྲུ་ཡིས་མི་རྣམས་ལ་རྨོངས་ཚོད་ཀྱིས་གོང་རིམ་དང་། དབང་གྲགས་ལ་བརྩི་བཀུར་བྱེད་དུ་བཅུག་སྟེ། རང་ཉིད་གཞན་གྱི་ལག་ཆ་རུ་སྒྱུར་བར་བྱེད་ལ། བློ་འབྱེད་ཀྱིས་མི་རྣམས་ལ་མནོ་བསམ་ཞིབ་མོ་གཏོང་དུ་བཅུག་སྟེ། བདག་ཉིད་བདག་གི་མགོན་དུ་སྒྱུར་བར་བྱེད་དོ།།
གཉིས། བཟོད་བསྲན་དང་བརྩོན་ལེན།
“ཐབས་ཤེས་གང་ཡང་མེད་དེ། མི་ཚང་མ་འདི་འདྲ་མ་ཡིན་ནམ།” དེ་ནི་ཀླད་པ་བཀྲུ་བའོ།།
“མི་ཚང་མ་འདི་འདྲ་ཡིན་ཡང་། འདི་ནི་ཡང་དག་པའི་ཐབས་ལམ་ཞིག་རེད་དམ།” དེ་ནི་བློ་སྒོ་འབྱེད་པའོ།།
“མི་ཚེ་ཐུང་ཐུང་འདི་ལ། དཀའ་བ་ཐོད་དུ་ལེན་པར་སྙིང་པོ་ཅི་ཞིག་ཡོད།” དེ་ནི་ཀླད་པ་བཀྲུ་བའོ།།
“འཆི་མདའ་དགུ་བརྒྱབ་ཀྱང་གསོན་པའི་རེ་བ་བཅངས་ནས། རང་ཉིད་ཀྱི་འཚོ་བར་བདེ་སྐྱིད་བསྐྲུན་དགོས།” དེ་ནི་བློ་སྒོ་འབྱེད་པའོ།།
“མི་ཚེའི་སྡུག་བསྔལ་ནི་ཡི་གེ་ཤེས་པ་ལས་བྱུང་བ་ཡིན་ཏེ། དེ་ནས་ཤེས་དགོས་མི་དགོས་ཚང་མ་ཤེས་ཡོང་།” དེ་ནི་ཀླད་པ་བཀྲུ་བའོ།།
“ང་ཚོ་ཚང་མ་མི་རུ་སྐྱེས་པ་ཡིན་པས། འཚོ་བའི་ཕྱོགས་གང་དུའང་མགོ་མི་རྨོངས་བར་བྱོས་ཤིག” དེ་ནི་བློ་སྒོ་འབྱེད་པའོ།།
མདོར་ན། ཀླད་བཀྲུ་ཡིས་མི་རྣམས་ལ་བཟོད་པ་སྒོམ་དུ་བཅུག་སྟེ། ཚང་མ་གཅིག་མཚུངས་ཡིན་པས། རང་ཉིད་སྔོན་དུ་བུད་ནས་བསྒྱུར་བཅོས་བྱ་དགོས་དོན་མེད་པར་སྟོན་ཞིང་། བློ་འབྱེད་ཀྱིས་མི་རྣམས་ལ་བརྩོན་ལེན་བྱེད་དུ་བཅུག་སྟེ། རང་ཉིད་རང་ལ་བརྟེན་ནས་བདེ་སྐྱིད་འཚོལ་དགོས་པར་སྟོན་ནོ།།
གསུམ། མཐུན་ཐབས་དང་བསྒྱུར་བཅོས།
“ཁྱོད་ཀྱིས་སྤྱི་ཚོགས་བསྒྱུར་བཅོས་བྱེད་མི་ནུས་པས། ཀུན་དང་མཐུན་པ་ནི་མི་ཆོས་རྩ་བ་ཡིན།” དེ་ནི་ཀླད་པ་བཀྲུ་བའོ།།
“ཁྱོད་ཀྱིས་སྤྱི་ཚོགས་བསྒྱུར་བཅོས་བྱེད་མ་ཐུབ་ཀྱང་། སྤྱི་ཚོགས་ཀྱིས་ཁྱོད་རང་བསྒྱུར་བཅོས་བྱེད་དུ་འཇུག་མི་རུང་།” དེ་ནི་བློ་སྒོ་འབྱེད་པའོ།།
“དངོས་ཡོད་ནི་གནས་ལུགས་ཡིན།” དེ་ནི་ཀླད་པ་བཀྲུ་བའོ།།
“གནས་ལུགས་ལྡན་ཚེ། མངོན་དུ་འགྱུར་ངེས།” དེ་ནི་བློ་སྒོ་འབྱེད་པའོ།།
མདོར་ན། ཀླད་བཀྲུ་ཡིས་མི་རྣམས་ཁོར་ཡུག་ལ་བསྟུན་དུ་བཅུག་སྟེ། ཁོར་ཡུག་བསྒྱུར་བཅོས་བྱེད་མི་རུང་བ་སྐུལ་བར་བྱེད་ཅིང་། བློ་འབྱེད་ཀྱིས་ཁོར་ཡུག་གི་སྣང་ཚུལ་བསྒྱུར་བཅོས་བྱེད་དུ་བཅུག་སྟེ། སྔར་ལས་ལེགས་པའི་ཁོར་ཡུག་སྐྲུན་པར་བྱེད་དོ།།
བཞི། རྒྱལ་ཁབ་དང་མི་སྒེར།
“གཙང་པོ་རྒྱས་ན་ཆུ་ཕྲན་འཕེལ། གཙང་པོ་ཆེན་པོ་བྲི་བ་ན། ཆུ་ཕྲན་ཆུང་ཆུང་སྐམ་པར་འགྱུར།” དེ་ནི་ཀླད་པ་བཀྲུ་བའོ།།
“ཆུ་ཕྲན་རྒྱས་ན་གཙང་པོ་འཕེལ། ཆུ་ཕྲན་ཆུང་ཆུང་བྲི་བ་ན། གཙང་པོ་ཆེན་པོ་སྐམ་པར་འགྱུར།” དེ་ནི་བློ་སྒོ་འབྱེད་པའོ།།
“ནགས་ཚལ་ཡོད་ན་སྡོང་པོ་ཡོད། མཁར་གྱང་མེད་ན་གྱོ་ཕག་མེད།” དེ་ནི་ཀླད་པ་བཀྲུ་བའོ།།
“སྡོང་མེད་ནགས་ཚལ་མི་འབྱུང་ཞིང་། གྱོ་ཕག་མེད་ན་མཁར་གྱང་མེད།” དེ་ནི་བློ་སྒོ་འབྱེད་པའོ།།
“བཟང་གྲགས་ངན་གྲགས་མེད་པའི་གཅུས་འཛེར་(screw)ཞིག་བྱ་དགོས།” དེ་ནི་ཀླད་པ་བཀྲུ་བའོ།།
“སྒེར་ཚུགས་ཀྱི་བསམ་བློ་མངའ་བའི་མི་ཞིག་བྱ་དགོས།” དེ་ནི་བློ་སྒོ་འབྱེད་པའོ།།
“རྒྱལ་ཁབ་སྟོབས་འབྱོར་ལྡན་ན། མི་དམངས་ལ་རང་དབང་ལྡན།” དེ་ནི་ཀླད་པ་བཀྲུ་བའོ།།
“མི་དམངས་ལ་རང་དབང་མེད་ན། རྒྱལ་ཁབ་ལ་སྟོབས་འབྱོར་མེད།” དེ་ནི་བློ་སྒོ་འབྱེད་པའོ།།
“ཐུན་མོང་གི་དམིགས་ཡུལ་རླབས་ཆེན་གྱི་ཆེད་དུ་རང་ཉིད་ཀྱི་ཚེ་སྲོག་བློས་གཏོང་འོས།” དེ་ནི་ཀླད་པ་བཀྲུ་བའོ།།
“མི་ཡི་ཚེ་སྲོག་ལས་རིན་ཐང་ཆེ་བ་ཞིག་མེད་དེ། གཞན་དངོས་པོ་གང་གིས་ཀྱང་དེའི་ཚབ་བྱེད་མི་ཐུབ།” དེ་ནི་བློ་སྒོ་འབྱེད་པའོ།།
“ག་གེ་མོ་གང་ཞིག་ནི་ཕ་མ་ལས་ཀྱང་ལྷག་པ་ཡིན།” དེ་ནི་མི་གཞི་རྨེག་མེད་གཏོང་བའི་ཀླད་བཀྲུའོ།།
“ཕ་མའི་བྱམས་སེམས་དང་བཀའ་དྲིན་ནི་མིའི་རིགས་ཀྱིས་ཆེས་ཡིད་ཆེས་བྱེད་རིན་ཡོད་པའི་ནོར་བུ་དེ་ཡིན།” དེ་ནི་མི་གཞིའི་རྒྱུན་ཤེས་སོ།།
“ཁྱིམ་ཚང་ལ་ཉིན་གཅིག་ལ་ཁྱིམ་བདག་མེད་ན་མི་ཆོག་ཅིང་། རྒྱལ་ཁབ་ལའང་ཉིན་གཅིག་ལ་རྒྱལ་པོ་མེད་ན་མི་ཆོག” དེ་ནི་ཀླད་པ་བཀྲུ་བའོ།།
“མི་ནི་སྐྱེས་པ་ནས་འདྲ་མཉམ་ཡིན་ལ། ཁྲིམས་སྔུན་ན་རྒྱལ་པོ་ཡོད་ཀྱང་། བདག་པོ་མེད།” དེ་ནི་བློ་སྒོ་འབྱེད་པའོ།།
དང་པོ། རྒྱུན་ཤེས་ལ་བརྩི་བཀུར་བྱེད་པ་དང་། བྱས་རྗེས་ངོ་མཚར་ཅན་ལ་ཡིད་ཆེས་མི་བྱེད་པའོ།། (བྱས་རྗེས་ངོ་མཚར་ཅན་ལ་ཡིད་ཆེས་བྱེད་པ་ནི་དམིགས་ཡུལ་རིང་ལུགས་མ་ཡིན། དེ་ནི་མགོ་བདེ་སྐབས་འཚོལ་ཡིན།)
གཉིས་པ། སྒེར་ཚུགས་ཀྱིས་དགག་སྒྲུབ་བྱེད་པའི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ནས། བྱ་དངོས་ཀུན་ལ་དོགས་སློང་དང་། དཔྱད་པ་གཏོང་བའོ།།
ཟུར་མཆན། གཉའ་ཁྲི་བཙན་པོ།
No comments:
Post a Comment