རྩོམ་པ་པོ། གངས་ཀློང་གྲོལ།
རྗེ་རྣམ་འདྲེན་ཐུབ་དབང་དཔའ་བོས་མཁྱེན་བརྩེ་ཡི་འོད་དཀར།།
ལྷོ་འཛམ་གླིང་འཛིན་མའི་ཁྱོན་དུ་རོལ་གར་གྱིས་རྩེན་ཡང་།།
ཆོས་ཟབ་གསལ་གཉིས་མེད་བདུད་རྩི་འཛད་མེད་དུ་བརྡོལ་ནས།།
དུས་ད་ལྟ་གློ་བུར་གཤེགས་པའི་རྣམ་ཐར་ཞིག་བསྐྱང་སོང་།།
སྔོན་རྫོགས་ཆེན་བསྟན་པའི་ཤིང་རྟ་དྲི༵་མེ༵ད་ཀྱི་འོ༵ད་ཟེ༵ར།།
དུས་ད་ལྟ་ཨ༵་དཀ༵ར་དྲི༵་མེ༵ད་མཁྱེ༵ན་བརྩེ༵་ཡི་གཟུགས་སུ།།
ཐུགས་མཁྱེན་བརྩེར་དྭངས་ལྷོད་མ་ཤོར་གཉིས་མེད་དུ་བྱོན་ནས།།
ཆོས་ཀ་དག་སྟོང་ཆེན་ནམ་མཁའ་ཀློངས་ཡངས་སུ་སྤེལ་སོང་།།
སྐུའི་འཕྲེང་བའི་ཉི་ཟླ་རྣམ་གཉིས་མཐའ་བྲལ་གྱི་རང་བཞིན།།
དབྱིངས་རིག་སྟོང་ཆོས་སྐུའི་དབྱིངས་སུ་ཟིམ་ཚུལ་ཀུན་མཚུངས་བ།།
མིའི་དགུང་གྲངས་ང་བཅུ་ཙམ་གྱིས་ཐེག་པ་རང་མིན་ཏེ།།
མ་འགྲོ་བར་བསོད་ནམས་དམན་པས་འཕོ་ཆེན་ལ་བཞེངས་སོང་།།
གསུངས་འཛད་མེད་གངྒའི་ཆུ་ཀླུང་བརྡོལ་བ་འདི་མཐོང་ཚེ།།
དེང་སྐལ་ལྡན་གདུལ་བྱའི་ཚོགས་ཀུན་བསོད་ནམས་རང་ཆེ་ཡང་།།
སྐུའི་དཀྱིལ་འཁོར་ཉི་མ་གཞོན་ནུ་གློ་བུར་དུ་གཤེགས་ན།།
སྙིང་འདི་ཡི་རེ་བའི་འབབ་ཁ་སུ་ཞིག་གིས་རྩོལ་དགོས།།
སྔོ་ལྗང་གཡུ་ལོ་རྒྱས་པའི་སྤང་ཐང་དང་།།
མཛེས་སྡུག་ལང་ཚོ་རྫོགས་པའི་ཆུ་འཛིན་གྱིས།།
འཇོ་སྒེགས་གར་གྱི་སྟངས་སྟབས་མངོན་ན་ཡང་།།
བསླུ་བྲིད་དེ་གའི་ཁྱེད་ཉིད་བརྗེད་ཐབས་བྲལ།།
གཡུ་འབྲུག་གཡས་ནས་འཁྱུད་འདྲའི་རི་ཁུད་ནས།།
བཅོ་ལྔའི་ཟླ་བ་འདྲ་བའི་བརྩེ་ཆེན་ཞིག།
དྭངས་གསལ་སེམས་པའི་ངོས་སུ་བསྒོམ་བསྒོམ་པས།།
འཁྲུལ་བའི་སྤྱན་གྱི་ངོས་སུ་འཚེར་ནས་ཡོང་།།
དྲན་པའི་ལོ་ཟླ་བརྩེགས་པའི་སྟོང་ལོ་འདིར།།
དགྱེས་འཛུམ་བཞད་སྒྲའི་ཕྱུག་པའི་སྐུ་དཀྱིལ་གང་།།
ཡ་གི་ཐེག་པའི་རྩེ་རུ་ཕྱིན་ཙ་ན།།
མ་གའི་གཉོམ་ཆུང་ང་རང་གདུང་བས་མནར།།
བྱམས་བརྩེས་ཕྱག་གི་འོག་ཏུ་རྟག་འཁྱུད་པའི།།
གཅེས་པའི་བུ་ཆུང་ཁྱེད་ལ་དད་དྲག་པས།།
གློ་བུར་གྱེས་བའི་བརྡབས་སུག་དྲག་པོ་འདི།།
ཟླ་ངོ་ཅི་ཙམ་སོང་ཡང་བཟོད་ཐབས་བྲལ།།
སྣང་བའི་སྟོང་ཁམས་ཡངས་་མོར་འཚོ་བ་ཡི།།
ཐ་མལ་དམན་པའི་ཚུལ་འཛིན་ང་རང་གི།
འཇིག་རྟེན་ཡོམ་ཡོམ་བསྒུལ་བའི་རླུང་བུ་ཞིག།
ཡིད་ཀྱི་མཁའ་རུ་ལྡིང་པས་སྤྱན་ཆབ་འཐོར།།
རྨ་རྒྱལ་གངས་ཀྱི་རི་བོའི་དཔའ་མཛངས་དང་།།
རྨ་ཀླུང་དལ་འབབ་རིང་མོའི་མཛེས་སྡུག་གིས།།
སྐྱེས་ཆེན་ཁྱེད་འདྲ་ཡུལ་འདིར་བསུས་ནའང་།།
བསོད་ནམས་དཔལ་གྱིས་མ་ཐེག་ཡིད་སེམས་ཕངས།།
བྱམས་སྙིང་རྗེས་པད་དཀར་ཆུན་པོ་རང་བྱུང་དུ་སྐྱེས་ཤིང་།།
རྩལ་ལྷ་སྔགས་ཏིང་ངེ་འཛིན་ལ་མངའ་དབང་གིས་བསྒྱུར་བའི།།
སྐུའི་ཡང་སྤྲུལ་འཁྲུལ་བ་མེད་པ་འགྲོ་མགོན་དུ་བྱོན་ནས།།
ཚེ་འདིར་ཡང་སླར་ཡང་མཇལ་བའི་བྱིན་ཆེན་ཞིག་རྩོལ་དགོས།།
བདག་རྨོངས་བའི་ཀུན་རྟོག་བློ་ལ་ཀུན་གསལ་གྱི་ཆ་ཞིག།
དུས་དེང་ནས་རིག་འཛིན་བླ་མ་ཁྱེད་ཉིད་ལས་མ་མཆིས།།
ད་སླར་ཡང་ཚོགས་གྲལ་འཁོད་པའི་སྐལ་བཟང་ཞིག་ཡོད་ན།།
སེམས་སྟོང་གསལ་ཆོས་ཉིད་ངང་ལ་མཉམ་པར་ཅིས་མི་འཇོག།
ཕ་དགའ་རབས་རྡོ་རྗེས་བུ་ལ་བགོ་སྐལ་གྱིས་བཞག་པའི།།
ཆོས་ཟབ་གསང་སྙིང་གི་ཐིག་ལེའི་མན་ངག་གི་དྲོད་ཚད།།
རྗེ་བླ་མར་ཁོ་ཐག་ཆོད་ཚེ་སྐད་གཅིག་ལ་རྫོགས་ན།།
དུས་ད་ནས་འཁྲུལ་མེད་ཡེ་ཤེས་འཕོ་བ་ལ་སྨོན་ནོ།།
མཐའ་མེད་པ་སྲིད་པའི་འཆིང་རྒྱས་ཡང་ཡང་དུ་བཅིང་བའི།།
འཁོར་འཁོས་དམན་ཉམས་ཐག་བུ་ཡིས་གཏིང་གསལ་གྱི་སེམས་ལ།།
རྗེ་བླ་མའི་བྱིན་རླབས་ཟེར་བརྒྱ་འཕོ་མེད་དུ་བརྡོལ་ནས།།
དུས་ནམ་ཞིག་བདག་ཀྱང་ཐེག་མཆོག་རྟོགས་པ་ཞིག་ཞུའོ།།
༸རིག་འཛིན་བླ་མ་དྲན་པའི་གདུངས་དབྱངས་པད་དཀར་ཆུན་པོ་འདི་མཚོར་འཁྲུངས་པདྨ་ཀཱ་རའི་དུས་ཆེན་ལ་གང་གི་སློབ་བུ་པདྨ་དགའ་བའམ་གངས་ཀློང་གྲོལ་གྱིས་སྐྱོ་གདུང་དང་སྤྱན་ཆབ་ཟིལ་བའི་ཁྲོད་དུ་བགྱིས།


No comments:
Post a Comment