འཚོ་བའི་ལག་རྟེན། | གསར།

_____ས་འོག་གི་གསེར་འབྲུ་བ་ལས་བསམ་གཞིག་གི་གསེར་སྔོག


རྩོམ་མཁན་ནཱ་ཕོ་ལིན། ལོ་ཙཱ་བ་ན་བུན། 

 

༡) ཁྱོས་ང་ལ་ཁྱོད་ཀྱིས་ཁོམ་ལོང་གི་དུས་ཚོད་ཇི་ལྟར་འདའ་ཚུལ་དང་ཁབ་གསོག་འབུག་གསོག་གི་དངུལ་ལོར་ཇི་ལྟར་བཀོལ་སྟངས་ཤོད་དང་། ངས་ཁྱོད་ལ་ཉི་མ་དེ་རིང་ནས་བརྩིས་ཏེ། འབྱུང་འགྱུར་གྱི་ལོ་ངོ་བཅུ་ཡི་རིང་གི་ཁྱོད་ཀྱི་མི་ཚེ་འཚོ་བའི་གནས་བབ་གང་འདྲ་ཡིན་ངེས་པ་དང་གནས་སྟངས་ཇི་འདྲ་ཆགས་སྲིད་པ་མོལ་ཆོག 


༢) འཚོལ་སྙེག་ནི་ཕུགས་བསམ་གྱི་དུས་ཆད་ཡིན། 


༣) གླ་རིན་ལས་འདའ་བའི་ལས་སུ་བརྩོན་མཁན་ཞིག་ཡིན་ན། མི་འགྱང་བར་སྒྲུབ་པའི་ལས་དཀའ་ལས་ཀྱང་ལྷག་པའི་ཡོང་འབབ་འཐོབ་ངེས། 


༤) སྒུག་ནས་མ་འདུག དུས་ཚོད་ཀྱིས་ནམ་ཡང་སྒུག་མི་སྲིད། རང་སྟེང་ནས་འགོ་རྩོམ་རོགས། རང་ཉིད་ལ་བདོག་པའི་ལག་རྩལ་དང་རང་ཉིད་ལ་འཚམ་པའི་ལས་རིགས་ལ་གཞོལ་དང་། འགྲན་ཟླ་བྲལ་བའི་ལག་རྩལ་ནི་ལག་ལེན་གྱི་ཁྲོད་ནས་ད་གཟོད་རང་རྒྱུད་དུ་འབྱོར་ཡོང་། 


༥) མྱི་འགའ་རེས་རྩོལ་མེད་གྲུབ་འབྲས་འབའ་ཞིག་འཐོབ་པའི་གཉིད་ལམ་གཏོང་སྐབས། ལྡོག་སྟེ་མྱི་གཞན་པས་སྟོང་བསམ་ལས་ཧུར་གྱིས་ལངས་ནས་ལས་ལ་བརྩོན་པར་འཇུག 


༦) བྱ་གཞག་རླབས་ཆེན་འགྲུབ་མཁན་གྱི་སྐྱེས་མཆོག་ཚང་མ་ཕམ་ཉེས་ཆེན་པོའི་ཁྲོད་དུ་གོམ་པ་རེ་རེ་བླངས་ནས་འོངས་པ་རེད། 


༧) བརྩོན་པའི་གྲུབ་འབྲས་ནམ་ཡང་གྲུབ་འབྲར་བརྩོན་པའི་མི་ལ་འཐོབ་བོ།། 


༨) ཐབས་བཀོད་འདུན་པ་གང་ཡིན་རུང་། མནོ་བསམ་ཡང་ཡང་བཏང་བའི་ཉིང་ཁུ་ཡིན།  


༩) ཁྱེད་ལ་ཞེ་འདུན་བརྟན་པོ་ཞིག་བདོག་ན། ད་གཟོད་ཟིལ་གནོན་ཐམས་ཅད་ལས་རྣམ་པར་རྒྱལ་ནས་བསམ་དོན་བདེ་ལེགས་ངང་འགྲུབ་ཡོང་།  


༡༠) རྒྱལ་ཁ་ཡོད་ཚད་ཀྱི་འགོ་རྩོམ་ས་གཙོ་བོ་ཞེ་འདུན་ཡིན། དཔེར་ན་མེ་སྟག་ཆུང་ངུ་ཞིག་ལ་མེ་དྲོད་ཀྱང་ཆུང་ངུ་ཙམ་ལས་མེད་པ་ལྟར། འཁོས་ཞུམ་གྱི་ཞེ་འདུན་ལ་འཁོས་ཞུམ་གྱི་མཇུག་འབྲས་ལས་མི་འཐོབ། གནད་འདི་རྒྱུན་དུ་སེམས་ལ་ཟུངས་ཤིག


༡༡) རླབས་ཆེའི་མཛད་རྗེས་ནི་ནམ་ཡང་རང་དོན་གཅེས་གཉེར་གྱི་མཇུག་འབྲས་མ་ཡིན་གྱི། རླབས་ཆེའི་གཏོང་ཕོད་ཀྱི་གྲུབ་འབྲས་ཡིན། 

 

༡༢) གོ་སྐབས་ནི་རྟག་པར་འཕྲལ་གྱི་ཕམ་ཉེས་སམ་བགེགས་རྐྱེན་གྱི་ཚུལ་དུ་སླེབས་པའང་ཡོད་ངེས། 


༡༣) ཚུར་ཡོང་སྔོན་ལ་ཕར་གཏོང་ཐུབ་དགོས། 


༡༤) ཡར་རྒྱས་དང་སྟོབས་ཤུགས་ཀྱི་ཐོན་ཁུངས་གཙོ་བོ་བརྩོན་ལེན་དང་བརྩོན་འགྲུས་ཡིན། 


༡༥) ཕམ་ཉེས་བྱུང་དུས་ཞུམ་ནས་མ་འདུག དེ་ནི་རང་ཉིད་ཀྱི་ཐབས་ཤེས་འཛོལ་བར་དང་ལེན་གྱིས་དང་། བསྐྱར་དུ་ཐབས་ཤེས་འཐེན་ནས་སླར་ཡང་འཚོལ་སྙེག་གི་མདུན་ཕྱོགས་སུ་རྒྱང་སྐྱོད་ཀྱི་གྲུ་གཡོར་སྒྲེང་རོགས། 


༡༦) དྲང་དང་ལྡོག་གི་བསམ་གཞིག་གཉིས་ནི་མདོར་དྲིལ་ན་དྲང་དང་ལྡོག་གི་ལས་སུ་འཇུག་པའི་ལམ་ཁ་གཉིས་རེད། 


༡༧) ཡིད་གཉིས་ཐེ་ཚོམ་མེད་པར་ཤེས་རིག་གི་བགྲོད་ལམ་འཚོལ་བ་ནི་རྒྱལ་ཁའི་བགྲོད་ལམ་སྙེག་པའོ།། 


༡༨) རང་གི་བསམ་བློར་གསོན་ཤུགས་སྩོལ་མཁན་ནི་གྲོགས་སུ་སྡེབ་ལ། རང་གི་འདུན་མ་ལྟར་གྱི་འཚོ་བར་བརྩོན་པར་བྱའོ།། 


༡༩) ཁྱེད་ཀྱི་ལས་སྐལ་གྱི་བདག་པོ་ངོ་མ་བོ་ཁྱེད་རང་ཡིན་ན། ཁྱེད་ཀྱིས་རང་གི་ཁོར་ཡུག་ལ་དོ་དམ་སྒྱུར་བཀོད་གཏོང་ཐུབ་ལ། ཁྱེད་ཀྱིས་རང་གི་དགའ་བྲོད་ལྟར་གྱི་མི་ཚེ་འཚོ་བའང་རོལ་ཐུབ། 


༢༠) རྒྱལ་ཁའི་སྐེས་འཛེག་སྟེང་དུ་དུས་རྒྱུན་དུ་འཚང་ཁ་རྒོད་པ་མིན། 


༢༡) ཁྱེད་ཀྱི་སྐད་ཆ་དང་དེའི་བག་ཆགས་ཀྱིས་གཞན་སེམས་ལ་རྒྱལ་ཕམ་གྱི་ས་བོན་གང་རུང་འཇོག་སྲིད་པས། སྐད་ཆ་མ་གློད་སྔོན་ལ་ཉུང་མཐར་ཡང་ཐེངས་གཉིས་ལ་མནོ་སེམས་གཏོང་རོགས།


༢༢) རང་ཉིད་ཀྱི་མི་ཚེའི་འདུན་མ་མངོན་འགྱུར་བྱ་བའི་ཐབས་ཤེས་ཞིབ་ཚགས་འཐེན་རྗེས། རང་སེམས་ན་གྲ་སྒྲིག་ཚགས་ཚུད་ཡོད་མེད་གང་ལྟར་ཡང་ཐེབས་ཤེས་ལག་ལེན་དུ་གདབ་པའི་སྟ་གོན་ཐེངས་གཅིག་བགྱི་རོགས། 


༢༣) རྒྱལ་ཁའི་སྡོང་གྲོགས་དངོས་ནི་རང་ཚུགས་སྙིང་བསྲན་དང་བརྩོན་འགྲུས་ཡིན། 


༢༤) ཡུལ་དུས་ཀྱི་གནས་བབ་བདེ་སྡུག་ཇི་འདྲ་ཞིག་གི་འོག་ཏུ་གནས་ཀྱང་མི་སྐྱོན་ཏེ། རང་ཉིད་ཀྱི་མདུན་ལམ་ལ་མནོ་བསམ་གཏོང་ཆོག


༢༥) ཁ་སང་གི་བྱ་བའི་མཇུག་འབྲས་ལ་བསམས་ནས། དེ་རིང་གི་བྱ་གཞག་སང་ཉིན་དབར་དུ་ཕྱིར་སྣུར་ངང་སྒུག་བགྱི་བ་ནི་ཉེས་སོ།། 


༢༦) གལ་ཏེ་ཁྱེད་ཀྱིས་དོན་ཆེན་མ་འགྲུབ་ནའང་མི་སྐྱོན། དོན་ཆེན་གྱི་ལམ་ནས་དོན་ཆུང་སྒྲུབ་ཀྱང་འཐུས་སོ།།  


༢༧) བྱ་གཞག་ཆེ་ཆུང་ཇི་འདྲ་ཞིག་ཡིན་ཡང་རུང་གི ཇི་སྲིད་བར་དེ་ལ་འཇུག་པའི་རང་རྟོན་མ་སྐྱེད་པ་དེ་སྲིད་དུ། བྱ་གཞིག་དེ་སྒྲུབ་པའི་གྲ་སྒྲིག་སུའང་ཡོད་པ་མིན། 


༢༨) དམིགས་འབེན་གཏད་ས་གཙོ་བོ་ཁྱེད་རང་གི་མི་ཚེའི་ཕུགས་འདུན་ཡིན་འོས་ཀྱི། དོན་མེད་ལ་ཉིན་སྐྱེལ་ཞག་འཕུལ་བྱ་བ་མ་ཡིན་ནོ།། 


༢༩) སྐྱེ་བོ་ཚང་མ་བགེགས་རྐྱེན་བར་ཆད་ཅི་རིགས་ཤིག་ལ་འཕྲད་སྲིད་ཅིང་། དེ་ལ་གདོང་གཏོད་ཐུབ་མིན་ནི་རང་རང་གི་སྙིང་ཤའི་སྲ་གསོབ་དང་དང་ཀུན་སློང་འཁྱེར་སོར་རག་ལས།  


༣༠) སེམས་གནད་དུ་ཕབ་ནས་བལྟས་ན། མི་ཚེའི་ཤུལ་ལམ་སྟེང་དུ་ཁྱོད་ཀྱི་བསམ་གཞིག་འོད་ཞགས་ལྡོག་འཕྲོས་སུ་ཤར་ནས་ཡོད། དེ་ཡང་དུད་འགྲོ་དང་མི་འདྲ་བར་མྱིས་བསམ་བཀོད་ལག་ལེན་དུ་གདབ་ནུས་ལ། དུད་འགྲོ་དང་མི་འདྲ་བར་མྱིས་རང་རང་གི་ཕུགས་བསམ་མངོན་འགྱུར་བྱེད་ཐུབ་པ་རེད། 


༣༡) བློ་གྲོས་ཀྱི་རྒྱ་མིག་ལག་ལེན་གྱི་སྟེང་ན་ཡོད། 


༣༢) ལེགས་ན་ཉེས་ན། རང་རང་གི་བསམ་འདུན་ནང་བཞིན་གྱི་མི་ཞིག་ཏུ་འཁྱོང་ཡང་སྲིད། 


༣༣) མྱི་ནི་རྒྱུ་སྐར་ཞིག་ཡིན་པའི་དབང་དུ་བཏང་ན། ཅིས་ཀྱང་རང་གི་འོད་སྣང་ལ་བརྟེན་ནས་རང་གི་འཁོར་ལམ་སྙེག་དགོས། རང་སྟེང་གི་འོད་མདངས་འཕྲོས་ན། མུན་ནག་ལ་སྐྲག་དོན་གར་ཡང་མེད། 


༣༤) བྱ་གཞག་ཆེ་ཆུང་གང་འདྲ་ཞིག་ཡིན་རུང་། རང་སེམས་ཀྱི་ཐབས་བཀོད་དང་ཡིད་ཆེས་བརྟན་ན། བསམ་དོན་ཡིད་བཞིན་འགྲུབ་ཐུབ།  


༣༥) ཐོག་མར་བསམ་བློ་ཐོང་། བར་དུ་ཐབས་བཀོད་འཐེན། ཐ་མར་ལག་ལེན་སྟོར། རང་ལ་གསལ་ཚུལ་ལྟར། རྨང་གཞི་ཚོད་དཔག་ནས་འགོ་རྩོམ། 


༣༦) སྔ་མ་སྔ་མ་ཕམ་ནས་ཐབས་ཤེས་བཀོལ་ཡང་རང་ཚུགས་མ་ལྕོགས་པས། ཕྱི་མ་ཕྱི་མས་ཀྱང་དོན་གོ་མ་འཁྱོལ་བ་རེད། 

 

༣༧) སྲིད་པའི་བགྲོད་ལམ་ཡོད་ཚད་རང་རང་གི་འཆར་ཡན་ཁྲོད་ན་ཡོད། འཆར་ཡན་ནི་རང་སེམས་ཀྱི་སྦྱོང་བརྡར་ཁང་ཡིན་པས། རང་སེམས་ཀྱི་ནུས་མཐུ་ཡོད་རྒུ་སྟོབས་འབྱོར་ལ་བསྒྱུར་ཐུབ་དགོས། 


༣༨) མིག་དབང་འོད་སྣང་ལ་བརྟེན་དགོས་པ་ལྟར་དུ། བསམ་གཞིག་ཐབས་ཤེས་ལ་བརྟེན་དགོས། 

༣༩) མི་ཚེའི་ལེགས་ཚོགས་ཐམས་ཅད་ཀྱི་རུ་རྟ་ཐབས་ཤེས་ཡིན།


༤༠) ཐེངས་གཅིག་ལ་ཕམ་པས་གདེང་སྤོབས་ཞུམ་མི་རུང་། ཅིའི་ཕྱིར་ཞེ་ན། མི་ཡུལ་གྱི་གློག་འོད་མ་བསྐྲུན་སྔོན་ལ་གསར་གཏོད་པ་ཨེ་ཌི་སོན་ཐེངས་མ་ཁྲི་སྟོང་ལ་ཕམ་མྱོང་བ་ལྟར་རོ།། 


༤༡) དབུལ་ཕོངས་དང་འབྱོར་ཕྱུག་གང་ཡིན་ཡང་བསམ་བློའི་ཐོན་ཟོག་རང་ཡིན། 


༤༢) ཕམ་ཉེས་ནི་སྐབས་འཕྲལ་ཙམ་ཡིན་པ་མ་གཏོགས་ཚེ་གང་ག་ལ་ཡིན། 


༤༣) འབྱོར་ཕྱུག་གི་ཐོན་ཁུངས་གཙོ་བོ་ཐབས་ཤེས་ཡིན། 

ནཱ་ཕོ་ལིན་ཧེལ་(Napoleon Hill 1883Ð1970)ནི་ཨ་རིའི་རང་དབང་རྩོམ་པ་བོ་ཞིག་དང་། ཕྱི་ལོ་༡༩༣༧ ལོར་ཁོང་གིས་<<འབྱོར་ཕྱུག་དང་བསམ་གཞིག>>(Think and Grow Rich)བརྩམས་ཏེ་མཚན་སྙན་གླིང་ལ་གྲགས་པ་ཞིག་གོ།




No comments:

Post a Comment

Adbox