བོད་ཡིག་གི་སྲོག་སྐྱོབས་རོགས། I འོས་སྦྱོར།


ཉན་མཁན་མེད་རུང་འདི་ལྟར་བཤད་འདོད་བྱུང་།


_______འཛི་གུར་ཀུམ།


ཅུང་བོད་ཡིག་གི་བཀོལ་རྒྱ་ཆེ་ཞིང་། ལྟོས་འཇོག་གིས་བོད་ཡིག་འཁོར་སྐྱོད་ལ་རང་དབང་ཡོད་ས་ཞིག་ནི། པོད་འཕྲིན་དང་འཕྲིན་ཕྲན་དག་གི་གྲོགས་ཚོམས་ཡིན། བོད་ཡིག་བྱ་ཞིག་ཡིན་པའི་དབང་དུ་བཏང་ན། གྲོགས་ཚོམས་ནི་ཁོད་ཡངས་པའི་ནམ་མཁའ་དེ་ཡིན་ལ། བོད་ཡིག་འཕུར་ལྡིང་མྱུར་བའི་ཕྱེ་ལེབ་ཅིག་ཡིན་པའི་དབང་དུ་བཏང་ན། གྲོགས་ཚོམས་ནི་མཚར་སྡུག་ལྡན་པའི་སྐྱེད་ཚལ་ཡངས་པོ་དེ་ཡིན་ཟེར་ནའང་ཆོག 
ད་ཆར་བོད་ཡིག་བཀོལ་བདེ་ས་ཞིག་ལ་གྲོགས་ཚོམས་ལས་ལྷག་ཅིག་མེད་པ་འདྲའོ།། 

དེས་ན། འོ་སྐོལ་གྱིས་གྲོགས་ཚོམས་སུ་བོད་ཡིག་རྒྱུན་ཆགས་སུ་བཀོལ་ན་འོས་ལ། བོད་ཡིག་གི་ཕྲིན་ལས་ཀྱང་གྲོགས་ཚོམས་དང་བསྟུན་ཏེ་སྤེལ་ན་ཅི་འདྲའི་འཚམ་མོད། རེད་དེ། ཡང་འུ་ཚོ་ནི་འཛེམ་དོགས་ལ་དགའ་ཞིང་། འཛེམ་དོགས་ཀྱིས་བཅིངས་ཏེ། གྲོགས་ཚོམས་ནང་དུའང་བོད་ཡིག་ཡིད་ཚིམས་པ་ཞིག་བཀོལ་ཐུབ་ཀྱིན་མེད་པ་འདི་ལས་སྙིང་ན་བ་དང་ཡིད་ཆད་པ་གཞར་ཡང་མེད་ཨང་། 
བོད་ཀྱིས་མི་གྲངས་དང་བསྡུར་དེ་བལྟས་ན། གྲོགས་ཚོགས་སུ་བོད་ཡིག་བཀོལ་མཁན་ཅི་བས་ཉུང་དོན་གྱི་རྒྱུ་རྐྱེན་ཡང་འདི་ན་མཆིས། མང་ཚོགས་ཚོས་བོད་ཡིག་བཀོལ་མི་ཤེས་པས་གྲོགས་ཚོམས་སུ་མི་བཀོལ། དེ་ལ་ཁག་ཅི་ཡོད། བོད་ཡིག་ལེགས་པོ་བཀོལ་ཤེས་མཁན་ཚོས་ཀྱང་མཚམས་རེ་གྲོགས་ཚོམས་སུ་ཅུང་ཙམ་སྤེལ་བ་ལས། རྒྱུན་དུ་བཀོལ་རྒྱུ་ལ་འཛེམ་དོགས་དཔེ་མེད་བྱེད། དེ་ནི་མང་པོ་སྤེལ་འདུག་ན་རང་ཉིད་ལ་རང་ཚུགས་མེད་པ་དང་། རང་ཉིད་ཀྱི་ཆེ་བ་ཉམས་བྱེད་ཅིག་ཏུ་བཟུང་ཡོད།
དེའི་ཁར་གཞོན་སྐྱེས་ལྟོས་འཇོག་གིས་བོད་ཡིག་བཀོལ་གྲངས་མང་མཁན་ཚོ་ལ་ཡང་ཡིག་རྫོབ་རེད་ཟེར་ནས་མཐོང་ཆུང་དང་མ་རུངས་བའི་རྣམ་འགྱུར་འཛིན། དེ་འདྲའི་ཆ་མི་སྙོམས་བའི་བར་ནས་གྲོགས་ཚོམས་སུ་བོད་ཡིག་བཀོལ་རྒྱུ་དེའང་བདེ་ཐང་མིན་པའི་ལམ་དུ་བསྐྱལ་ཡོད།
མཚམས་འདི་ནས་ངས་འོ་སྐོལ་གྱི་བོད་ཡིག་ལེགས་པོ་བཀོལ་ཤེས་མཁན་ཚོར། དེང་ཕྱིན་ཆད་གྲོགས་ཚོམས་སུ་བོད་ཡིག་རང་རང་གིས་མང་པོ་བཀོལ་རྒྱུ་དང་། བཀོལ་རྒྱུ་དེ་བོད་ཡིག་ཤེས་མཁན་ཡོངས་ཀྱི་གོ་ཐུབ་པ་དང་བཀོལ་ཤེས་པའི་ཕྱོགས་ལ་སྣེ་ཁྲིད་ཅིག་བྱེད་རྒྱུའི་རེ་ཞུ་ཞིག་རྒྱག་འདོད་བྱུང་། 

 ཇི་ལྟར་སྣེ་ཁྲིད་བྱེད་དགོས་ཤེ་ན། ད་སྔོན་ལྟར་ཅུང་ཙམ་བཀོལ་རྒྱུ་དེའང་རིག་གཞུང་གི་སྐད་ཆ་དང་། ཡང་ན་སྙན་ངག་གི་སྐད་ཆ་ལྟ་བུའི་མཐོ་སྐད་རྐྱང་བ་མ་ཡིན་པར། དམའ་སའི་མིའི་འཚོ་བ་དང་མཐུན་པའི་དགའ་སྐྱོ་ཆགས་སྡང་དང་འབྲེལ་ཞིང་། ཁ་གསལ་ལ་ཚིག་ཚོགས་ཉུང་བ། ཤེས་ཚད་མཐོ་དམའ་ཀུན་གྱིས་གོ་སླ་ཞིང་། བཀོལ་བདེ་བ་ཞིག་གི་ལམ་ནས་སྤེལ་ན། བོད་ཡིག་བཀོལ་སྤྱོད་ཕྱོགས་ལ་སྣེ་ཁྲིད་ཀྱི་ནུས་པ་བླ་མེད་ཅིག་འདོན་ཐུབ་སྙམ་ཡོད།
རྒྱུ་མཚན། མང་པོ་ཞིག་གི་དཀའ་ཁག་ནི། མཁས་པ་ཚོས་བཀོལ་བཞིན་པ་དག་མཐོ་སོང་སྟེ། ནང་དོན་མི་གོ་བས་ཀློག་མི་སྤྲོ་ལ། ཐད་ཀའི་འཚོ་བ་བརྗོད་པའི་བཀོལ་བདེ་ཞིག་མ་ཤེས་པའི་བར་ནས། ལ་ལ་བོད་ཡིག་བཀོལ་རྒྱུ་ལ་དཀའ་སྣང་སྐྱེས་ཏེ་མི་བཀོལ། ལ་ལས་ཆུང་ས་དམའ་ས་ནས་ཇི་ལྟར་བཀོལ་དགོས་མ་ཤེས་ཏེ་མི་བཀོལ། 

མདོར་ན། བོད་ཡིག་གིས་ཐད་ཀའི་འཚོ་བ་ཇི་བཞིན་བརྗོད་མི་ཐུབ་པའི་ཚོར་སྣང་ཞིག་སྐྱེས་ཏེ་བོད་ཡིག་བཀོལ་རྒྱུ་མི་དགའ་བར་གྱུར་ཡོད་པ་མང་། དེའི་ཕྱིར། འོ་ཅག་གི་བོད་ཡིག་ཡག་པོ་བཀོལ་ཤེས་མཁན་ཚོས། མཁས་ཉམས་ཀྱི་བཟོ་ལྟ་རྫིག་པོ་དེ་དང་འཛེམ་དོགས་ཀྱི་གཟེབ་དྲྭ་དག་དོར་ཏེ་འདི་ལ་དོ་སྣང་མ་སྤྲད་རང་སྤྲད་རེད་འདུག་སྙམ།
ང་ཡང་ད་སྔོན་འུ་ཚོའི་སྤྱིའི་གོམ་སྲོལ་ལྟར་གྲོགས་ཚོམས་སུ་བོད་ཡིག་བཀོལ་རྒྱུ་རིན་ཐང་ཅན་རེ་མིན་ན་སྙིང་མེད་པར་འཛིན་མཁན་གྱི་གྲས་སུ་ཡོད། དེའི་རྐྱེན་གྱིས། དེ་སྔོན་སྤེལ་རྒྱུ་མང་ཕྱོགས་ཅི་ལྕོགས་གང་ལྕོགས་ཀྱི་ཅུང་མཐོ་ལ་ལ་རེ་ཨེ་ཡོང་ལ་འབད་དེ་སྤེལ་བ་ཡིན།
ད་ནས་ངས་ཀྱང་སྐད་ཆ་དམའ་སར་བབས་ཏེ། རང་ག་བའི་སྐད་ཆ་དང་འབྲེལ་ཏེ་ཕལ་བའི་འཚོ་བ་དང་མཐུན་པ་ཞིག་བཀོལ་ཨེ་ཤེས་ལྟ་འདོད་སྐྱེས། དེས་ན། ཁྱེད་ཅག་གིས་ཀྱང་དེང་ཕྱིན་ཆད་གྲོགས་ཚོམས་སུ་བོད་ཡིག་བཀོལ་རྒྱུར་མི་འཛེམ་པར། ཅུང་མང་ལ་ལ་རེ་བཀོལ་རྒྱུ་དང་། ད་དུང་དམའ་ས་ནས་རང་ག་བའི་སྐད་ཆས་བཀོལ་མཁན་དག་ལ། དེ་དོན་མེད་རེད་ཟེར་ནས་ཆུང་ལྟ་བྱས་ཏེ་བཀག་འགོག་མ་བྱེད་རོགས། 

ངས་ཀྱང་དམའ་ས་ནས་བཀོལ་སྤྱོད་ཨེ་ཤེས་ལྟ་རྒྱུ་ཡིན་ལ། དེ་ལྟར་མང་ལ་ལ་རེ་ཨེ་འཁྱོངས་ལ་འབད་ཡོང་ངོ་།། 






No comments:

Post a Comment

Adbox