ཙོང་ཁའི་རྒྱལ་སྲས་ཁྲི་ལྡེ། | འོས་སྦྱོར།

________རྒྱལ་སྲས་ཀྱི་རྒྱལ་ས་གྱི་ཐང་མཁར་(དེང་གི་ཟི་ལིང་མཁར།)

 

དེ་ཡང་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་མཁན་ཆེན་བོ་དྷི་ས་ཏྭ་ལ་འོམ་བུ་ཚལ་དུ་མཇལ་སྐབས། རྒྱལ་པོས་ཞྭ་དང་ལྷམ་གྱོན་ཞིང་སྐ་རགས་མེད་པར་ཕྱག་རྟེན་གསེར་ཀ་ཏོ་ར་གང་ཕུལ་བ་ལ། མཁན་ཆེན་གྱིས། རྒྱལ་པོ་ཁྱོད་ཀྱིས་ཞྭ་གྱོན་པའི་རྟེན་འབྲེལ་གྱིས་ཁྱོད་ཀྱི་གདུང་རྒྱུད་སྟོད་མངའ་རིས་སུ་ཞྭ་ཙམ་དང་། ལྷམ་གྱོན་པས་མདོ་སྨད་དུ་ལྷམ་ཙམ་ཞིག་འབྱུང་། སྐ་རགས་མ་བཅིངས་པས་བར་དུ་རྒྱལ་ཁྲིམས་ལྷོད། འོན་ཀྱང་གསེར་ཕུལ་བས་དམ་པའི་ཆོས་དར་བ་བྱར་བཏུབ་ཅེས་ལུང་བསྟན་པ་བཞིན་ཁྲི་སྲོང་གི་སྲས་ཆུང་བ་མུ་ཏིག་བཙན་པོའམ་སད་ན་ལེགས་འཇིང་ཡོན། དེའི་སྲས་དར་མ། དེའི་སྲས་གནམ་ལྡེ་འོད་བསྲུང་། དེའི་སྲས་མངའ་བདག་དཔལ་འཁོར་བཙན། དེའི་སྲས་ཁྲི་བཀྲ་ཤིས་བརྩེགས་པ་དཔལ། དེའི་སྲས་འོད་ལྡེ་ལ་སྲས་བཞི་བྱུང་བའི་གཉིས་པ་ཁྲི་ལྡེ་མདོ་ཁམས་སུ་བྱོན། མཚོ་སྔོན་འདིར་གཞིར་བཟུང་སྟེ་ཁྲི་དཔོན་མཛད། ཙོང་ཁ་ཡུལ་ཆེན་བཅོ་བརྒྱད་སོགས་མདོ་སྨད་ཕལ་ཆེར་མངའ་མཛད་པའི་རྒྱུད་དུ་སྤྱན་སྔ་དོན་ཆེན་པ་སོགས་བྱུང་བར་བཤད་”[1] པ་ལྟར། དུས་རབས་བཅུ་གཅིག་པའི་དུས་མགོ་ནས་བཅུ་གཉིས་པའི་དུས་དཀྱིལ་ཙམ་ལ། མདོ་སྨད་ཙོང་ཁའི་ཡུལ་དུ་བཙན་པོའི་གདུང་རྒྱུད་ཕྱི་མས་བསྐྱངས་པའི་རྒྱལ་རབས་སྟོབས་ཅན་ཞིག་བྱུང་ཞིང་། དེར་མངའ་བདག་དང་མངའ་འབངས། མངའ་རིས། མངའ་ཡུལ་སོགས་ཀྱི་ཆ་དང་ཡང་ན་དམ་པའི་ལུང་དོན་དང་ངེས་པའི་སྲིད་དོན་གང་ཅིའི་ཆ་ནས་བརྟག་ཀྱང་སྟོད་ཀྱི་རྒྱལ་ཁྲིམས་ཞྭ་ཙམ་པ་སྟེ། གུ་གེ་རྒྱལ་རབས་དང་ལ་དྭགས་རྒྱལ་རབས་ཇི་བཞིན་མཚན་མཚོན་ཡིན་ཁྱབ་མཉམ་དུ་འདུག་ལ། སྤྱིར་བཙན་པོའི་རྒྱལ་རབས་སིལ་བུར་འཐོར་བའི་རྗེས་ཀྱི་ལོ་རྒྱུས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད་མོད། འོན་ཀྱང་བོད་ཀྱི་ལོ་རྒྱུས་དེབ་ཐེར་དག་ལས་འདིའི་སྐོར་གྱི་ཟིན་ཐོ་ནི་ཐོ་རེ་བ་ཙམ་ལས་ཞིབ་ཕྲ་ཞིག་མི་སྣང་ལ། ཕྱིས་བྱུང་ལོ་རྒྱུས་སྨྲ་བ་དག་གིས་ཀྱང་ཚིག་ཟིན་ལ་གླེང་བ་ཙམ་ལས་ཁ་སྐོང་ཆེར་མཛད་མེད་པར་ལོ་རྒྱུས་ཀྱི་སྟོང་ཆའི་ཚུལ་དུ་ལུས་ཡོད་པས། དངོས་ནས་ཡིད་ཕངས་དགོས་པ་ཞིག་འདུག 

སྨད་ཀྱི་རྒྱལ་རབས་ལྷམ་ཙམ་པ་འདིའི་མངའ་བདག་དང་པོ་ཁྲི་ལྡེའམ་རྒྱལ་སྲས་ཁྲི་གནམ་ལྡེ་དབོན་བཙན་པོ་(997-1065)ནི་བཙན་པོ་འུ་དམ་བཙན་གྱི་གདུང་རབས་ལྔ་བ་ཡིན་ལ། གདུང་ལོ་བཅུ་གཉིས་(1009 ལོ།) སྟེང་མངའ་རིས་སྨད་ནས་ཙོང་ཁའི་ཡུལ་དུ་ཞལ་ཕེབས་ཏེ་ཆོས་སྲིད་ལུགས་གཉིས་ཀྱི་དོན་མཛད་པའི་ཚུལ་འཆང་ཞིང་། སྔ་ཕྱི་ལན་འགར་རྒྱལ་ས་སྤར་ཡང་། མཐར་སྤྱི་ལོ་1032 ལོ་སྟེ། དགུང་གྲངས་སོ་ལྔའི་སྟེང་གྱི་ཐང་མཁར་(དེང་གི་ཟི་ལིང་མཁར།)བཞེངས་ཏེ་རྒྱལ་ས་གཏན་ཆགས་བྱས་ཐོག ཁྲི་རབས་ཕྱི་མ་དྲུག་བྱུང་ལ། མདོ་ཁམས་སྨད་ཀྱི་ས་ཆའི་གཙང་པོ་ལྔ་[2]ཡི་བཞུར་ཁོངས་ཕལ་ཆེར་དབང་བསྒྱུར་ཏེ་ས་གནས་རིགས་རུས་ཡོངས་ཀྱི་མགོ་བདག་མཛད། ཆབ་རིས་སུ་ཙོང་ཁའི་བོད་པ་དང་ལྡོང་བྱང་ལས་གཞན་ད་དུང་རྒྱ་དང་ཧོར་སོགས་མི་རིགས་དུ་མ་ཞིག་འདུས། མཐའ་འཁོར་གྱི་རྒྱལ་ཁམས་ལ་ཤར་ནས་སུང་བྱང་མ་དང་། བྱང་ཤར་གྱི་ཕྱོགས་ནས་མི་ཉག་དང་ཆི་ཏན། བྱང་ཐད་ནས་ཧོར་བཅས་ཡོད་ལ། དེ་དག་དང་འགལ་མཐུན་གཉིས་ལྡན་གྱི་འབྲེལ་ལམ་དམ་པོ་བྱུང་ཞིང་། ཕན་ཚུན་ལ་བཀའ་ཡི་ཕོ་ཉའི་འགྲོ་འོང་དང་ཚོང་ལམ་ཟམ་མ་ཆད་པར་ཡོད་པ་མ་ཟད། སྔ་ཕྱིར་ཧོར་དང་ཆི་ཏན། མི་ཉག་བཅས་ནས་སྲས་མོ་ཁབ་ཏུ་བཞེས་ཏེ་གཉེན་གྱི་འབྲེལ་བ་ལེགས་པོ་བྱུང་བ་དང་། སྟོབས་འབྱོར་མངའ་ཐང་ཆེས་ཆེར་རྒྱས་ཏེ་བསྒྲུན་ཟླ་དང་བྲལ་བར་གྱུར། 

དེ་ལས་ཀྱང་སུང་བྱང་མ་དང་ཙོང་ཁ་རྒྱལ་རབས་བར་གྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་སོགས་ཀྱི་འབྲེལ་འདྲིས་ནི་ཕྱི་དོན་གྱི་འཁྱེར་ཕྱོགས་གཙོ་བོ་ཞིག་ཏུ་གྱུར་ཡོད་ལ། དེ་ཡང་སྐབས་རེར་ལྷོད་ཅིང་མཚམས་རེར་དམ། ལན་རེར་འགལ་ཞིང་རེ་འགར་མཐུན་པའི་རང་བཞིན་ལྡན་པས། དབྱར་གསུམ་གྱི་ནམ་ཟླ་བཞིན་འགྱུར་ལྡོག་ཤིན་ཏུ་ཆེ་ན་ཡང་། སྤྱིར་ན་<ཇ་རྟ་ཚོང་ར་>སོགས་རང་གཞན་གཉིས་ཕན་གྱི་སྒོ་འཕར་ཆེས་ཆེར་ཕྱེ་སྟེ། འབྲེལ་རྒྱུན་བཟང་པོ་རྒྱུན་མ་ཆད་པར་ཡོད་ལ། ལྷག་པར་དུ་སུང་བྱུང་མར་མཚོན་ན་ཙོང་ཁ་རྒྱལ་རབས་ནི་མི་ཉག་གི་སྟོབས་ཤུགས་འགོག་པའི་སྡོངས་གྲོགས་སུ་གྱུར་ཡོད་པས། རྣམ་པ་ཐམས་ཅད་དུ་ཙོང་ཁའི་མངའ་བདག་དང་བཅས་པའི་གོང་འོག་ཀུན་ལ་ལེགས་སྐྱེས་དང་ཐོབ་རྟགས་སོགས་བསྩལ་ཏེ་མཐུན་སྦྱོར་གང་ལེགས་མཛད་བཞིན་ཡོད་ལ། ཙོང་ཁའི་གོང་འོག་རྣམ་པས་ཀྱང་རྒྱལ་སྲིད་འཇིག་པའི་བར་དུ་མ་མཐའ་ཡང་སུང་རྒྱལ་རབས་ལ་ཐེངས་བཞི་བཅུ་ཞེ་ལྔར་རྫོངས་པ་ཕུལ་ཞིང་། སུང་གིས་ཕྱིར་རྫོངས་རྟེན་དང་ཆོ་ལོ་ཐེངས་བརྒྱ་དང་ལྔ་བཅུ་ལྷག་བསྩལ། 

ཡིན་ན་ཡང་། ངོ་བོའི་སྟེང་ནས་ཙོང་ཁ་རྒྱལ་རབས་ནི་སྲིད་འབྱོར་རིག་གསུམ་གང་ཅིའི་ཐད་ནས་ཀྱང་ལྟོས་བཅས་ཀྱི་སྒེར་ཚུགས་རང་བཞིན་ལྡན་པ་ལོ་རྒྱུས་ཀྱི་གནས་བབ་ལས་གསལ། བཙན་པོའི་རྒྱལ་རབས་སིལ་བུར་འཐོར་བའི་རྗེས་སུ། ཙོང་ཁ་རྒྱལ་རབས་འདི་མདོ་ཁམས་སྨད་ཀྱི་བོད་མིའི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་སོགས་ཀྱི་ལྟེ་བར་གྱུར་ཏེ། དུས་རབས་གཅིག་ལྷག་གི་རིང་དུ་རྒྱལ་ཁྲིམས་བསྐྱངས་མཐར། སྤྱི་ལོ་1104 ལོར་སུང་བྱང་མས་བསྣུབས་ཏེ་འཐོར་ཞིག་ཏུ་སོང་ཞིང་། དེ་ནས་བཟུང་ཙོང་ཁའི་རྒྱལ་པོའི་གདུང་རྒྱུད་ཀྱིས་མངའ་རིས་ཡང་བསྐྱར་གཅིག་གྱུར་བྱེད་པའི་སྐལ་བ་མ་ཐོབ་པར་ས་གནས་བཅད་བཟུང་གི་ཚུལ་གྱིས་ཆགས་ཤིང་། སྤྱི་ལོ་1126 ལོར་ཅིན་རྒྱལ་རབས་ཀྱིས་སུང་བྱང་མ་བསྣུབས་རྗེས། ཙོང་ཁའི་ཡུལ་ཕྱོགས་སུ་ཆབ་སྲིད་ཀྱི་ཡོལ་བ་ཆེས་ཆེར་བསྒྲེངས་ཏེ། ཙོང་ཁ་རྒྱལ་རབས་ཀྱི་མངའ་ཁོངས་ཕལ་ཆེར་ཆབ་རིས་སུ་བསྒྱུར།

སྤྱི་ལོ་1127 ལོར། སོག་པོའི་དཔུང་ཆེན་པོ་སླེབས་ཏེ། རྨ་ཙོང་རྒྱུད་ཀྱི་ཚོ་རིས་མཐའ་དག་དབང་དུ་བསྒྱུར་ཅིང་། དུམ་བུར་ཆད་པའི་ཙོང་ཁ་རྒྱལ་རབས་ཀྱང་གཞིནས་མཇུག་རྫོགས་སོང་།

 

གསལ་བཤད། རྩོམ་པ་པོ་ཚེ་བརྟན་རྡོ་རྗེས་བརྩམས་པའི་<<ཙོང་ཁ་རྒྱལ་རབས་ཞིབ་འཇུག་>>ལས་དྲངས། ཡིད་འཛིན་གྱི་ཆེད་དུ་མཇུག་དུམ་ཚན་བཤུས་ཤིག་འདིར་བཀོད་པ་ཡིན། ཆ་ཚང་དཔེ་ཆར་གཟིགས་འཚལ། པར་དབང་དབྱིན་གཉེན། 

 

ཙོང་ཁ་རྒྱལ་རབས་ཀྱི་ཁྲི་རབས་དྲུག་ནི་གཤམ་གསལ། 

) ཁྲི་ལྡེ། སྤྱི་ལོ་༡༠༠༩ལོ་ནས་༡༠༦༤ ལོའི་བར་བགྲང་བྱ་༥༦ ལ་རྒྱལ་སྲིད་བསྐྱངས། 

) དོན་བཙན། སྤྱི་ལོ་༡༠༦༥ ནས་༡༠༨༣ ལོའི་བར་བགྲང་བྱ་༡༨ ལ་རྒྱལ་སྲིད་བསྐྱངས།

) མངའ་རིས་བུ་སྐལ། སྤྱི་ལོ་༡༠༨༣ ནས་༡༠༩༦ ལོའི་བར་༡༣ ལ་རྒྱལ་སྲིད་བསྐྱངས།

) ཞལ་བཙན། སྤྱི་ལོ་༡༠༩༦ ནས་༡༠༩༩ ལོའི་བར་བགྲང་བྱ་༣ ལ་རྒྱལ་སྲིད་བསྐྱངས།

) ཀླུང་བཙན། སྤྱི་ལོ་༡༠༩༩ ལོའི་ཟླ་༨ པ་ནས་ཟླ་༡༡ བར་ཟླ་༢ རིང་ལ་རྒྱལ་སྲིད་བསྐྱངས།

) ཀླུང་བཙན་ཆུང་བ། སྤྱི་ལོ་༡༠༩༩ ལོའི་ཟླ་༡༠ ནས་༡༡༠༤ ལོའི་ཟླ་༥ པའི་བར་བགྲང་བྱ་༩ དང་ཟླ་༥ རིང་ལ་རྒྱལ་སྲིད་བསྐྱངས།

 

ཟུར་མཆན། 

[1] བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས། (མདོ་སྨད་ཆོས་འབྱུང་།) ཤོག་གྲངས་༢༧ པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༢ ལོ།

[2] ཐེ་ཆུ།་རྨ་ཆུ། ཀླུ་ཆུ། བསང་ཆུ། ཙོང་ཆུ།

བོད་ཀྱི་ལོ་རྒྱུས་བརྩམས་སྒྲུང་ཐོག་མ། ཙོང་ཁའི་རྒྱལ་པོ།




No comments:

Post a Comment

Adbox