ཉིན་གསུམ་ལ་མཐོང་རྒྱུ་བྱུང་ན།



ན་བུན་གྱིས་སྒྱུར།


ཐེངས་ཤིག རང་སེམས་ན་རེ་འདུན་གང་ཡང་མེད་དུས། འཇིག་རྟེན་སྟེང་གི་བྱ་དངོས་ཡོད་ཚད་མུན་ནག་གིས་བཀླུབས་འདུག་པ་ངས་ཚོར་ཞིང་། དེའི་རྗེས་བརྩེ་དུང་གིས་ད་གཟོད་ངའི་བླ་སྲོག་ལ་རང་དབང་སྟོབ་པར་གྱུར། ཐེངས་ཤིག ངས་སྟོང་འཇགས་དང་མུན་ནག་ལས་ཅི་ཡང་མི་ཤེས་ནའང་། ད་སྐབས་ངས་རེ་བ་དང་སྤྲོ་བའང་རྟོགས་པར་གྱུར།”

 

      ང་ཚོ་ཚང་མས་ཡིད་དབང་འཕྲོག་པའི་གཏམ་རྒྱུད་གང་མང་ཞིག་བཀླགས་ཤིང་། གཏམ་རྒྱུད་དེ་དག་གི་ཁྲོད་ཀྱི་མི་སྣ་གཙོ་བོར། དུས་ངེས་ཅན་ཞིག་གཏན་ཁེལ་བྱས་པའི་ཚེ་ཚད་ལས་མེད་པ་དང་། དེ་ཡང་སྐབས་རེར་བགྲང་བྱ་གཅིག་ལྟར་ཤིན་ཏུ་རིང་ཞིང་། མཚམས་རེར་ཉིན་ཞག་གཅིག་ལྟར་ཧ་ཅང་ཐུང་བ་ཡོད། ཡིན་ནའང་ང་ཚོས་ནམ་རྒྱུན་ལས་སྐལ་དམན་པའི་མིས་རང་གི་ཚེ་མཇུག་གི་དུས་ཚོད་དམ། ཡང་ན་རང་གི་ཚེ་མཇུག་གི་ཉིན་མོ་ཅི་ལྟར་བསྐྱལ་བའི་འདམ་ག་དེ་རྟོགས་འདོད་ཆེ།

དེ་ཡང་ལོས་ཡིན། ངས་འདིར་རང་ཉིད་འཚོ་བའི་འདམ་གར་ཁེ་དབང་ལྡན་པའི་རང་དབང་གི་མི་རྣམས་བཤད་པ་ཡིན་གྱི། རང་གི་ཚེ་སྲོག་འགུལ་སྐྱོད་བྱེད་སའི་ཁོར་ཡུག་ལ་བཙན་གནོན་གྱི་བཀག་རྒྱ་ཐེབས་པའི་ཉེས་ཅན་ཚོ་གླེང་བ་ལར་ནས་མ་ཡིན་ནོ།།

དེ་ལྟ་བུའི་གཏམ་རྒྱུད་དག་གིས་ནམ་རྒྱུན་ང་ཚོ་བསམ་གཞིག་འདི་འདྲ་ཞིག་ཏུ་འཁྲིད་ངེས་ཏེ། གནས་བབ་དེ་འདྲ་ཞིག་གི་འོག་ཏུ། ང་ཚོས་ཅི་ཆ་སྙམ་ནས་ཐེ་ཚོམ་སྐྱེ་བཞིན་ཡོད། སྐྱེས་པའི་མཐའ་མ་འཆི་བ་ནི་ཆོས་ཉིད་ཡིན་པ་ལྟར། ང་ཚོ་རང་གི་ཚེ་མཇུག་གི་དུས་ཚོད་ཁྲོད་དུ་འཚང་ཁ་ཤིག་ཤིག ང་ཚོར་འཚོ་བའི་ལྷན་འཛོམས་དང་འཚོ་བའི་མྱོང་བ་ཅི་ཞིག་འཐོབ་ངེས་སམ། འདས་སོང་ལ་ཕྱི་མིག་ལྟ་དུས། ང་ཚོས་དགའ་སྣང་དང་སྐྱོ་སྣང་ཅི་ཞིག་རྙེད་སྲིད་དམ།

སྐབས་རེར་ངས་འདི་ལྟར་བསམས་མྱོང་སྟེ། ང་ཚོ་སང་ཉིན་འཆི་ངེས་ཡིན་པ་དེ་ཡང་ཉིན་རེའི་འཚོ་བའི་འགྲོ་ལུགས་ཡང་དག་ཅིག་རེད་སྙམ། དེ་ལྟ་བུའི་འགྲོ་ལུགས་དེས་མི་ཚེའི་རིན་ཐང་ཡོད་ཚད་གསལ་རྗེན་དུ་འདོན་ངེས་རེད་པས། ང་ཚོས་དྲིན་གཟོ་དང་བརྩོན་སེམས། ངང་རྒྱུད་འཇམ་པོའི་སྒོ་ནས་ཉིན་རེའི་འཚོ་བ་འཕྱིད་དགོས། འབྱུང་འགྱུར་གྱི་ལོ་ཟླ་དང་ཉིན་ཞག་གྲངས་མེད་ཁྲོད། དུས་ཚོད་ཀྱི་གོམ་འགྲོས་ང་ཚོའི་མིག་མདུན་དུ་མུ་ནས་མུ་རུ་བཞུད་དུས། ང་ཚོ་འཚོ་བར་འཇུག་པའི་བརྩོན་སེམས་དང་དྲིན་གཟོ། ཞི་དུལ་བཅས་འབོར་བཞིན་ཡོད། དེ་ཡང་ལོས་ཡིན། མི་རེ་ཟུང་ཞིག་ཟ་འཐུང་དགའ་སྐྱིད་ཀྱི་ཞེན་པ་ཁོ་ནར་བསྟེན་ངེས་ཡིན་པ་དང་། མི་ཕལ་ཆེ་བ་བཤོལ་མེད་འཆི་འདས་ཀྱི་ཉེན་ཁར་འཕྲད་ཀྱང་སྲིད་པ་རེད། གཏམ་རྒྱུད་ཁྲོད་ཀྱི་ལས་སྐལ་ཆེས་ངན་པའི་མི་སྣ་གཙོ་བོ་དེ་སྟབས་ལེགས་སྐབས་འཁེལ་ནས་རང་གི་ཚེ་མཇུག་ལ་འཁེལ་དུས། ད་གཟོད་ཁོའི་མི་ཚེའི་རིན་ཐང་གི་འདུ་ཤེས་ལ་འགྱུར་བ་ཐེབས་ཏེ། ཁོ་སྔར་བས་ཀྱང་མི་ཚེའི་དོན་སྙིང་དང་དེའི་འགྱུར་མེད་རྟག་བརྟན་གྱི་བསམ་བློའི་རིན་ཐང་ལ་མཐོང་ཆེན་གནང་མཁན་ཞིག་ཏུ་འགྱུར་ཡོང་།

རྣམ་ཀུན་འཆི་འདས་ཀྱི་གྲིབ་ནག་འོག་ཏུ། སྔོན་ཆད་འཚོ་མྱོང་བའམ་ད་ལྟ་འཚོ་བཞིན་པའི་མི་སུ་ཞིག་ཡིན་རུང་། ཁོ་ཚོས་རང་གི་སྔར་བྱས་ཡོད་ཚད་ཞི་དུལ་བབ་ཆགས་དང་མཛེས་སྡུག་ཡིད་འོང་གིས་གཏམས་འདུག་པ་ཞིག་ཡིན་པར་ཐུགས་སྣང་བྱེད་བཞིན་ཡོད།

ཅི་སྟེ་ང་ཚོ་མི་མང་ཆེ་བས་ཚེ་སྲོག་འགན་སྲུང་བྱེད་ཀྱི་ཡོད་ལ། ནམ་ཉི་མ་ཞིག་ལ་ང་ཚོ་འཆི་ངེས་ཡིན་པ་ང་ཚོས་ཤེས་ཀྱི་ཡོད། ང་ཚོ་མི་རེ་འགས་དུས་དང་རྣམ་པ་ཀུན་ཏུ་རང་ཉིད་འཆི་བའི་ཉི་མ་དེ་ལ་ད་དུང་ཁད་ཐག་ཧ་ཅང་རིང་བར་འཁྲུལ་བས། ང་ཚོའི་ལུས་ཁམས་བདེ་ཐང་གི་སྐབས་སུ། མི་རྟག་འཆི་འདས་ནི་ཡིད་ལ་འཆར་དཀའ་ཞིང་། རང་གི་འཆི་བ་མི་རྟག་པ་ལ་གློ་བུར་སེམས་དུས། རང་ཉིད་འཚོ་བའི་ཉིན་མོ་ནི་ད་དུང་ཡང་མཐའ་ཡས་པར་སྣང་བས། ང་ཚོ་མུ་མཐུད་ལས་དོན་ཙག་ཙིག་ལ་གཞོལ་ནས། རང་ཉིད་ཀྱི་འཚོ་བར་བཟུང་བའི་སྣང་མེད་རྒྱ་ཡན་གྱི་འདུ་ཤེས་དེ་ཤེས་དཀའ་བར་འདུག དེ་འདྲའི་སྒྱིད་ལུག་གཏི་མུག་གི་དབང་གིས། ང་ཚོས་རང་གི་དབང་ཤེས་དང་ནུས་སྟོབས་ཀྱི་བཀོལ་སྤྱོད་ཡོད་ཚད་སྔོག་འདོན་མི་ནུས་ཏེ། “སྒྲ་འཛིན་གྱི་དབང་ཤེས་ཉམས་པའི་འོན་པ་ཁོ་ནས། ད་གཟོད་གོ་ཐོས་ལ་ཡི་རངས་གནང་ཞིང་། གཟུགས་འཛིན་གྱི་དབང་ཤེས་ཉམས་པའི་ལོང་བ་ཁོ་ནས། ད་གཟོད་མཐོང་རིག་གི་མཚར་སྡུག་སྣ་ཚོགས་རྟོགས་ཡོང་།” ཞེས་ཀྱང་ཟེར།

རྟོག་ཞིབ་བམ་རྟིང་སྐུལ་འདི་ནི་དམིགས་བསལ་ལོ་ན་ཆུང་དུས་ནས་མིག་དབང་དང་རྣ་དབང་ཉམས་པའི་མི་རྣམས་ལ་བཤད་པ་ཞིག་ཡིན་ནའང་། མཚམས་ལན་རེར་མིག་དབང་དང་རྣ་དབང་ཉམས་པའི་དཀའ་སྡུག་གིས་མནར་མ་མྱོང་བའི་མིས་ནི། སྐྱེ་མཆེད་འདི་རིགས་བཀོལ་སྤྱོད་ཀྱི་དྲིན་གཟོ་མི་ཚོར་ཏེ། རྣམ་གཡེང་སྒོས་ཁོ་ཚོའི་མིག་དང་རྣ་བས་གཟུགས་ལ་ལྟ་ཞིང་སྒྲ་ལ་ཉན་གྱི་ཡོད། ཡིན་ནའང་ཁོ་ཚོས་རང་གི་མིག་དབང་དང་རྣ་དབང་ལ་དང་དོད་དེ་ཙམ་མི་གནང་བར་གདའ།

དེ་ཡང་སྔོན་བྱུང་གཏམ་རྒྱུད་ཅིག་ཏུ། “རང་ཉིད་ལ་དབང་བ་གང་ཞིག་མ་ཤོར་བར་དུ། ང་ཚོས་དེའི་དྲིན་གཟོ་མི་རྟོགས། ང་ཚོ་ནད་ཀྱིས་མ་མནར་བར་དུ། ང་ཚོས་བདེ་ཐང་ལ་དོ་སྣང་ཁྱོན་ནས་མི་བྱེད།”  ཅེས་ཀྱང་ཟེར།

ངས་རྟག་པར་འདི་སྙམ་དུ་བསམ་གྱི་ཡོད། གལ་ཏེ་འགྲོ་བ་མི་རེ་རེ་བཞིན་ལོ་ན་གཞོན་དུས་ཀྱི་ཉིན་འགའ་ཞིག་རིང་ལ་མིག་དབང་དང་རྣ་དབང་ཉམས་པའི་དཀའ་སྡུག་གིས་གཟིར་ཚེ། གཞི་ནས་དེ་བཀོལ་སྤྱོད་ཀྱི་ནུས་པ་དང་རིན་ཐང་རྟོགས་ངེས་རེད་སྙམ། རྒྱུ་མཚན་ནི་མུན་ནག་གིས་ང་ཚོ་སྔར་བས་གཟུགས་འཛིན་གྱི་དབང་ཤེས་གཅེས་སུ་འཛིན་མཁན་ཞིག་ཏུ་བསྐུལ་ངེས། ལྷིང་འཇགས་ཀྱིས་ང་ཚོར་སྒྲ་འཛིན་དབང་ཤེས་ཀྱི་སྤྲོ་སྐྱིད་ཅི་འདྲ་ཡིན་པའི་ངེས་ཤེས་འདྲོངས་སྲིད་པ་རེད།

དུས་རྒྱུན་ངས་རང་ཉིད་ཀྱི་མིག་དབང་ལྡན་པའི་གྲོགས་པོ་ཚོས་ཅི་ཞིག་མཐོང་བ་ཞིབ་འདྲི་རྒྱུས་ལོན་བྱས་མྱོང་སྟེ། ཉེ་ཆར་གྲོགས་མོ་ཞིག་གིས་ནགས་ཚལ་གྱི་ལམ་ཐག་རིང་བོ་བརྒྱུད་ནས་ང་ལ་ལྟ་བར་ཡོང་དུས། ངས་ཁོ་མོར། “ལམ་བར་ནས་ཁྱེད་ཀྱིས་ཅི་ཞིག་མཐོང་བྱུང་།” ཞེས་དྲིས་བའི་ལན་དུ། ཁོ་མོས་ང་ལ། “དམིགས་བསལ་ཅི་ཡང་མཐོང་མ་བྱུང་།” ཟེར།

ང་རྒྱུན་དུ་དེ་ལྟ་བུའི་དྲིས་ལན་ལ་གོམས་ལོབས་སུ་མ་སོང་བས་ཡིན་ནམ་ཅི། སྔོན་ཆད་ངས་ཀྱང་མིག་དབང་ལྡན་པའི་མིའི་མཐོང་ཆོས་ཧ་ཅང་ཉུང་གི་འདོད་པས། ཁོ་མོའི་སྐད་ཆ་དེ་བདེན་པར་འཛིན་དཀའ།

ངས་རང་ཉིད་ལ་འདི་ལྟར་དྲིས་མྱོང་སྟེ། དུས་ཚོད་གཅིག་གི་རིང་ལ་ནགས་ཚལ་དུ་སྤྲོ་འཆམ་ལ་བསྐྱོད་ཚེ། དེ་གར་སྣང་འཇོག་རུང་བའི་བྱ་དངོས་ཤིག་ཡེ་ནས་མེད་པ་སྲིད་དམ། ངའི་མིག་གིས་མཐོང་མི་ཐུབ་ཀྱང་། ངས་རང་གི་ལག་པའི་རེག་བྱ་ཁོ་ནར་བརྟེན་ནས་སྤྲོ་བ་འདྲེན་པའི་དངོས་པོ་བགྲང་གིས་མི་ལང་བ་ཞིག་རྟོགས་ཡོང་།

ངས་འདབ་ལོ་གཉིས་མཚུངས་ཆོས་སུ་བཞད་པའི་མཛེས་སྡུག་ཡིད་འོང་གི་ཆ་དེ་ཚོར་བར་མ་ཟད། སྙིང་བརྩེ་བའི་ངང་ནས་ངའི་ལག་པས་འཇམ་ཞིང་གཉེན་པའི་ཤིང་སྟག་དཀར་གྱི་ཤུན་པགས་སམ། ཡང་ན་རྩུབ་ཅིང་རགས་པའི་ཐང་ཤིང་གི་པགས་པར་ལག་མྱོང་བྱེད་པ་དང་། དཔྱིད་དུས་སུ། ང་ལྗོན་ཤིང་གི་ཡལ་གར་འཇུས་ཏེ་ནེམ་ལྗང་གི་གང་བུ་ཞིག་རྙེད་པའི་རེ་འདུན་བཅངས་མྱོང་། གང་བུ་ནི་དགུན་ཟླ་ཧྲིལ་བོར་མལ་དུ་གཟིམས་པ་ལས་སླར་ཡང་གཏི་མུག་གཉིད་ལས་སད་མཁན་རང་བྱུང་སྐྱེ་དངོས་ཀྱི་མྱུ་གུ་ཐོག་མ་དེ་ཡིན་པ་རེད།

ད་དུང་ཆེས་ཡིད་དུ་འོང་བའི་མེ་ཏོག་གི་འདབ་ལོའི་འཁྱིལ་དབྱིབས་དང་དེའི་སྤུ་ལྟར་འཇམ་པའི་རེག་བྱ་སོགས་བདག་གི་སྔུན་སོར་བཤམས་པའི་ངོ་མཚར་བའི་རང་བྱུང་སྐྱེ་དངོས་འདི་དག་གིས་ང་ལ་སྤྲོ་སྣང་གི་ཚོར་བ་སྨྲ་མི་ཤེས་པ་ཞིག་སྟེར་བར་བྱེད།

གལ་ཏེ་སྟབས་ལེགས་ན། ངའི་ལག་པ་ལྕུག་ཕྲན་སྟེང་ལ་དལ་བུར་བཞག་ཚེ། ལྕུག་ཕྲན་སྟེང་གི་བྱེའུ་ཡི་གྲེ་འགྱུར་དང་གཤོག་སྒྲ་ཚོར་ཐུབ་པར་མ་ཟད། དྭངས་ཤིང་བསིལ་བའི་ཆུ་མོ་ཡངས་པོར་བརྐྱངས་པའི་བདག་གི་མཛུབ་བར་ནས་དལ་བུར་བཞུར་དུ་འཇུག་དུས། ངའི་ཡིད་སེམས་སྤྲོ་བས་ཁེངས་པར་འགྱུར།

ང་རང་ལ་མཚོན་ན། ས་སྟེང་གི་ལྗང་ནེམ་ནེམ་གྱི་ཐང་ལྕུག་གམ་རྩྭ་ལྗང་ནི། ཏ་ཟིག་(Iran)གི་མིས་བཟོས་པའི་གྲལ་གདན་ལས་ཀྱང་ཤིན་ཏུ་འཇམ་པའི་བདེ་སྣང་སྟེར་ཞིང་། ང་ལ་མཚོན་ན། ནམ་དུས་ཀྱི་མཛེས་ལྗོངས་རེ་རེ་ནི་མུ་འབྲེལ་ཟློས་གར་རམ། མིའི་དང་བ་འདྲེན་བྱེད་ཅིག་སྟེ། དེ་དག་གི་འགུལ་སྐྱོད་ལ་ངས་རང་གི་མཛུབ་མོས་མྱོང་རོལ་བྱེད་བཞིན་ཡོད།

སྐབས་དེ་དག་ལ་ངས་ཞེ་ཐག་པ་ནས་འཇིག་རྟེན་སྟེང་གི་བྱ་དངོས་ཡོད་ཚད་མཐོང་འདོད་སྐྱེས་འོངས། ལག་པའི་རེག་བྱ་ཁོ་ནར་བརྟེན་ནས་ཀྱང་ང་ལ་སྤྲོ་བ་གང་མང་ཞིག་འཐོབ་ཀྱི་འདུག་པས། གལ་ཏེ་ང་ལ་མིག་དབང་ཞིག་ལྡན་ཚེ། ངས་རང་བྱུང་གི་མཛེས་སྡུག་ཅི་འདྲའི་མོད་པོ་ཞིག་མཐོང་བར་འགྱུར་ཨང་།

དེང་སྐབས་མིག་དབང་རྒྱུན་ལྡན་ཡིན་པའི་མི་ཚོས་དངོས་སུ་མཐོང་བའི་བྱ་དངོས་ཤིན་ཏུ་ཉུང་སྟེ། ས་སྟེང་འདི་ཁ་དོག་དང་འགུལ་སྐྱོད་ཀྱིས་གྲུབ་པའི་མཛེས་ལྗོངས་ཤིག་ཡིན་པ་ངས་ཁ་ཚོན་གཅོད་ཐུབ་མོད། གཅིག་བྱས་ན། དེ་ནི་ང་ཚོ་འགྲོ་བ་མིའི་རིགས་ཀྱིས་རང་ཉིད་ལ་བདོག་པ་གང་ཞིག་གཙིགས་སུ་མི་འཛིན་པར། རང་ཉིད་ལ་ནམ་ཡང་འཐོབ་ཏུ་མེད་པ་ཞིག་ལ་རེ་འདུན་བཅངས་པའི་རྐྱེན་གྱིས་ཡིན་སྲིད།

ཡིད་རབ་ཏུ་ཕངས་པ་ཞིག་ལ། འཇིག་རྟེན་དཀར་ངོགས་སུ། ང་ཚོས་མིག་དབང་ནི་ཉེར་མཁོའི་ཡོ་བྱད་འབའ་ཞིག་གི་ཆེད་དུ་བཀོལ་བ་མ་གཏོགས། རང་གི་མི་ཚེར་སྔར་ལས་ལྷག་པའི་མཛེས་སྡུག་བསྐྲུན་པའི་སླད་དུ་སྤྱོད་ཀྱི་མི་འདུག

གལ་ཏེ་ང་གཙུག་ལག་སློབ་ཆེན་ཞིག་གི་སློབ་གཙོ་ཡིན་པའི་དབང་དུ་བཏང་ན། ངས་ནི། “ཁྱེད་ཀྱིས་རང་གི་མིག་ཟུང་ཅི་ལྟར་བཀོལ་གྱི་ཡིན་ནམ།” ཞེས་པའི་ངེས་སྦྱོང་སློབ་ཚན་ཞིག་གསར་དུ་བཀོད་སྒྲིག་བྱ་ངེས་ཡིན། དགེ་རྒན་ཚོས་ཀྱང་རང་གི་སློབ་ཕྲུག་ཚོར། ཁོ་ཚོས་སྣང་འཇོག་མ་བྱུང་བའི་མིག་མདུན་གྱི་བྱ་དངོས་དག་གསལ་བོར་མཐོང་དུ་བཅུག་སྟེ། སློབ་ཕྲུག་ཚོར་སོ་སོའི་མི་ཚེ་འཚོ་བར་སྔར་ལས་ལྷག་པའི་སྤྲོ་སྣང་ལྡན་པ་ཞིག་ཏུ་ཇི་ལྟར་གཏང་དགོས་ཚུལ་གདམ་པར་མ་ཟད། ད་དུང་ཁོ་ཚོའི་བག་ཉལ་སྒྱིད་ལུག་གི་འདུ་ཤེས་གཉིད་ལས་དཀྲོག་པའི་སྟ་གོན་ཡང་གནང་སྲིད།

འདི་ལྟར་སྨྲ་རུང་སྟེ། གཅིག་བྱས་ན། གལ་ཏེ་ང་ལ་ཉིན་གསུམ་རིང་གི་མིག་དབང་ཞིག་ལྡན་པར་གྱུར་ཚེ། ངས་ནི་རང་གིས་ཅི་ཞིག་མཐོང་འདོད་པ་མཐའ་དག་ཚོད་བགམ་དང་ཆ་འཇོག་གི་སྒོ་ནས་བརྗོད་ངེས་ཡིན། བདག་གིས་ཚོད་དཔག་ལྟར་ན། གལ་ཏེ་ཁྱེད་ལའང་འཇིག་རྟེན་མི་ཡུལ་མཐོང་བའི་དུས་ཡུན་ཉིན་གསུམ་ལས་མེད་པའི་དབང་དུ་བཏང་ན། ཁྱེད་ཀྱིས་ཀྱང་རང་གི་མིག་ཟུང་ཇི་ལྟར་བཀོལ་དགོས་པའི་གནད་དོན་ལ་བསམ་བློ་གཏང་སྲིད་པར་འདོད།

ཉིན་གསུམ་པའི་མཚན་སྨག་འཐིབ་འོང་བ་དང་། ཁྱེད་ལ་སླར་ཡང་ཉི་འོད་འཕྲོ་མི་སྲིད་པ་ཁྱེད་ཀྱིས་གཞི་ནས་རྟོགས་ཡོང་དུས། ཁྱེད་ཀྱིས་ཆེས་རིན་ཐང་ལྡན་པའི་དུས་ཡུན་ཉིན་གསུམ་པོ་དེ་ཇི་ལྟར་བསྐྱལ་ངེས་ཡིན་ནམ། ཁྱེད་ཀྱིས་ས་སྟེང་འདིའི་བྱ་དངོས་ཅི་ཞིག་མཐོང་སྙིང་འདོད་དམ།

སྤྱིར་ངས་མཐོང་སྙིང་འདོད་པ་ནི། ངའི་མིག་དབང་མུན་ནག་ཏུ་གྱུར་བའི་ལོ་ངོ་འདི་དག་གི་རིང་ལ། ང་རང་ཉིད་ལ་ཆེས་སྙིང་དུ་སྡུག་ཅིང་ཡིད་དུ་འོང་བའི་བྱ་དངོས་དག་ཡིན་ལ། ཁྱེད་ཀྱིས་གཟིགས་སྙིང་འདོད་པ་ཡང་ཁྱེད་རང་ཉིད་ལ་ཆེས་སྙིང་དུ་སྡུག་ཅིང་ཡིད་དུ་འོང་བའི་བྱ་དངོས་དག་ཡིན་པ་སྨོས་མེད་རེད། དེར་བརྟེན་ཁྱེད་ཀྱིས་རང་གི་མཐོང་ཆོས་མྱོང་འགྱུར་ཡོད་ཚད་ཀྱི་སེམས་བྱུང་བསྣམས་ཏེ། སླར་ཡང་མིག་དབང་ཉམས་པའི་སྨག་ཀློང་དུ་སོང་ཆོག་པ་རེད།

སྟེས་དབང་སྟབས་འཁེལ་གྱིས། གལ་ཏེ་ངས་ཉིན་གསུམ་རིང་མཐོང་རྒྱུ་བྱུང་བ་དང་། སླར་ཡང་ངའི་མིག་དབང་མུན་ནག་ཏུ་འགྱུར་ཚེ། ངས་ཉིན་གསུམ་གྱི་དུས་ཡུན་དེ་འདི་ལྟར་ཁག་གསུམ་དུ་བགོ་ཆོག་སྟེ། ཉིན་དང་པོར། ངས་རང་ཉིད་ལ་བྱམས་ཤིང་བརྩེ་བའི་མི་རྣམས་མཐོང་སྙིང་འདོད། ཁོ་ཚོའི་མཛའ་བརྩེ་ལ་བརྟེན་ནས་ད་གཟོད་ངའི་འཚོ་བར་དོན་སྙིང་ལྡན་པར་གྱུར།

ཐོག་མར་ངས་རང་ཉིད་ལ་ཆེས་སྙིང་ཉེ་བའི་དགེ་རྒན་གྱི་ཞལ་རས་ལ་ཡུན་རིང་ལྟ་འདོད། ཁོ་མོ་ནི་ལྕམ་མཱ་སེ་མཆོག་ཡིན། བདག་རང་བྱིས་པའི་དུས་སུ། ཁོ་མོ་ངེད་སར་ཡོང་ནས་ང་ལ་ཕྱི་རོལ་འཇིག་རྟེན་གྱི་སྒོ་མོ་ཡངས་པོར་ཕྱེ་བྱུང་། ངས་ཁོ་མོའི་བཞིན་རས་དང་རྣམ་པ་མཐོང་འདོད་པ་ཙམ་མ་ཟད། ངས་ད་དུང་ཁོ་མོའི་བཞིན་རས་དང་རྣམ་པ་དེ་རང་གི་དྲན་པའི་ཡུལ་དུ་ཉར་བཞིན། མུ་མཐུད་དེ་ལ་རྟོག་ཞིབ་ཡིད་འཇོག་གིས། ཁོ་མོས་ང་ལ་ཤེས་ཡོན་སློབ་གསོ་བསྒྲུབས་པའི་བརྩེ་སེམས་དང་བྱམས་སེམས། བརྩོན་སེམས་སོགས་འཚོ་བའི་བདེན་དབང་ཡང་དེའི་ཁྲོད་ནས་འཚོལ་སྙིང་འདོད། དེར་མ་ཟད། ཁོ་མོའི་མིག་ནང་དུ་ངས་ད་དུང་ཁོ་མོས་དཀའ་སྡུག་ཡོད་ཚད་ལ་ཅི་མི་སྙམ་པར་གདོང་གཏད་པའི་བརྟན་བརླིང་འགྱུར་མེད་ཀྱི་རང་གཤིས་དང་། དུས་ནམ་ཀུན་ཁོ་མོས་ང་ལ་བཅངས་པའི་འགྲོ་བ་མིའི་རིགས་ཀྱི་བྱམས་བརྩེ་དང་སྙིང་རྗེ་ཡང་མཐོང་སྙིང་འདོད།

བླ་སྲོག་གི་སྒེའུ་ཁུང་སྟེ___མིག་དབང།” བརྒྱུད་ནས། ངས་ད་གཟོད་གྲོགས་པོ་ཞིག་གི་ནང་སེམས་རྗེན་པར་མཐོང་ཐུབ་ཅེས་པའི་གོ་དོན་དེ་མི་རྟོགས་ནའང་། ངས་རང་གི་མཛུབ་མོ་ཁོ་ནར་བརྟེན་ནས་མིའི་བཞིན་རས་དང་རྣམ་པ་མཐོང་ཐུབ། ངས་ད་རུང་དགའ་བ་དང་སྐྱོ་བ་སོགས་མིའི་སེམས་འགྱུ་གཞན་མང་པོ་ཞིག་ཀྱང་ཚོར་རྟོགས་ཐུབ་པར་མ་ཟད། ཁོ་ཚོའི་བཞིན་རས་ཀྱི་རེག་བྱ་ལས་ངས་རང་གི་གྲོགས་པོ་ཚོར་རྒྱུས་ལོན་བྱེད་ཐུབ། ཡིན་ནའང་། དོན་དངོས་སུ་ལག་པའི་རེག་བྱ་ཁོ་ནར་བརྟེན་ནས། ངས་ཁོ་ཚོའི་རང་གཤིས་ལ་ཚོད་བགམ་མི་ཐུབ་པར་འདུག

དེ་ཡང་ལོས་ཡིན། ཁོ་ཚོས་ང་ལ་བརྗོད་པའི་བསམ་གཞིག་དང་བསྟན་པའི་གཟུགས་བྱད་འགུལ་སྟངས་སོགས་ཐབས་ལམ་གཞན་བརྒྱུད་ནས་ངས་ཁོ་ཚོའི་རང་གཤིས་ཕྲན་བུ་རྟོགས་ཐུབ་ཀྱང་། ཁོ་ཚོའི་བསམ་གཞིག་སྣ་ཚོགས་དང་ཁོར་ཡུག་གི་ཚུར་སྣང་ལ་བལྟ་བ། ཁོ་ཚོའི་མིག་ཟུང་གི་སྐྱེན་རྡེབ་དང་རྣམ་འགྱུར། ད་དུང་ཁོ་ཚོའི་གཟུགས་བྱད་འགུལ་སྟངས་ཀྱི་ཉམས་འགྱུར་ལ་དོ་སྣང་བྱེད་པ་བཅས་བརྒྱུད་ནས། ངས་ད་གཟོད་ཁོ་ཚོར་རྒྱུས་ལོན་གཏིང་ཟབ་ཅིག་བྱ་ཐུབ་པ་ཁོ་མོས་ཁ་ཚོན་གཅོད་ཐུབ།

ངས་རང་གི་ཉེ་འཁོར་གྱི་གྲོགས་པོ་ཚོར་རྒྱུས་ལོན་ལེགས་པོ་བྱེད་ཐུབ། རྒྱུ་མཚན་ནི་ལོ་ཟླ་མང་པོ་ཞིག་གི་རིང་ལ། ཁོ་ཚོས་ང་ལ་འབྲེལ་འདྲིས་གང་མང་གནང་བས་ཡིན། གློ་བུར་ཕྲད་པའི་གྲོགས་པོ་ཚོ་ནི་ངའི་ཡིད་ཀྱི་མཐོང་སྣང་རབ་རིབ་ཙམ་ལས་མི་འདའ། མཐོང་སྣང་དེ་ཡང་སྐབས་འཕྲལ་གྱི་ལག་འཇུ་དང་ཁོ་ཚོས་གློད་པའི་སྐད་ཆ་དག་ངའི་ལག་མཐིལ་དུ་བྲིས་པའམ། ངའི་ལག་པས་ཁོ་ཚོའི་མཆུ་སྒྲོས་འགུལ་སྟངས་ལ་མྱངས་པ་ལས་བྱུང་བ་ཡིན།

མིག་གིས་མཐོང་བའི་མི་ཡིས་ཁྱུག་ཙམ་བལྟས་པས་ཀྱང་མི་གཞན་གྱི་ཞིབ་ཕྲའི་རྣམ་འགྱུར་དང་ཤ་གནད་རྒྱུ་སྟངས། ལག་པའི་ཕྱག་རྒྱ་སོགས་ལས་ཁོ་ཚོའི་གཤིས་རྒྱུད་ངོ་མ་དེ་སླ་མོ་དང་མྱུར་མོར་ཡིད་ཚིམས་པར་རྟོགས་མོད། འོན་ཀྱང་ཁྱེད་ཀྱི་མིག་གིས་གྲོགས་པོའམ་རང་ལ་རྒྱུས་མངའ་ཆེ་བའི་མིའི་ནང་སེམས་ཀྱི་གཤིས་རྒྱུད་རྟོགས་སམ།

མིག་དབང་རྒྱུན་ལྡན་ཡིན་པའི་མི་ཕལ་ཆེ་བས་རྣམ་གཡེང་གི་ངང་ནས་། ཕ་རོལ་བོའི་ཕྱིའི་བཞིན་རས་དང་རྣམ་པ་ལ་ལྟ་བ་ཙམ་མ་གཏོགས། དེ་ལ་རྟོག་ཞིབ་རྒྱུས་ལོན་མི་བྱེད་པ་མ་ཡིན་གྲང་། ཆ་བཞག་ན། ཁྱེད་ཀྱིས་རང་གི་གྲོགས་བཟང་ལྔ་ཡི་བཞིན་རས་དང་རྣམ་པ་འཁྲུལ་མེད་དུ་བརྗོད་ཐུབ་བམ། མི་རེ་ཟུང་གིས་དེ་ལྟར་ཞིབ་བརྗོད་ཐུབ་སྲིད་ཀྱང་། མི་མང་ཤོས་ཀྱིས་བརྗོད་མི་ཐུབ་པར་འདུག

སྔོན་ཆད་ངས་སྐྱེས་པ་འགའ་ལ། ཁྱེད་ཚོས་རང་གི་རྒྱུན་འགྲོག་དགའ་མའི་མིག་ཟུང་གི་ཁ་དོག་ཞིབ་བརྗོད་ཐུབ་བམ་ཞེས་དྲིས་དུས། ཁོ་ཚོས་ནམ་རྒྱུན་དོགས་མི་བདེ་བའི་རྣམ་འགྱུར་ཞིག་སྟོན་པ་ལས། རང་ཉིད་ཀྱིས་ཞིབ་བརྗོད་མི་ནུས་པ་ཁས་ལེན་གྱི་འདུག རྒྱུ་རྐྱེན་དེའི་དབང་གིས། སྐྱེས་མ་ཚོས་རང་གི་ཁྱོ་བོས་རང་ཉིད་ཀྱི་ལྭ་བ་སོ་མ་དང་ཞྭ་མོ་གསར་བ། ཐ་ན་རང་ཁྱིམ་གྱི་གོ་སྒྲིག་བཅས་ལ་དོ་སྣང་ཁྱོན་ནས་མི་བྱེད་ཅེས་སྡིགས་མོ་བྱེད་ཀྱིན་ཡོད་པ་རེད།

མིག་གིས་མཐོང་བའི་མི་རྣམས་རང་གི་ཁོར་ཡུག་གི་བྱ་དངོས་མཐའ་དག་ལ་ལམ་སེང་འདྲིས་ལོབས་སུ་འགྱུར་འགྲོ་བ་དེ་དོན་དངོས་སུ། ཁོ་ཚོས་ངོ་མཚར་ཁྱད་འཕགས་ཀྱི་བྱ་དངོས་ཏག་ཏག་མཐོང་གི་ཡོད་རུང་། མཐོང་སྣང་གི་ཆེས་ངོ་མཚར་བའི་བྱ་དངོས་དེ་དག་མཐོང་བྱེད་ཀྱི་མིག་དབང་དེ་ནམ་རྒྱུན་ལེ་ལོ་སྒྱིད་ལུག་གི་དབང་དུ་ཚུད་ཡོད་དེ། ཁྲིམས་ཁང་གི་རེག་ཟིག་ལས་ཉིན་རྒྱུན་དོན་དངོས་མཐོང་མཁན་གྱི་བདེན་དཔང་དེ་ཡང་དེ་འདྲའི་ཡང་དག་ཅིག་མིན་པ་གསལ་འདེབས་བྱེད་ཀྱི་ཡོད་པ་རེད། དོན་རྐྱེན་ཞིག་གི་བྱུང་བ་བདེན་དཔང་བྱེད་དུས། “དོན་དངོས་མཐོང་མཁན”མང་པོ་ཞིག་གི་མཐོང་སྣང་མི་འདྲ་སྟེ། ལ་ལས་མཐོང་བ་ཕ་རོལ་བོ་ལས་ཧ་ཅང་མང་བ་ཡོད་རུང་། ཁོ་ཚོའི་མཐོང་ལམ་གྱི་བྱ་དངོས་ཡོད་ཚད་མཐོང་མཁན་ཧ་ཅང་དཀོན།

གལ་ཏེ་ང་ལ་ཉིན་གསུམ་རིང་མཐོང་བའི་མིག་དབང་ཞིག་ལྡན་པར་གྱུར་ཚེ། ངས་ནི་ངེས་པར་དུ་བྱ་དངོས་འགའ་ཞིག་མཐོང་དགོས།ཉིན་དང་པོ་ནི་ཧ་ཅང་ལས་བྲེལ་ཆེ་བའི་ཉིན་ཞིག་ཡིན་ངེས་ཏེ། ངས་རང་གི་གྲོགས་པོ་ཚང་མ་མགྲོན་དུ་བོས་ནས་ཁོ་ཚོའི་བཞིན་རས་ལ་ལྟ་བཞིན། ཁོ་ཚོའི་ནང་སེམས་ཀྱི་མཛེས་པ་ཡོད་ཚད་རང་ཉིད་ཀྱི་དྲན་པའི་ཡུལ་ལ་འཇགས་ཐབས་བྱ་ངེས་ཡིན། ངས་ད་དུང་ཨ་མའི་ནུ་ཞོར་བརྟེན་པའི་བུས་པ་ཞིག་གི་བཞིན་རས་ལ་བལྟ་དགོས། དེ་ལྟར་བལྟས་པས། ངས་ད་གཟོད་ཁོ་ཚོས་འཚོ་བའི་འཕེལ་འགྱུར་ཁྲོད་ཀྱི་འགལ་འདུ་སྣ་ཚོགས་ལ་ངེས་ཤེས་མ་འདྲོངས་པའི་དྲི་མེད་དྭངས་གཙང་གི་མཛེས་པ་དང་ཕུགས་བསམ་མཐོང་ཐུབ།

ངས་ད་དུང་རང་ཉིད་ལ་ཤ་ཞེན་དང་ཡིད་རྟོན་བཅོལ་བའི་ཁྱི་ཕྲུག་སྟེ། ཁུ་སིམ་གཟབ་ནན་ཡིན་པའི་སི་ཁོ་ཊེའི་(Scottie)ཁྱི་ཕྲུག་ཌར་ཀེ་(Darkie)དང་དཔའ་སྙིང་ཆེ་ལ་བསམ་ཤེས་ཡིན་པའི་ཌན་མག་(Denmark)གི་སྤྱང་ཁྱི་(Great Dane)ཧེལ་གྷ་(Helga)སོགས་གསལ་བོར་མཐོང་འདོད། ཁོ་ཚོའི་བརྩེ་འདང་དང་རྩེད་གྲོགས་ལ་བརྟེན་ནས། ང་ལ་ནམ་ཞར་སེམས་གསོ་དང་བདེ་སྣང་བརྗོད་ཀྱིས་མི་ལང་བ་འཐོབ་ཡོང་།

བྲེལ་ཟིང་ཆེ་བའི་ཉིན་དང་པོར། ངས་ད་དུང་རང་ཁྱིམ་གྱི་ཅ་ག་ཙག་ཙིག་ལ་བལྟ་དགོས། ངའི་རྐང་འོག་གི་དྲོད་འཇམ་ལྡན་པའི་ས་གདན་གྱི་ཁ་དོག་དང་རྩིག་ལྡེབས་ཀྱི་པར་རིས་སོགས་མདོར་ན་གཞིས་ཁྱིམ་མཛེས་པར་སྤུད་པའི་རྒྱུན་བཀོལ་ཡོ་བྱད་ཡོད་དོ་ཅོག་ལ་བལྟ་དགོས་པར་མ་ཟད། ངའི་མིག་ཟུང་གིས་མོས་གུས་དང་བཅས་ཏེ་ངས་སྔོན་ཆད་བཀླགས་མྱོང་བའི་འབུར་བྲིས་དཔེ་ཆར་བལྟ་དགོས།  ____མིག་དབང་རྒྱུན་ལྡན་ཡིན་པའི་མི་ཚོ་པར་བཏབ་དཔེ་ཆར་བལྟ་རྒྱུར་དགའ་ཡང་སྲིད། ____ རྒྱུ་མཚན་ནི། ངའི་མིག་གིས་མ་ཐོང་བའི་མུན་ནག་གི་མཚན་ནམ་རིང་མོ་ལྟ་བུའི་མི་ཚེའི་ནང་། ང་རང་ཉིད་ཀྱིས་བཀླགས་པའམ། གཞན་གྱིས་ང་ལ་བཀླགས་པའི་བརྩམས་ཆོས་ཡོད་ཚད་འོད་སྟོང་འཕྲོ་བའི་འོད་ཁྱིམ་ཞིག་ཏུ་གྲུབ་སྟེ། དེས་ང་ལ་འགྲོ་བ་མིའི་རིགས་ཀྱི་ནང་བསམ་བློ་དང་ཕྱིའི་འཚོ་བའི་སྣང་བརྙན་གསལ་བོ་ཞིག་སྟོན་བཞིན་ཡོད།

ངའི་མིག་གིས་མཐོང་རྒྱུ་བྱུང་བའི་ཉིན་དང་པོའི་ཕྱི་དྲོར། ང་ནགས་ཚལ་དུ་སྤྲོ་གསེང་ལ་ཆས་ཏེ། རང་བྱུང་ཁམས་ཆེན་མོའི་མཛེས་སྡུག་གིས་ངའི་མིག་དབང་མྱོས་པར་བྱེད་འདོད། དུས་ཡུན་ཆུ་ཚོད་ཁ་ཤས་རིང་ལ་བློ་སེམས་རྩེ་གཅིག་གིས། ངའི་འདྲེན་བྱེད་ཟུང་། མིག་དབང་ལྡན་པའི་མིས་མཐོང་མྱོང་བའི་མཐའ་ཡས་པའི་མཛེས་ལྗོངས་ལ་གཏད་པའི་སྟ་གོན་བྱེད་དགོས། ནགས་ཚལ་ནས་ཕྱིར་རང་ཁྱིམ་དུ་ལོག་པའི་ལམ་བར་དུ། ང་ཞིང་རྭའི་ཕྱོགས་སུ་འཐེན་པའི་ལམ་ཕྲན་དེད་ནས་སོང་ཚེ། ངས་ངང་རྒྱུད་རིང་བའི་རྟ་མཆོག་ ______ གཅིག་བྱས་ན། ངས་རྨོ་འདེབས་འཕྲུལ་འཁོར་མཐོང་ཡང་སྲིད _____ དག་གིས་ས་ཞིང་སློག་པ་དང་། ཞི་དུལ་ཆོག་ཤེས་ལྡན་པའི་སོ་ནམ་པ་དག ཞིང་སའི་མཐའ་འཁོར་དུ་འཚོ་ཞིང་གནས་པ་མཐོང་ངེས། ངས་ད་དུང་ཉི་ནུབ་ཀྱི་མཚམས་སྤྲིན་དང་གཟི་འོད་ལ་སྨོན་ལམ་འདེབས་དགོས།

ས་རུབ་ནས་རྒྱང་མིག་ཆད་དུས། ང་ཧ་ཅང་སྤྲོ་སེམས་འཁོལ་བའི་མིས་བཟོས་འོད་སྣང་ལ་རོལ་དགོས། འོད་སྣང་དེ་ནི་སྐྱེས་སྟོབས་ཀྱི་ཤེས་རབ་ལྡན་པའི་མིས་བཟོས་པ་དང་། མིས་བཟོས་འོད་སྣང་དེ་ལ་བརྟེན་ནས། རང་བྱུང་གི་མུན་ནག་ཁྲོད་དུ་ང་ཚོའི་མིག་དབང་གིས་སྔར་བཞིན་མཐོང་ཐུབ་པར་འགྱུར།

ངའི་མིག་གིས་མཐོང་རྒྱུ་བྱུང་བའི་ཉིན་དང་པོའི་མཚན་མོར། ཉིན་དཀར་མཐོང་བའི་ཕྱིར་དྲན་མང་བོས། ང་དང་ངའི་སེམས་པ་ལྟེམས་ཤིང་འཕྱོ་སྟེ། ང་གཉིད་དུ་ཡུར་དཀའ་ཨང་།

ངའི་མིག་གིས་མཐོང་རྒྱུ་བྱུང་བའི་ཉིན་གཉིས་པའི་ཞོགས་པའི་སྐྱ་རེངས་ཤར་བ་དང་མཉམ་དུ། ང་མལ་ལས་ལང་སྟེ། མཚན་མོ་ཉིན་མོར་འགྱུར་བའི་ཆེས་ངོ་མཚར་ཡིད་འོང་གི་ལྟད་མོར་བལྟ་དགོས། ང་རང་ཞོགས་པའི་མཐོང་ཡངས་པའི་མཛེས་ལྗོངས་ཀྱི་གཟི་འོད་དང་འགྲོགས་ཏེ། ཞོགས་པའི་ཉི་གཞོན་གྱིས་མནལ་ལམ་འགྲིམ་པའི་ས་ཆེན་གཉིད་ལས་དཀྲོག་པར་བལྟ་དགོས།

ཉི་མ་དེར། ངས་འདས་སོང་དང་ད་ལྟའི་བྲེལ་ཟིང་གི་དུས་སྐད་ཅིག་མའི་འཇིག་རྟེན་ལ་མིག་དབང་གཏད་དགོས། ངས་དུས་རབས་ཀྱི་འཕོ་འགྱུར་དང་མིའི་རིགས་ཀྱི་འཕེལ་རྒྱས་ངོ་མཚར་བའི་ལྟད་མོར་ལྟ་འདོད། ཉིན་གཅིག་གི་དུས་ཡུན་ནང་། འཇིག་རྟེན་སྟེང་གི་ཆེས་ངོ་མཚར་བའི་ལྟད་མོ་ཅི་ཙམ་ལ་བལྟ་ཐུབ་བམ་ཞེ་ན། དེ་ནི་གནའ་དེང་གི་དངོས་མང་བཤམས་སྟོན་ཁང་དུ་གཟིགས་དགོས་པ་སྨོས་མེད་རེད།

སྔོན་ཆད། ང་རྣམ་ཀུན་ནེའུ་ཡོག་གྲོང་ཁྱེར་དུ་ཡོད་པའི་རང་བྱུང་ལོ་རྒྱུས་ཀྱི་དངོས་མང་འགྲེམས་སྟོན་ཁང་དུ་ལྟད་མོར་ལྟ་བར་བསྐྱོད་དེ། དེ་གར་བཤམས་པའི་ལོ་རྒྱུས་ཀྱི་ཐོན་དངོས་དག་ལ་རེག་མྱོང་བྱས་པ་ཡིན། འོན་ཀྱང་ངའི་མིག་གིས་དངོས་སུ་མཐོང་འདོད་པ་དག་ནི། སའི་གོ་ལའི་འཕེལ་འགྱུར་སྐོར་གྱི་ལོ་རྒྱུས་སྙིང་བསྡུས་དང་དེའི་ནང་དུ་བཀོད་པའི་བསྐལ་བ་ཡ་ཐོག་གི་སྲོག་ཆགས། འགྲོ་བ་མིའི་རིགས་སོགས་སོ་སོའི་སྐྱེ་ས་སྐྱེས་ཡུལ་དུ་འཚོ་ཞིང་སྡོད་པའི་འདྲ་གཟུགས་རི་མོ། འགྲོ་བ་མིས་རང་གི་བློ་རིག་ཕྲན་བུར་བརྟེན་ནས་སྲོག་ཆགས་ཀྱི་རྒྱལ་ཁམས་དབང་དུ་མ་བཏུལ་བའི་ཡར་སྔོན་ནས། སའི་གོ་ལའི་སྟེང་འཁྱམ་ཞིང་འཚོ་བའི་གདོད་དུས་ཀྱི་གླང་ཆེན་(mastodon)དང་གཏུམ་འབྲུག་(dinosaur)། འགྲོ་བ་མི་དང་སྲོག་ཆགས་གཞན་དག་གི་བྱུང་འཕེལ་བརྒྱུད་རིམ་དངོས་བྲིས། རྒྱུ་སྐར་འདིའི་སྟེང་དུ། གནའ་མི་ཚོས་རང་ཉིད་ལ་ཞི་བདེ་ཞོད་འཇགས་ཀྱི་གཞིས་ཁྱིམ་བསྐྲུན་བྱེད་ཀྱི་ཡོ་བྱད་དག ད་དུང་རང་བྱུང་ལོ་རྒྱུས་ཀྱི་སྣང་ཚུལ་གཞན་བརྒྱ་ཕྲག་སྟོང་ཕྲག་མང་པོ་ཡིན།

མི་སེམས་འགུལ་བའི་དངོས་མང་འགྲེམས་སྟོན་ཁང་དེའི་ནང་དུ་བཤམས་པའི་སྲོག་ཆགས་ཀྱི་འདྲ་གཟུགས་དང་ཡུལ་ལྗོངས་ཀྱི་སྣང་བརྙན་དེ་དག་གིས་ཀློག་མཁན་དང་ལྟ་མཁན་ཅི་འདྲའི་མང་པོ་ཞིག་གི་མཐོང་རྒྱ་བསྐྱེད་མྱོང་ངམ་སྙམ་ནས། ང་རང་ཧ་ལས་སྲིད། མི་མང་པོ་ཞིག་ལ་དེའི་གོ་སྐབས་དབེན་པ་གདོན་མི་ཟ་ནའང་། གོ་སྐབས་རག་པའི་མི་གང་མང་ཞིག་གིས་གོ་སྐབས་དམ་འཛིན་གནང་མེད་པའང་ཁོ་མོས་ཁ་ཚོན་གཅོད་ཐུབ། དོན་དངོས་སུ། དེ་ན་ཁྱེད་ཀྱི་མིག་དབང་བཀོལ་སའི་གནས་མཆོག་ངོ་མཚར་བ་ཞིག་བདོག་ཅིང་། མིག་དབང་ལྡན་པའི་མི་རྣམས་ཀྱིས་རང་ལ་ལག་ཡོང་བཟང་བའི་ཉི་མ་མང་པོ་ཞིག་གནས་དེ་གར་བསྐྱལ་ཆོག་པ་མ་ཡིན་གྲང་།

དེ་ལྟར་ཡང་གུས་མོར་མཚོན་ན་འཆར་ཡན་གྱི་ཉིན་གསུམ་པོ་དེའི་རིང་ལ་བྲེལ་བྲེལ་འཚུབ་འཚུབ་གི་ངང་། དུས་ཡུད་ཙམ་རིང་ལ་བལྟས་པའི་འཆར་སྣང་འབའ་ཞིག་ཡིད་ལ་བཟུང་ནས་འགྲོ་དགོས་པ་རེད།

དེའི་རྗེས་ང་འགྲོ་སའི་ས་ཚིགས་གཉིས་པ་ནི། རྒྱལ་སའི་སྒྱུ་རྩལ་དངོས་མང་འགྲེམས་སྟོན་ཁང་ཡིན། གོང་དུ་བཤད་པ་ལྟར། རང་བྱུང་ལོ་རྒྱུས་ཀྱི་དངོས་མང་འགྲེམས་སྟོན་ཁང་དུ། འཇིག་རྟེན་གྱི་དངོས་པོའི་སྣང་ཚུལ་བཤམས་འདུག་པ་ནང་བཞིན། རྒྱལ་སའི་སྒྱུ་རྩལ་དངོས་མང་འགྲེམས་སྟོན་ཁང་དུའང་མིའི་རིགས་ཀྱི་བསམ་བློའི་སྣང་བརྙན་བགྲང་གིས་མི་ལང་བ་ཞིག་བཤམས་ཡོད།

འགྲོ་བ་མིའི་རིགས་ཀྱི་བྱུང་རབས་ལོ་རྒྱུས་ནང་དུ་སྒྱུ་རྩལ་ལ་བཅངས་པའི་སྐུལ་ལྕག་ནི། མིའི་རིགས་ཀྱི་སྐྱེ་འཕེལ་དང་བཟའ་བཏུང་སྡོད་གནས་ལ་བཅངས་པའི་རྟིང་སྐུལ་དང་འདྲ་ཞིང་། རྒྱལ་སའི་འགྲེམས་སྟོན་ཁང་གི་གཞི་ཁྱོན་ཆེ་བའི་སྦུག་མ་ཁང་མང་པོའི་ནང་དུ། གནའ་བོའི་ཨི་ཇེབ་(Egypt)དང་གྷི་རེ་སི་(Greece)རོམ་(Rome)སོགས་ཀྱི་བསམ་བློ་དེ། སྒྱུ་རྩལ་གྱིས་ལམ་ནས་ངའི་མདུན་སོར་བཤམས་ཡོད་པ་རེད། དེའི་ཕྱིར་ངས་ལག་པའི་རེག་བྱར་བརྟེན་ནས་གཙང་བོ་ནེལ་(Nile)གྱི་འགྲམ་རྒྱུད་དུ་བྱུང་བའི་གནའ་བོའི་ལྷ་དང་ལྷ་མོའི་སྐུ་བརྙན་དག་ལ་རྒྱུས་ལོན་བྱེད་པ་དང་། ངས་ཕར་ཐོ་ནོན་(Parthenon)ལྷ་ཁང་གི་གཟུགས་སུ་བཀོད་པའི་འཇིམ་བཟོ་དང་སྣུམ་ཚོན་རི་མོའི་བཟོ་བཀོད་ཚོར་ཡོང་། ངས་ད་དུང་ཨ་ཐིན་(Athenian)གྱི་དམག་དཔོན་ཚོར་ཕུལ་བའི་སྙན་འཇེབས་དབྱངས་ཀྱི་འགྱུར་ཁུགས་ལ་མྱོང་རོལ་བྱེད་ཐུབ། ཉི་ལྷ་ཨ་ཕོ་ལོ་(Apollo) དང་ལྷ་མོ་ཝི་ནུ་སི་(Venuses)། རྒྱལ་ཁའི་གཤོག་འགྱུར་ངོམ་པའི་ས་མོ་ཐི་རེ་སི་(WVS)སོགས་ངའི་ལག་མཛུབ་ཀྱི་མཛའ་གྲོགས་སུ་འགྱུར་ངེས། འབར་འབུར་དང་ཨག་ཚོམ་གྱིས་ཁེངས་པའི་རླབས་ཆེ་བའི་སྙན་ངག་མཁན་ཧོ་མིར་(Homer)གྱི་བཞིན་རས་ཧ་ཅང་སྙིང་ལ་སྡུག་པ་ཞིག་འདུག ཁོང་ནི་གུས་མོ་དང་འདྲ་བར་མིག་ལོང་བ་ཞིག་ཡིན་སྐད།

ངའི་ལག་ཟུང་རོམ་གྱི་ཕྱི་རབས་པས་བསྐྲུན་པ་འདྲ་ཞིང་གསོན་ཉམས་ལྡན་པའི་རྡོ་ཀ་མ་རུའི་སྐུ་བརྙན་སྟེང་བཞག་སྟེ། ངས་སྔོན་ཆད་མེ་ཆིལ་ཨན་གྷི་ལོ་(Michelangelo)ཡིས་ལུགས་མར་བཞེངས་པའི་དཔའ་བོ་མའོ་སི་(Moses)ཡི་མི་སེམས་འགུལ་བའི་འཇིམ་སྐུ་ལ་བྱིལ་བྱིལ་བཏང་མྱོང་། ངས་ད་དུང་རའོ་ཌེན་(Rodin)གྱི་འཇིམ་བཟོའི་ལག་རྩལ་ཚོར་ཞིང་། སེམས་གཏིང་ནས་ཡིད་སྨོན་འཆོར་བའི་གྷོ་ཐེ་ཁི་(Gothic)ཤིང་བརྐོས་སྒྱུ་རྩལ་གྱིས་ང་ལ་འཚེར་སྣང་དང་མཚར་སྣང་དུས་གཅིག་ཏུ་བསྐྱེད་མྱོང་།

སྤྱིར་སྒྱུ་རྩལ་འདི་རིགས་མིའི་མིག་དབང་གིས་མྱོང་བྱར་བཀོད་པ་ཡིན་གྱི། ངའི་ལག་པའི་རེག་བྱ་འབའ་ཞིག་གི་ཆེད་དུ་བཀོད་པ་ནི་མ་ཡིན་མོད། ལག་པའི་རེག་བྱ་ཁོ་ནར་བརྟེན་ནས། ངས་སྒྱུ་རྩལ་གྱི་སྣང་བརྙན་དེ་དག་ཧ་ཅང་དོན་སྙིང་གིས་ཕྱུག་པ་ཚོར་བྱུང་། རེག་མྱོང་མི་ཐུབ་པའི་དངོས་པོ་དག་ལ། ངས་ཚོད་དཔག་གི་ལམ་ནས་དེའི་མཛེས་ཉམས་ལ་རོལ་མྱོང་བྱ་དགོས་པས། ངས་གྷི་རེ་སིའི་(Greece)རྫ་བུམ་གྱི་ཕྱིའི་དབྱིབས་ལ་ཡིད་སྨོན་ཙམ་མ་གཏོགས། དེའི་མཛེས་རིས་དང་མཛེས་རྒྱན་ལ་རོལ་མྱོང་བྱ་ཐབས་བྲལ།

ངའི་མིག་གིས་མཐོང་རྒྱུ་བྱུང་བའི་ཉིན་གཉིས་པར། ངས་མིའི་རིགས་ཀྱི་སྒྱུ་རྩལ་ལ་བརྟེན་ནས་མིའི་རིགས་ཀྱི་བླ་སྲོག་ལ་རྟོག་ཞིབ་བྱ་བར་བརྩོན་དགོས། ལག་པའི་རེག་བྱ་ལས་ཚོར་བའི་བྱ་དངོས་དག་ལ། ངས་ཡང་བསྐྱར་ལྟ་སྙིང་འདོད། དུས་ད་ལྟ་ད་དུང་ཡང་ཆེས་ངོ་མཚར་བར་འདུག་པ་ནི། སྣུམ་ཚོན་རི་མོར་བཀོད་པའི་རྔམ་རྔམ་བརྗིད་བརྗིད་ཀྱི་འཇིག་རྟེན་ཧྲིལ་བོ་ཞིག་སྟེ། དེ་ནི་ཨེ་ཊ་ལེན་(Italin)གྱིས་བཟོས་པའི་ཞི་འཇམ་ཆོས་ལུགས་ལ་དད་ཅིང་ཞེན་པའི་གདོད་མའི་གྲུབ་མཐའ་ནས་འཆར་ཡན་རིང་ལུགས་ཀྱི་ཚ་རླབས་འཕྱུར་བའི་དེང་རབས་གྲུབ་མཐའི་བར་གྱི་ལོ་རྒྱུས་ཀྱི་རིག་དངོས་མང་པོ། ངའི་མིག་མདུན་དུ་གསལ་ལྷང་ངེར་བཤམས་ཡོད། ངས་ལྷའི་ཕོ་ཉ་ར་ཧྥལ་(Raphael)དང་ཝེན་སེ་(Vinci)། ཊེ་ཊེན་(Titian དང་རིམ་བྷི་རན་ཊི་(Rembrandt)སོགས་ཀྱི་སྣུམ་ཚོན་རི་མོར་ཞིབ་ཏུ་བལྟ་དགོས། ངས་ད་དུང་ཝེ་རའོ་ནི་སི་(Veronese)ཡི་དྲོད་འཇམ་གྱི་ཁ་དོག་ལོངས་སུ་སྤྱོད་པ་དང་། གྷི་རེ་ཁའོ་(Greco)ཡི་གསང་བར་རྟོག་ཞིབ་བྱ་བ་དང་། ཁའོ་རའོ་ཊི་(Corot)ཡི་རི་མོ་ལས་ངས་སླར་ཡང་རང་བྱུང་ཁམས་ཀྱི་སྣང་བརྙན་གསར་བ་ཞིག་འཛིན་དགོས།

དེ་ཡང་ལོས་ཡིན། མིག་དབང་རྒྱུན་ལྡན་ཡིན་པའི་མི་ལ་མཚོན་ན། ད་དུང་དེ་ལས་ལྷག་པའི་དུས་རབས་མང་པོའི་རིང་གི་སྒྱུ་རྩལ་གྱི་མཛེས་པ་དང་རིན་ཐང་གཞལ་དུ་མེད་པའི་རིག་དངོས་བགྲང་གིས་མི་ལང་བ་བདོག་སྲིད།

ངས་སྒྱུ་རྩལ་གྱི་ཕོ་བྲང་དེ་ལ་ལྟ་སྐོར་འཁྱུག་ཙམ་བྱས་པས། ངས་ཁྱེད་ཀྱི་མིག་མདུན་དུ་བཤམས་ཤིང་བདོག་པའི་རྒྱ་ཆེ་བའི་སྒྱུ་རྩལ་གྱི་འཇིག་རྟེན་དེ་ལ་དཔྱད་འཇོག་མི་ནུས། ང་ལ་སྒྱུ་རྩལ་གྱི་འཇིག་རྟེན་དེའི་ཕྱི་ཚུལ་གྱི་བག་ཆགས་ཙམ་མ་གཏོགས་ཅི་ཡང་མི་འཐོབ། སྒྱུ་རྩལ་པ་དག་གིས་ང་ལ། སྒྱུ་རྩལ་ལ་ཡིད་འཇོག་གཏིང་ཟབ་བྱ་དགོས་ཚེ། མི་དེ་ལ་ངེས་པར་དུ་མིག་དབང་གི་སློབ་གསོ་འཐོབ་དགོས། མི་དེས་ངེས་པར་དུ་རང་གི་ཉམས་མྱོང་ལ་བརྟེན་ནས་ཐིག་རིས་ཀྱི་ཆ་དང་གསར་རྩོམ་གྱི་ཆ། གྲུབ་ཚུལ་དང་ཁ་དོག་གི་ཆ་བཅས་ལ་སྦྱོང་བརྡར་ལེགས་པོ་གནང་དགོས། ཞེས་ཀྱང་གདམས་བྱུང་།

གལ་ཏེ་ངའི་མིག་གིས་མཐོང་རྒྱུ་བྱུང་ཚེ། ངས་ནི་ཡིད་སེམས་དབང་མེད་དུ་འཕྲོག་པའི་སྒྱུ་རྩལ་ཞིབ་འཇུག་གི་བྱ་གཞག་ལ་གཞོལ་བའི་སྤྲོ་སྣང་ཅི་འདྲ་ཆེ་ཨང་། དེར་མ་ཟད། བདག་ལ་བརྗོད་པ་ལྟར་ན། མིག་དབང་རྒྱུན་ལྡན་ཡིན་པའི་མི་ཕལ་ཆེ་བར་མཚོན་ན། སྒྱུ་རྩལ་གྱི་འཇིག་རྟེན་ནི་རྟོག་ཞིབ་མི་ནུས་ཤིང་མིའི་བློ་སྒོ་འབྱེད་དཀའ་བའི་མུན་ནག་གི་མཚན་མོ་དང་འདྲ་སྐད།

མི་འདོད་བཞིན་དུ་ང་ངེས་པར་དུ་རྒྱལ་སའི་སྒྱུ་རྩལ་དངོས་མང་འགྲེམས་སྟོན་ཁང་དང་འབྲལ་དགོས། སྤྱིར་གནས་དེ་གར་མཛེས་སྡུག་གི་སྒོ་མོ་འབྱེད་པའི་བློ་མིག་གི་ལྡེ་མིག་བདོག་ཀྱང་། མི་རྣམས་ཀྱིས་སྒྱུ་རྩལ་གྱི་མཛེས་སྡུག་དེ་སྣང་མེད་རྒྱ་ཡན་དུ་བཞག་འདུག

ཅི་སྟེ། མིག་དབང་ལྡན་ཡིན་པའི་མི་རྣམས་གནས་དེར་འོངས་ནས་མཛེས་སྡུག་གི་ལྡེ་མིག་འཚོལ་བའི་དགོས་པ་མི་འདུག་སྟེ། ཁོ་ཚོ་དངོས་མང་འགྲེམས་སྟོན་ཁང་ཆུང་ཆུང་དང་དཔེ་སྟེགས་བརྩམས་ཆོས་ཀྱིས་ལྟེམས་པའི་དཔེ་ཁང་ཆུང་ཆུང་དག་ལ་བསྐྱོད་ཚེ། དེ་གར་ཡང་སྒྱུ་རྩལ་མཛེས་སྡུག་གི་ལྡེ་མིག་རེ་བཞག་ཡོད་ངེས། ཡིན་ནའང་ངའི་མིག་གིས་མཐོང་རྒྱུ་བྱུང་བའི་འཆར་ཡན་གྱི་དུས་ཚོད་ཐུང་ཐུང་དེའི་ནང་ལ། ངས་མཛེས་སྡུག་གི་སྒོ་མོ་ཡངས་པོར་བརྐྱངས་ཤིང་སྒྱུ་རྩལ་དངོས་མང་བཤམས་པའི་གནས་དེ་འདམ་ངེས་ཡིན་ནོ།།

ངའི་མིག་གིས་མཐོང་རྒྱུ་བྱུང་བའི་ཉིན་གཉིས་པའི་མཚན་མོར། ང་གློག་བརྙན་ཁང་ངམ། ཡང་ན་ཟློས་གར་ཁང་གང་རུང་དུ་དུས་འདའ་བར་བྱ་འདོད། སྔར་བཞིན། ངས་རྒྱུན་དུ་ཟློས་གར་འཁྲབ་གཞུང་གི་རིགས་ཚང་མར་དོ་སྣང་བྱེད་ཀྱི་ཡོད་མོད། འོན་ཀྱང་མིག་གིས་མི་མཐོང་བའི་དབང་གིས། གྲོགས་པོ་ཞིག་གིས་ངེས་པར་དུ་ཟློས་གར་འཁྲབ་གཞུང་གི་ནང་དོན་ངའི་ལག་མཐིལ་དུ་འབྲི་དགོས། ཡིན་ན་ཡང་ལོ་རྒྱུས་སུ་གྲགས་པའི་རྒྱལ་སྲས་ཧམ་ལེ་ཊི་(Hamlet)ཡི་ཡིད་འཕྲོག་གི་གཟུགས་བྱད་དང་རྒྱལ་མོ་ཨ་ལེ་ཛ་བྷི་ཐན་(Elizabethan)དུས་སྐབས་ཀྱི་འཕྱོར་གོས་མནབས་ཏེ་འཕུར་ལྡིང་གི་སྟངས་སྟབས་བསྒྱུར་བའི་ཧྥལ་སི་ཊེ་ཧྥི་(Falstaff)སོགས་ངའི་མིག་གིས་དངོས་སུ་མཐོང་རྒྱུ་བྱུང་ན་སྙམ། ང་ད་དུང་སྙིང་ནས་བརྩེ་བའི་ཧྥལ་སི་ཊ་ཧྥི་ཡི་འགྱང་འགྲོས་རེ་རེ་དང་གཟི་བརྗིད་ལྡན་པའི་ཧམ་ལེ་ཊིའི་སྟངས་སྟབས་རེ་རེའི་རྗེས་སུ་འབྲང་རྒྱུ་བྱུང་ན་ཅི་མ་རུང་འདོད། ངས་ཟློས་གར་འཁྲབ་ཚན་གཅིག་མཐོང་བས་ཀྱང་། ང་ལ་སྐྱོ་སྣང་གི་སེམས་འགུལ་དྲག་པོ་ཐེབས་སྲིད། རྒྱུ་མཚན་ནི་ང་ལ་ད་དུང་བལྟ་འདོད་པའི་ཟློས་གར་འཁྲབ་གཞུང་ནི་བགྲང་གིས་མི་ལང་བ་བདོག་ངེས།

མིག་གིས་མཐོང་བའི་མི་རྣམས་ཀྱིས་སོ་སོའི་གང་འདོད་ཅི་འདོད་དུ་ལྟ་ཐུབ་པས། ཁྱེད་ཚོའི་གྲས་སུ་ཟློས་གར་གློག་བརྙན་སོགས་ངོ་མཚར་བའི་ལྟད་མོ་གང་རུང་ལ་གཟིགས་སྐབས། ཕ་རོལ་བོའི་གཟུགས་བྱད་འགུལ་སྟངས་དང་དེའི་གཟི་བྱིན། དེའི་ཁ་དོག་དང་བཅས་པ་ལོངས་སུ་སྤྱོད་བྱེད་ཀྱི་རང་གི་མིག་དབང་གི་དྲིན་གཟོ་རྟོགས་ཤིང་རང་གི་མིག་དབང་ལ་བཀའ་དྲིན་སྙིང་ནས་ཞུ་མཁན་ལྟད་མོ་བ་ག་ཚོད་ཡོད་དམ།

ངས་རང་གི་ལག་པའི་རེག་བྱ་ཙམ་མ་གཏོགས། སྙན་འཇེབས་དབྱངས་ཀྱི་འགྱུར་ཁུགས་སུ་དྲངས་པའི་སྟངས་སྟབས་ཀྱི་འཇོ་སྒེག་དེ་འདྲ་ལོངས་སུ་སྤྱོད་ཐབས་བྲལ། ངས་ཕཱ་ཝ་ལོ་ཝ་(Pavlowa)ཡི་གཟི་བྱིན་རབ་རིབ་མག་མོག་ཅིག་ལས་མཐོང་མི་ཐུབ་ནའང་། ངས་སྙན་འཇེབས་དབྱངས་ཀྱི་འགྱུར་ཁུགས་ཀྱི་དགའ་ཚོར་གང་རུང་ཞིག་རྟོགས་ཡོང་། དེའི་རྒྱུ་མཚན་ནི་ངས་ནམ་རྒྱུན་ཁང་མཐིལ་གྱི་འདར་འགུལ་ལ་བརྟེན་ནས་རོལ་དབྱངས་ཀྱི་འགྱུར་ཁུགས་ཚོར་བཏུབ། ངས་ད་དུང་དབྱངས་རྟའི་འགྱུར་ཁུགས་དང་བསྡེབས་པའི་འགུལ་སྐྱོད་ནི་འཇིག་རྟེན་སྟེང་གི་ཆེས་ཡིད་དུ་འོང་བའི་ལྟད་མོ་ཞིག་ཡིན་པ་གསལ་བོར་དཔག་ཐུབ།

འདི་ནི་ངས་སྔོན་ཆད་རང་གི་མཛུབ་མོར་བརྟེན་ནས་རྡོ་ཀ་མ་རུའི་སྐུ་བརྙན་སྟེང་གི་ཐིག་རིས་ལ་རེག་པ་ལས་རྟོགས་པ་ཡིན། གལ་ཏེ་འདི་ལྟ་བུའི་བག་ཉལ་གྱི་མཛེས་པ་ཆེས་མཆོག་ཏུ་འགྱུར་ཚེ། འགུལ་སྐྱོད་ཁྲོད་ཀྱི་མངོན་འགྱུར་གྱི་མཛེས་པ་ནི་ཅི་འདྲའི་མི་སེམས་འགུལ་བའི་ཚོར་འདུ་རྣོན་པོ་ཞིག་ཡིན་པ་བསྙོན་དུ་ཅི།

སྐབས་དེའི་ངའི་དྲན་འཆར་ཁྲོད་ཀྱི་ཆེས་སྤྲོ་སེམས་འཁོལ་བ་ཞིག་ནི། ཟློས་གར་མཁན་པོ་རྗེ་ཧྥིར་སིན་(Jefferson)གྱིས། རང་ཉིད་ཆེས་དགའ་སའི་མི་སྣ་ཝེན་ཁིལ་(Winkle)གྱི་སྨྲ་བརྗོད་དང་ཉམས་འགྱུར་འཁྲབ་སྟོན་གནང་སྐབས། ང་ཁོང་གི་བཞིན་རས་དང་ཕྱག་ཟུང་ལ་ཐུག་ཏུ་བཅུག་པ་དེ་ཡིན། དེ་ལ་བརྟེན་ནས་ང་ལ་ཟློས་གར་འཇིག་རྟེན་གྱི་སྣང་ཚུལ་ཕྲན་བུ་ངོས་ཟིན་ཐོབ་པར་གྱུར་བས། སྐབས་དེའི་སྤྲོ་སྣང་ནི་ངས་དུས་ནམ་དུ་ཡང་བརྗེད་མི་སྲིད།

དེ་ལྟར་ཡང་། མིག་གིས་མཐོང་བའི་མི་རྣམས་ཀྱིས་ཟློས་གར་འཁྲབ་སྟངས་ལ་གཟིགས་པ་དང་ཟློས་གར་འཁྲབ་ཚིག་ལ་གསན་པ་ལས་བསྐྱེད་པའི་སྤྲོ་སྣང་བརྗོད་ཀྱིས་མི་ལང་བ་ཞིག་ལ། གུས་མོ་རོལ་ཞིང་མྱོང་རེ་སྐན་ཨང་།

གལ་ཏེ་ངས་ལྟད་མོ་ཞིག་ལ་ལྟ་ཐུབ་རུང་། རང་ཉིད་ཀྱིས་སྔོན་ཆད་བཀླགས་མྱོང་བའམ་གཞན་པས་རང་གི་ལག་མཐིལ་དུ་བྲིས་མྱོང་བའི་ཟློས་གར་འཁྲབ་གཞུང་གྲངས་ཀྱིས་མི་ལང་བ་ཞིག་རང་སེམས་ནས་འཆར་སྣང་བྱེད་རྒྱུ་ཙམ་ལས་མི་འདའ།

ངས་འཆར་ཡན་བྱས་པའི་མིག་དབང་སླར་སོས་ཀྱི་ཉིན་གཉིས་པའི་མཚན་མོར། ཟློས་གར་རྩོམ་རིག་གི་མི་སྣ་རླབས་ཆེན་དག་ངའི་མིག་ལམ་དུ་འཚང་ཁ་ཤིག་ཤིག ང་གཉིད་དུ་ཡུར་ངེས།

ཕྱི་ཉིན་ཞོགས་པར། ངས་སྔར་བཞིན་ནངས་སྔ་མོའི་ཐོ་རངས་བསུ་དགོས། སྤྲོ་སྣང་གསར་བ་ཞིག་ལ་རེ་སྒུག་བྱེད་དགོས། རྒྱུ་མཚན། མིག་གིས་དངོས་སུ་མཐོང་ནུས་པའི་མི་རྣམས་ལ་མཚོན་ན། ཞོགས་པ་རེ་རེའི་སྐྱ་རེངས་ནི་རྣམ་ཀུན་མཛེས་སྡུག་གི་ཅོང་བརྡ་གསར་བ་ཞིག་ཡིན་པ་གུས་མོས་ཁ་ཚོན་གཅོད་ཐུབ།


བདག་གི་ངོ་མཚར་བའི་འཆར་ཡན་གྱི་དུས་ཡུན་ཉིན་གསུམ་ལ་གཞི་བཅོལ་ན། དེ་རིང་ནི་ངའི་མིག་གིས་མཐོང་རྒྱུ་བྱུང་བའི་ཉིན་གསུམ་པ་དང་ཉིན་མཐའ་མ་ཡང་ཡིན།

ས་སྟེང་འདི་ན་ངས་ད་དུང་མཐོང་འདོད་པའི་བྱ་དངོས་བགྲང་གིས་མི་ལང་བས། ངས་རེ་སྒུག་དང་བློ་འགྱོད་ཁོ་ནའི་ཁྲོད་དུ་ཆུད་ཟོས་སུ་གཏང་རྒྱུའི་ཆུ་ཚོད་མང་པོ་མི་འདུག


ཉིན་དང་པོ་ནི་ངས་རང་གི་ཚེ་སྲོག་ལྡན་མིན་གྱི་སྙིང་ཉེ་བའི་གྲོགས་པོ་ཚོར་འབུལ་ཞིང་། ཉིན་གཉིས་པར་ང་ལ་མིའི་རིགས་དང་རང་བྱུང་ལོ་རྒྱུས་ལ་ངོས་ཟིན་འཐོབ་པ་དང་། དེ་རིང་གུས་མོ་ད་ལྟའི་འཛམ་གླིང་གི་ཡོ་ལང་རྒོད་པའི་ལས་གནས་སུ་བསྐྱོད་དེ། མིའི་རིགས་ཀྱི་འཚོ་བར་རྒྱུས་ལོན་ཞིག་བྱ་སྙིང་འདོད།


གནས་དེ་གར་ནེའུ་ཡོག་གྲོང་ཁྱེར་ནང་བཞིན་མིའི་རིགས་ཀྱི་འཚོ་བའི་གནས་བབ་དང་བྱ་འགུལ་གང་མང་མཐོང་ཐུབ། དེར་བརྟེན་གྲོང་ཁྱེར་དེ་ནི་གུས་མོ་འགྲོ་སའི་དམིགས་གནས་གཙོ་བོ་ཞིག་ཡིན་འོས།


ཐོག་མར་ང་གླིང་ཕྲན་ཤར་མོ་དེའི་ནགས་རི་ཆུང་ཆུང་འགའི་མཐའ་ཁུལ་དུ་གནས་བཅས་པའི་རང་ཁྱིམ་ནས་ང་ལམ་ལ་ཆས་དགོས། གནས་དེ་ནི་སྔོ་ལྗང་གི་རྩྭ་ཐང་དང་ལྗོན་ཤིང་། མཚར་སྡུག་གི་མེ་ཏོག་སོགས་རང་བྱུང་སྐྱེ་དངོས་ཀྱིས་བརྒྱན་ཞིང་། ཁྱིམ་གཞིས་ཆུང་ཆུང་དག་གི་བཀོད་པ་ཤིན་ཏུ་ལེགས་པར་མ་ཟད། ཁྱིམ་འཛིན་མ་དང་བྱིས་པ་ཚོའི་འགྲོ་འོང་། ཁོ་ཚོའི་དགའ་སྐྱིད་ཀྱི་དགོད་སྒྲ། འདུ་འཛི་ཆེ་བའི་གྲོང་ཁྱེར་དུ་ལས་ལ་བརྩོན་པའི་སྐྱེས་པ་ཚོར་མཚོན་ན་ཡང་། དབུགས་ངལ་གསོ་སའི་ཞི་བདེ་ཞོད་འཇགས་ཀྱི་གནས་མཆོག་ཅིག་ཡིན་འདུག


དེ་ནས་གུས་མོ་རླངས་འཁོར་ལ་བསྡད་དེ་ཤར་གྱི་གཙང་བོའི་སྟེང་གི་ལྕགས་ཟམ་འཕྲེད་ཀྱིས་བརྒལ་དུས། མིའི་རིགས་ཀྱི་ལག་རྩལ་དང་སྟོབས་ཤུགས་ཀྱིས་བསྐྲུན་པའི་མཛེས་ལྗོངས་གསར་བར་ངེས་ཤེས་ཟབ་མོ་ཞིག་བསྐྱེད་སྲིད། གཙང་ངོགས་སུ་འཕུར་སྐྱོད་བྱེད་པའི་གྲུ་ཆུང་དང་དུང་སྒྲ་སྒྲོག་པའི་གྲུ་གཟིངས་སོགས་གཙང་ཆུའི་བཞུར་རྒྱུན་དང་བསྡེབས་ནས་མཚོ་ཐོག་འགྲུལ་སྐྱོད་ལ་བྲེལ་ཞིང་འདུག

གལ་ཏེ་ངའི་མིག་གིས་ད་དུང་ཉིན་མང་པོ་ཞིག་ལ་མཐོང་རྒྱུ་བྱུང་ཚེ། ངས་གཙང་ངོགས་ཀྱི་ཆེས་སྤྲོ་སྣང་ལྡན་པའི་བྱེད་སྒོ་དེའི་རིགས་ལ་ཞིབ་ལྟ་ཞིག་བྱ་འདོད།

དེའི་རྗེས་ངས་མདུན་ཕྱོགས་སུ་ལྟ་དུས། ངའི་མིག་མདུན་དུ་ནེའུ་ཡོག་གྲོང་ཁྱེར་གྱི་ངོ་མཚར་བའི་ལྕོག་མཁར་དག་གསལ་ལྷང་ངེར་མངོན་ཞིང་། དེ་ནི་རྟོག་སྒྲུང་ཁྲོད་ཀྱི་གྲོང་ཁྱེར་ཞིག་དང་གཉིས་སུ་མི་འདུག

ཅི་འདྲའི་ངོ་མཚར་ཞིང་ཡིད་འཕྲོག་གི་མཛེས་ལྗོངས་ཤིག་ལགས་ཨང་། འོད་མདངས་འཚེར་བའི་ལྕོག་མཁར། མུ་མཐའ་བྲལ་བའི་བྱེ་ཟེགས་ཀྱི་མཚོ་ངོགས། རྣོ་ལྕགས་ཀྱིས་གྲུབ་པའི་དཔྱངས་ཟམ། དེ་དག་ཚང་མ་འཇིག་རྟེན་བཀོད་པ་པོས། ཁོ་ཚོ་རང་ཉིད་ལ་བསྐྲུན་པར་སྣང་།

གསོན་ཉམས་ལྡན་པའི་མཛེས་ལྗོངས་དེས་ཡུལ་མི་ས་ཡ་མང་པོའི་ཉིན་རེའི་འཚོ་བའི་ཟུར་ཞིག་མཚོན་འདུག ངའི་བསམ་ན། སྐར་ཆ་གཅིག་རིང་གི་མིག་བཤེར་ཁྲོད་དུ། མི་ཅི་ཙམ་ཞིག་གིས་མཛེས་ལྗོངས་དེ་མཐོང་ཡོད་དམ་ཞེ་ན། ཡིད་ཕངས་པ་ཞིག་ལ། ཕལ་ཆེར་མི་རེ་འགའ་ལས་མེད་སྙམ། དེ་ཡང་བརྗིད་ཉམས་ལྟ་ན་སྡུག་པའི་མཛེས་ལྗོངས་དེ་ཁོ་ཚོའི་མིག་དབང་དུ་འདྲིས་ཤིང་གོམས་པས། ཁོ་ཚོ་མིག་ལོང་དུ་གྱུར་བ་ལོས་ཡིན།

གང་མགྱོགས་སྒོས་ང་རང་གཞི་རྒྱ་ཆེ་བར་བསྐྲུན་པའི་བ་གམ་ _____གནའ་བོའི་བཙན་རྒྱལ་གྱི་ཕོ་བྲང་། _____ དེ་དག་གི་ཡང་རྩེར་འཛེག་དགོས། སྔོན་ཆད་ཐེངས་ཤིག་ལ་ངས་དེ་གར་རང་གི་དྲུང་ཡིག་གི་གཟིགས་ཞིབ་བརྒྱུད་ནས་མཐོངས་ཀའི་གྲོང་ཁྱེར་དེ་མཐོང་མྱོང་བས། ངས་དེ་དུས་ཀྱི་འཆར་སྣང་དང་དེ་རིང་གི་མངོན་གསལ་གཉིས་ཞིབ་བསྡུར་ཞིག་བྱེད་སྙིང་འདོད། དེ་ལྟར་བགྱིས་ཚེ་ངའི་མིག་མདུན་གྱི་མཐོང་ཡངས་པའི་ཡུལ་ལྗོངས་ལ་ང་རང་རེ་ཆད་དང་བློ་ཕམ་སྐྱེས་མི་སྲིད། ང་ལ་མཚོན་ན། དེ་ནི་མཐོང་སྣང་གི་འཇིག་རྟེན་གཞན་ཞིག་ཡིན་ཡང་སྲིད།

ད་ནི་ང་གྲོང་ཁྱེར་མཐའ་འཁོར་ལ་བསྐྱོད་པའི་སྟ་གོན་ལ་འཇུག་དགོས། ཐོག་མར་ང་འགྲིམ་འགྲུལ་ཡོ་ལང་ཆེ་བའི་གྲུ་ཟུར་ཞིག་ཏུ་འགྲེངས་ཏེ། མི་རྣམས་ཀྱི་འགྲོ་འོང་ལ་ལྟ་བཞིན། ཁོ་ཚོའི་མཐོང་སྣང་ལས་ཁོ་ཚོའི་འཚོ་བར་རྒྱུས་ལོན་ཞིག་བྱེད་འདོད། ཁོ་ཚོའི་འཛུམ་མདངས་མཐོང་བས་ང་ལ་སྤྲོ་སྣང་འཕེལ་ཞིང་། ཁོ་ཚོའི་ཆོད་སེམས་མཐོང་བས་ང་ལ་སྤོབས་པ་བསྐྱེད་ལ། ཁོ་ཚོའི་སྡུག་སྣང་མཐོང་བས་ང་ལ་སྙིང་རྗེ་སྐྱེས་ཡོང་།

ཁྲོམ་སྲང་ཨང་ལྔ་བའི་བར་དུ། ང་སྤྲོ་འཆམ་ལ་བསྐྱོད་དེ་རྒྱང་ལྟ་བྱ་དགོས། དེ་ལྟར་བགྱིས་ཚེ། ངས་ཅ་དངོས་ཅི་ཡང་མི་མཐོང་ནའང་། ངས་མཛེས་སྡུག་རྣམ་པར་བཀྲ་བའི་ཁ་དོག་སྣ་ཚོགས་མཐོང་ངེས།  དེ་ནི་འདུ་འཛིའི་ཁྲོད་དུ་འགྲོ་འོང་བྱེད་པའི་སྐྱེས་མ་ཚོའི་འཕྱོར་གོས་ཀྱི་ཁ་དོག་རེད་ལ། འཆོར་ཉམས་ཆེ་ཞིང་ངོ་མཚར་ལྡན་པའི་ལྟད་མོ་དེ་ལ་གུས་མོས་ཅི་ཙམ་བལྟས་ཀྱང་ངོམས་པར་མི་འགྱུར། ཡིན་ནའང་གལ་ཏེ་ངའི་མིག་གིས་མཐོང་ཐུབ་པའི་དབང་དུ་བཏང་ན། ང་ཡང་ཁོ་མོ་ཚོ་དང་འདྲ་བར། མི་སྒེར་སོ་སོའི་ཐོན་གསར་འཕྱོར་གོས་ཀྱི་ཆེ་ཆུང་དང་བཟོ་ལྟ་སོགས་ལ་སྤྲོ་བ་བླ་ལྷག་གིས་འཕེལ་ཏེ། ཁྲོམ་ཚོགས་ཀྱི་ངོ་མཚར་བའི་ཁ་དོག་སྣ་ཚོགས་ལ་དོ་སྣང་དེ་ཙམ་མི་བྱ།

དེ་གར་བཤམས་ཤིང་བསྟན་པའི་ཐོན་དངོས་ཁྲི་ཕྲག་མང་པོའི་མཛེས་ཉམས་ནི་མིའི་མིག་དབང་ཅིག་ཅར་དུ་འཕྲོག་པ་ཞིག་ཡིན་པ་གདོན་མི་ཟ་བས། ང་ཡང་སྤུས་ལེགས་ཚོང་རྫས་འགྲེམས་སྟོན་ཚོང་ཁང་ཉུལ་མཁན་ཞིག་བྱེད་འདོད་པ་སྨོས་མེད་རེད། ཡིན་ནའང་ཁྲོམ་སྲང་ཨང་ལྔ་བ་ནས་ང་གྲོང་ཁྱེར་འགྲུལ་སྐྱོད་ལ་འཇུག་འདོད། ང་སྤྱི་གླིང་སྲང་ལམ་ནས་དབུལ་དམངས་སྡོད་གནས་བར་དང་། དེ་ནས་བཟོ་གྲྭ་ཁག་དང་བྱིས་པའི་རྩེད་ཐང་བར། ང་ད་དུང་ཕྱི་གླིང་བ་འདུས་སྡོད་ས་ཁུལ་ཁག་ཏུ་བསྐྱོད་དེ་རང་ཡུལ་དུ་ལྗོངས་རྒྱུ་ཞིག་བྱེད་འདོད། ངའི་མིག་ཟུང་ནམ་རྒྱུན་སྐྱིད་ལ་སྡུག་པའི་མཐོང་སྣང་ཡོད་ཚད་ལ་གཏད་དགོས། དེ་ལྟར་བགྱིས་ཚེ་མི་རྣམས་ཀྱིས་ལས་ཀ་ཅི་ལྟར་སྒྲུབ་བཞིན་ཡོད་པ་དང་འཚོ་བ་ཇི་ལྟར་རོལ་གྱིན་འདུག་པ་སོགས་ལ་ངེས་ཤེས་ཟབ་མོ་འདྲོང་སྲིད། ངའི་སེམས་ཁོང་ཅ་དངོས་དང་མིའི་འཆར་སྣང་གིས་ཁེངས་ཤིང་། ངའི་མིག་ཟུང་གིས་བྱ་དངོས་ཙག་ཙིག་ལྷག་ལུས་མེད་པར་ཞིབ་ཏུ་བལྟ་བ་དང་། ངའི་ལག་པས་མཐོང་སྣང་གི་ཅ་དངོས་རེ་རེ་ལ་རེག་སྟེ། ཡོད་ཚད་ངའི་ཡིད་ལ་དམ་པོར་འཇགས་པར་བརྩོན་དགོས།

བྱ་དངོས་ལ་ལས་མི་སེམས་ལ་སྤྲོ་སྣང་འདྲེན་ཞིང་བྱ་དངོས་རེ་འགས་མི་སེམས་ལ་སྡུག་བསྔལ་ཡང་བསྐྱེད་སྲིད། འོན་ཀྱང་ངས་དེའི་རྗེས་ཀྱི་བྱ་དངོས་ལ་སྔར་ལས་ལྷག་པའི་རྟོག་ཞིབ་བགྱི་ངེས་ཡིན། རྒྱུ་མཚན། སྤྲོ་སྡུག་གི་བྱ་དངོས་གང་ཞིག་ཡིན་རུང་། དེ་དག་ཚང་མ་འཚོ་བའི་གྲུབ་ཆ་གཙོ་བོ་ཡིན་པས། དེ་ལ་མི་ལྟ་བ་ནི། དོན་ལ་རང་གི་ཡིད་སེམས་ཀྱི་སྒོ་མོ་གཏན་པ་མ་ཡིན་གྲང་།

ངས་ཉིན་གསུམ་རིང་མཐོང་རྒྱུ་བྱུང་བའི་དུས་ཡུན་དེ་ལྟར་མཇུག་རྫོགས་གྲབས་ཡོད། གཅིག་བྱས་ན། ལྷག་མའི་དུས་ཚོད་དེ་དག་གི་རིང་ལ་ངས་ད་དུང་མཐོང་འདོད་པའི་བྱ་དངོས་གང་མང་ཞིག་བདོག་ངེས་མོད། ཆེས་མཐའ་མཇུག་གི་མཚན་མོ་དེར། ང་ཡང་བསྐྱར་ཟློས་གར་ཁང་ལ་སོང་ནས་དགོད་བྲོའི་ལྟད་མོར་བལྟ་དགོས། དེ་ལྟར་བྱས་ན། ངས་ད་གཟོད་འགྲོ་བ་མིས་དགོད་བྲོའི་ཟློས་གར་ལ་བཞག་པའི་མཚན་ཉིད་དེ་དག་གསལ་བོར་རྟོགས་ཀྱང་སྲིད།

ཉིན་གསུམ་པའི་མཚན་གུང་ལ་སླེབས་དུས། ངའི་འཕྲལ་གྱི་མིག་དབང་སླར་ཡང་ཉམས་ངེས། མུན་ནག་གི་མཚན་ལྗོངས་རིང་མོ་ཞིག་ཡང་བསྐྱར་ང་དང་ཁད་ཇེ་ཉེར་བཅར་སྲིད། ཧ་ཅང་ཐུང་བའི་དུས་ཡུན་ཉིན་གསུམ་པོ་དེའི་རིང་ལ། ངས་ད་དུང་མཐོང་འདོད་པའི་བྱ་དངོས་མང་པོ་མང་པོ་ཞིག་མཐོང་ཐུབ་མེད། ངའི་མིག་དབང་སླར་ཡང་མུན་ནག་གིས་བསྒྲིབས་རྗེས། ངས་མ་མཐོང་བར་ལུས་པའི་བྱ་དངོས་ཅི་འདྲའི་མོད་པོ་ཞིག་བདོག་པ་ངས་གཞི་ནས་ཚོར་ངེས། ཡིན་ན་ཡང་ངའི་སེམས་ཁོང་དུ་མཛེས་སྡུག་གི་ཕྱིར་དྲན་གྱིས་ལྟེམས་ཤིང་འཕྱོ་བས། དུས་ཚོད་ཐུང་ཐུང་ཞིག་གི་ནང་ལ། ངས་འཇིག་རྟེན་སྟེང་གི་བྱ་དངོས་ཡོད་ཚད་མཐོང་མ་ཐུབ་ནའང་། དེ་ལ་ང་བློ་འགྱོད་སྐྱེ་དོན་མེད་སྙམ། ངས་བྱ་དངོས་རེ་རེ་བཞིན་རེག་མྱོང་བྱས་པར་བརྟེན་ནས། ང་ལ་བྱ་དངོས་དེ་དག་ཅི་འདྲ་ཡིན་པའི་མཛེས་སྡུག་གི་དྲན་ཚོར་བསྐྱེད་འོང་།

གཅིག་བྱས་ན། ངའི་མིག་གིས་མཐོང་རྒྱུ་བྱུང་བའི་ཉིན་གསུམ་པོ་དེ་ཇི་ལྟར་བསྐྱལ་རྒྱུའི་བརྗོད་སྙིང་ཐུང་ངུ་འདི། གལ་ཏེ་ཁྱེད་རང་ཡང་མི་འགྱང་བར་མིག་ལོང་དུ་འགྱུར་བར་རྟོགས་ཏེ། ཁྱེད་ཀྱིས་རང་ཉིད་ལ་འཐེན་པའི་འཆར་ཟིན་དང་ལར་ནས་མི་མཐུན་ཡང་། ཅི་སྟེ་ངས་འདི་སྙམ་དུ་བསམས། གལ་ཏེ་ཁྱེད་རང་ཡང་འདི་འདྲའི་ལས་སྐལ་ངན་པར་འཕྲད་ཚེ། མུན་ནག་གི་མཚན་ལྗོངས་རིང་མོར། ཁྱེད་ཀྱིས་ཀྱང་རང་གིས་དེ་སྔར་མ་མཐོང་བའི་བྱ་དངོས་ཡོད་ཚད་ལ་གཟིགས་སྙིང་འདོད་ཅིང་། མཐོང་ཟིན་པའི་བྱ་དངོས་ཡོད་ཚད་ཕྱིར་དྲན་དུ་ཉར་བ། སྔར་ལས་ལྷག་པར་རང་གི་མིག་དབང་བཀོལ་སྤྱོད་བྱ་ངེས་ཡིན་ལ། རང་གིས་མཐོང་ཟིན་པའི་བྱ་དངོས་དེ་དག་ཅི་འདྲའི་སྙིང་ལ་སྡུག་པ་ཞིག་ཏུ་འགྱུར་ངེས་པ་བསྙོན་དུ་མེད་སྙམ།

ཁྱེད་ཀྱི་མིག་ཟུང་གིས་ཁྱེད་རང་གི་མཐོང་ལམ་དུ་མངོན་པའི་བྱ་དངོས་ཡོད་ཚད་ལ་གཟིགས་ཤིང་འཁྱུད་སྲིད་པར་མ་ཟད། མཐའ་གཞུག ཆེས་མཛེས་སྡུག་ཡིད་འོང་གི་འཇིག་རྟེན་གསར་བ་ཞིག་དེ་ལྟར་ཁྱེད་རང་གི་མིག་མདུན་དུ་མངོན་ཞིང་བདོག་པ། ཁྱེད་ཀྱིས་མངོན་གསལ་དུ་མཐོང་ངེས་ཡིན་ནོ།།

མིག་ལོང་དུ་གྱུར་པའི་གུས་མོས་འདིར་མིག་གིས་མཐོང་ཞིང་མིག་དབང་ལོངས་སུ་སྤྱོད་བཞིན་པའི་མི་རྣམས་ལ་གོ་བསྐོན་གསལ་འདེབས་ཤིག་བྱེད་སྙིང་འདོད་དེ། གལ་ཏེ་ཁྱེད་རང་སང་ཉིན་མིག་ལོང་དུ་འགྱུར་ངེས་ཡིན་ཚེ། ཅིས་ཀྱང་རང་གི་མིག་དབང་བཀོལ་སྤྱོད་ལེགས་པོར་གཏོང་དགོས་པར་མ་ཟད། སྐྱེ་མཆེད་གཞན་དག་ཀྱང་དེ་བཞིན་དུ་བཀོལ་སྤྱོད་དགོས་པར་སྐུལ་སྙིང་འདོད་དེ། གལ་ཏེ་སང་ཉིན་ཁྱེད་རང་མིག་ལོང་དུ་འགྱུར་ངེས་ཡིན་པ་ལྟར། འདབ་ཆགས་ཀྱི་གྲེ་འགྱུར་དང་འབུད་རྡུང་དཀྲོལ་གསུམ་གྱི་སྙན་འཇེབས་དབྱངས་ཀྱི་འཁྱུར་ཁུགས་ལ་རྣ་བ་བླགས་ཏེ་ཉན་དགོས། གལ་ཏེ་སང་ཉིན་ཁྱེད་རང་གི་རེག་བྱ་ཉམས་སྲིད་པ་ལྟར། ཁྱེད་ཀྱིས་ཐུག་སྙིང་འདོད་པའི་དངོས་པོ་ཡོད་དོ་ཅོག་ལ་རེག་དགོས། གལ་ཏེ་སང་ཉིན་ཁྱེད་ཀྱིས་བྲོ་བ་དང་དྲི་ངད་སླར་ཡང་ཚོར་མི་སྲིད་པ་ནང་བཞིན། ཁྱེད་ཀྱིས་མེ་ཏོག་གི་དྲི་བསུང་དང་བཟའ་བཏུང་ཁམ་བུ་གང་གང་གི་རོ་བཅུད་མྱོང་དགོས།

དེ་ལྟར་རང་གི་ལྷན་སྐྱེས་ཀྱི་མིག་དབང་ལ་བརྟེན་ནས། རང་བྱུང་ཁམས་ཆེན་མོས་ཁྱེད་ཀྱི་མིག་དབང་གི་དགའ་སྟོན་དུ་བཤམས་པའི་མཛེས་སྡུག་དང་སྤྲོ་སྣང་གི་ལོངས་སྤྱོད་ཡོད་ཚད་ལ་མྱོང་རོལ་བྱེད་དགོས། ཡིན་ནའང་སྐྱེ་མཆེད་དེ་དག་ལས་མིའི་འཚོ་བར་སྤྲོ་སྣང་འདྲེན་བྱེད་གཅིག་པུ་ནི། མིག་དབང་ཡིན་པ་ངས་ཁ་ཚོན་བཅད་ནས་སྨྲ་ཐུབ་བོ།།

རྩོམ་པ་པོའི་ལོ་རྒྱུས།  ཧི་ལིན་ཁི་ལིར་(Hellen Keller 1880-1968)ནི་ཨ་རིའི་སྔོན་བྱོན་རྩོམ་པ་པོ་དང་ཆབ་སྲིད་རང་དབང་རྩོད་ལེན་པ། རྒྱལ་སྤྱིའི་དབང་བོ་སྐྱོན་ཅན་གྱི་ཐེབས་རྩ་ཚོགས་པའི་རྒྱུན་ལས་ཡིན། ཁོ་མོ་ཨ་རིའི་ལྷོ་ཤར་མངའ་སྡེ་ཨ་ལ་བྷ་མའི་(Alabama)ནང་སྐྱེས། སྐུ་ན་ཕྲ་དུས་ནས་མིག་དབང་དང་རྣ་དབང་ཉམས་པའི་དཀའ་སྡུག་གི་འཚོ་བ་ཐོད་ཀྱིས་བསུ་དགོས་བྱུང་། ཡིན་ན་ཡང་དགུང་ལོ་ཉེར་བཞིའི་སྟེང་ཁོ་མོ་རེ་ཊི་ཁི་ལེ་ཧྥི་(Radcliffe)སློབ་ཆེན་གྱི་དངོས་གཞིའི་སྒྱུ་རྩལ་སྡེ་ཁག་ནས་སློབ་མཐར་ཕྱིན་ཏེ། མིག་དབང་དང་རྣ་དབང་ཉམས་པའི་མིའི་གྲས་ཀྱི་དངོས་གཞིའི་སློབ་མ་ཐོག་མར་གྱུར།
 

དེར་མ་ཟད་འཛམ་གླིང་དམག་ཆེན་གཉིས་པའི་སྔ་རྗེས་སུ། ཁོ་མོ་སྤྱི་ཚོགས་བྱ་འགུལ་དང་ཆབ་སྲིད་བྱ་འགུལ། དབང་བོ་སྐྱོན་ཅན་གྱི་བྱ་འགུལ་ནང་ཞུགས་ཏེ་མཛད་རྗེས་ཆེན་པོ་འཇོག་མྱོང་བའི་སྐྱེས་མ་རླབས་ཆེན་ཞིག་ཡིན་འདུག

ཁོ་མོའི་ལྗགས་རྩོམ་གཙོ་བོར་<<ངེད་ཀྱི་མི་ཚེའི་གཏམ་རྒྱུད་>>(The Story of My Life)དང་། <<མུན་ནག་གི་ཕྱི་རོལ།>>(Out of the Dark) <<བདག་གི་ཆོས་ལུགས།>>(My Religion) <<བདག་རང་འཚོ་ཞིང་གནས་པའི་འཇིག་རྟེན།>>(The World I Live In) <<འཁྱགས་ཟིལ་གྱི་རྒྱལ་པོ་>>( The Frost King)སོགས་འདུག


 

No comments:

Post a Comment

Adbox