ཀྲུང་གོ་བའི་ཚན་རིག་གི་ལོག་འགྲེལ།
རྩོམ་མཁན་ཝུའུ་ཀུའོ་ཧྲེང་། སྒྱུར་མཁན་སྒྲོལ་དཀར་ཚེ་རིང་།
ཚན་རིག་ལ་ཕྱོགས་གསུམ་ནས་གོ་བ་ལོག ༼དྲི་བ་དྲིས་ལན།༽
ཝུན་ཞིན་ཧུང་། དང་པོ་ཙ་ན་ནུབ་ཕྱོགས་ཀྱི་ལག་རྩལ་སྦྱངས་འདོད་དེ་ཀྲུང་གོར་ཚན་རིག་དར་བ་ཡིན་མོད། “ཚན་རིག་”ཅེས་པ་འདི་ནི་ཀྲུང་གོ་བས་ཚུལ་སྣ་ཚོགས་སུ་འགྲེལ་ཅིང་གོ་བ་ལོག་པའི་མིང་བརྡ་ཞིག་ཡིན། ཁྱེད་ཀྱིས་ཀྲུང་གོ་བ་དག་ཚན་རིག་ལ་གོ་ནོར་ག་འདྲ་ཐེབས་ཀྱིན་ཡོད་པའི་སྐོར་གསུང་རོགས།
ཝུའུ་ཀུའོ་ཧྲིན། དེ་ལ་གཙོ་བོ་ཕྱོགས་གསུམ་འདུག ཕྱོགས་དང་པོ་ནི་འདི་ལྟ་སྟེ། ཉེ་རབས་སུ་ཀྲུང་གོ་བས་ཚན་རིག་དང་དུ་ལེན་པའི་རྒྱུ་གཙོ་བོ་ནི་ནུབ་ཕྱོགས་ཀྱི་བཙན་རྒྱལ་དག་གིས་གྲུ་གཟིངས་དང་མེ་སྒྱོགས་ཀྱིས་རང་རེའི་རྒྱལ་སྒོ་བཙན་གྱིས་གཏོར་བ་ལ་བརྟེན་ནས། ཀྲུང་གོ་བ་རྣམས་ལ་ནུབ་ཕྱོགས་སྟོབས་ཆེ་བ་དང་རང་གིས་གཉའ་གནོན་མྱོང་བ་ནི་ལག་རྩལ་རྗེས་སུ་ལུས་པས་ཡིན་པ་ལ་ངེས་པ་རྙེད་པས་ཡིན། འདིར་བསྟན་པའི“ལག་རྩལ”ཞེས་པ་ཀྲུང་གོ་བ་རྣམས་ཀྱི་སེམས་སུ་ནུབ་ཕྱོགས་ཀྱི་ཚན་རིག་ཡིན། དེར་བརྟེན། ལོ་རྒྱུས་ཀྱི་ཆ་རྐྱེན་དང་གནོད་པ་ཁྱད་པར་བའི་འོག་ཏུ། ཀྲུང་གོ་བ་དག་གི་བློ་ངོར་ཚན་རིག་ཅེས་པ་ནམ་རྒྱུན་ལག་རྩལ་གྱི་མིང་གི་རྣམ་གྲངས་སུ་འདོད།
གོ་ལོག་གཉིས་པ་ནི་ཀྲུང་གོའི་སྲོལ་རྒྱུན་རིག་གནས་སུ་ལག་རྩལ་ཞེས་པ་ནམ་རྒྱུན་ཡོ་བྱད་ལ་ཆེས་ཆེར་གོ་ཞིང་། ལག་རྩལ་ནི་ལག་ཆ་ལས་མ་འདས་པར་སེམས། ཐ་ན་ཤེས་ཡོན་དང་ཤེས་ཡོན་པའང་ལག་ཆ་ཙམ་དུ་འདོད། ཤེས་ཡོན་གང་དེ་དབང་སྒྱུར་བས་ཆེ་མཐོང་དང་སྤྱད་པར་མ་གྱུར་ན། དེ་ལ་སྙིང་པོ་ཅི་ཡང་མེད་པར་བརྩི། དེར་བརྟེན། ཀྲུང་གོའི་སྲོལ་རྒྱུན་གྱི་ཤེས་ཡོན་གྱི་ལྟ་ཚུལ་ལ་དངོས་ཕན་རིང་ལུགས་ཀྱི་འཁྱེར་སོ་ཤུགས་དྲག་པོ་ལྡན་ཞིང་། ཤེས་ཡོན་ནི་ངེས་པར་ཉེ་བར་སྤྱོད་ཅིང་དགེ་མཚན་གདོན་ཐུབ་པ་ཞིག་ཡིན་དགོས། གོང་གསལ་ལྟ་བ་གཉི་གས་ཀྲུང་གོ་བའི་ཚན་རིག་གི་ལྟ་ཚུལ་ལ་ཁ་ལོ་བྱས་ཡོད།
ཕྱོགས་གསུམ་པ་ནི་ཁོ་བོ་ལྟར་ན་“ཚན་རིག་”ཅེས་པའི་འགྱུར་མིང་འདི་དང་འབྲེལ་ཡོད་པར་འདོད། གང་ལགས་ཤེ་ན། (Science)ཞེས་པ་གྷི་རིག་གི་ཡི་གེ་(Episteme)ལས་བྱུང་ཞིང་། གང་དེའི་ལ་ཊེན་གྱི་སྐད་དོད་ནི་(scientia)ཞེས་པ་སྟེ། ཤེས་ཡོན་གྱི་དོན་ཡིན། དེ་ལ་འདིར་“ཤེས་ཡོན་”ཞེས་པ་ནི་འོ་སྐོལ་གྱིས་ནམ་རྒྱུན་ཤོད་ཀྱིན་པའི་ཆ་འཕྲིན་འཐོབ་པར་བྱ་བ་ལ་བསྟན་པ་མ་ཡིན་པར། “བསམ་འཆར་”གྱི་ཟླས་དྲངས་པའི་ཤེས་ཡོན་ཀྲིག་ཆགས་མ་ལ་གོ་ཡི། འདི་ལ་“ཚན་ཚན་རིག་པའི་”དོན་ནི་རྩ་བ་ནས་མེད། ཚན་ཚན་རིག་པའི་དབྱིན་ཡིག་གི་སྐད་དོད་གཞན་ཞིག་ནི་(discipline)ཞེས་པ་དེ་ཡིན། ཉི་ཧོང་བས་(science)ཞེས་པ་“ཚན་རིག་”ཏུ་བསྒྱུར་ཅིང་། དེ་ནི་སྐབས་དེའི་ནུབ་ཕྱོགས་ཀྱི་ཚན་རིག་ནི་ལས་རིགས་དང་། ཆེད་ལས། ཚན་ཚན་རིག་པ་ཅན་དུ་འགྱུར་བའི་གནས་སྐབས་སུ་ལྷགས་ཡོད་པ་ལ་ལྟོས་ཏེ་དེ་ལྟར་བརྡ་བཏགས་པ་ཡིན་ཞིང་། གང་དེ་ལ་དུས་རབས་བཅུ་དགུ་པའི་དུས་དཀྱིལ་གྱི་ལོ་རྒྱུས་ཀྱི་གནས་སྐབས་ཁྱད་པར་བ་དེའི་ཚན་རིག་གི་ཁྱད་ཆོས་འབུར་དུ་ཐོན་ཡོད་མོད། དེ་ཉིད་བྱུང་བའི་ཤེས་ཡོན་སྨྲ་བའི་སྲོལ་རྒྱུན་མི་མངོན་པར་བྱས་ཡོད།
ཝུན་ཞིན་ཧུང་། ཀྲུང་གོ་བ་རྣམས་ཚན་རིག་ལ་གོ་བ་ལོག་དོན་ཅི་ཡིན་ནམ།
ཝུའུ་ཀུའོ་ཧྲིན། ཚན་རིག་ནི་ཀྲུང་ཧྭ་མི་རིགས་ཀྱི་རང་ས་རང་ཡུལ་གྱི་ཆོས་ཤིག་མ་ཡིན་ལ། ས་སྐྱེ་རྡོ་སྐྱེས་ཀྱི་རིག་གནས་ཤིག་ཀྱང་མ་ཡིན་པར་ཕྱི་ནས་དར་བ་ཡིན། ཕྱི་ནས་དར་བའི་ཆོས་རྣམས་ལ་གོ་ནོར་ཐེབས་སླ་སྟེ། གང་ལགས་ཤེ་ན། ཀྲུང་གོ་བས་ནི་ཀྲུང་གོའི་རིག་གནས་ཀྱི་མཐོང་རྒྱ་དང་རྟོག་པས་ཕྱི་ནས་དར་བའི་ཆོས་འདི་དག་ལ་གོ་བ་ལེན་པར་བྱེད་ཀྱང་། ཀྲུང་གོའི་རིག་གནས་སུ“ཚན་རིག”ཅེས་པའི་ཆོས་འདི་མེད།
དེང་གི་ཀྲུང་གོ་བ་རྣམས་ཀྱིས་ཚན་རིག་ནི“བསམ་པའི་ལས”ཤིག་ཏུ་བགྲང་བར་མོས་ལ། འདི་ཡིས་ཚན་རིག་སྒྲ་ཡངས་པར་ཐལ་བའི་སྐྱོན་འབྱུང་སླ། ཁོ་བོ་ལྟར་ན་ཚན་རིག་ནི་བསམ་པའི་ལས་འབའ་ཞིག་མ་ཡིན་ལ། ཤེས་ནོར་དང་ལྡན་ཕྱིན་ཚན་རིག་ལ་འཇུག་ཐུབ་པ་ཞིག་ཀྱང་མ་ཡིན། རང་རེའི་ཀྲུང་གོ་བ་རྣམས་ལ་ཤེས་ནོར་དམའ་བར་རྩ་བ་ནས་བཤད་མི་རིགས་ཀྱང་། ཀྲུང་གོའི་གནའ་རབས་སུ་ཚན་རིག་མེད། ཚན་རིག་གིས་གདོན་མི་ཟ་བར་བློ་རིག་གི་ཆུ་ཚད་ངེས་ཅན་ཞིག་གཞི་མར་བྱེད་ཀྱང་། ཚན་རིག་གི་རྩ་བར་གྱུར་པའི་ཆོས་ནི་ཤེས་ནོར་མ་ཡིན་པར། གང་དེ་རིག་གནས་དང་འབྲེལ་ཡོད། དེར་བརྟེན། ཀྲུང་གོ་བའི་ཚན་རིག་ལ་གོ་བ་ལོག་པ་གསལ་པོར་བཟོ་ཆེད། འོ་སྐོལ་གྱིས་རྩ་བ་ནས་བསྒྱུར་ཏེ། ནུབ་ཕྱོགས་ཀྱི་བརྡའི་གནས་སྐབས་སུ་ཚན་རིག་ནི་གང་ཞིག་ལ་བསྟན་པར་དཔྱད་ཞིབ་བྱེད་ལ། དེ་དང་རྟེན་ཅིང་འབྲེལ་འབྱུང་གིས་ནུབ་ཕྱོགས་སུ་ཚན་རིག་འབྱུང་དོན་ཅི་ཡིན་ལ་ལན་གདབ་པར་བྱའོ།།
ཝུན་ཞིན་ཧུང་། ཚན་རིག་གི་ངོ་བོ་ནི་རིག་གནས་དང་འབྲེལ་ཡོད་ཅེས་པར་གོ་བ་ཇི་ལྟར་ལེན་པར་བྱ།
ཝུའུ་ཀུའོ་ཧྲིན། ཚན་རིག་ནི་ངོ་བོའི་ཆ་ནས་ཤེས་ཡོན་ཡིན། འོ་ན་ཤེས་ཡོན་ནི་ཅི་ཡིན་ཞེ་ན། ཀྲུང་གོ་བའི་ཤེས་ཡོན་གྱི་གོ་བའང་ཧ་ཅང་ཡངས་ཏེ། འོ་སྐོལ་གྱིས་རྒྱུན་པར“ཉམས་མྱོང་སྐོར་གྱི་ཤེས་ཡོན་”དང་“ལག་རྩལ་སྐོར་གྱི་ཤེས་ཡོན”སོགས་གླེང་བར་བྱེད། ཡིན་ཡང་ནུབ་ཕྱོགས་སུ་ཤེས་ཡོན་ཞེས་པར་བླང་བྱ་ནན་མོ་ཡོད་དེ། གང་ལགས་ཤེ་ན། ཤེས་ཡོན་ནི་ངེས་པར་དུ་ཀྲིག་ཆགས་མ་ཞིག་ཡིན་དགོས། ནུབ་ཕྱོགས་ཀྱི་ཚན་རིག་དང་འབྲེལ་བའི་ཕུགས་འདུན་ནི་ཤེས་ཡོན་ཀྲིག་ཆགས་མའི་སྐོར་གྱི་ཕུགས་འདུན་ཡིན་ལ། འདི་ནི་ནུབ་ཕྱོགས་རིག་གནས་ཀྱི་ཁྱད་ཆོས་ཡིན་པ་གང་ཞིག་ལ། ཀྲིག་ཆགས་མ་དོན་དུ་གཉེར་བ་ནི་འཛམ་གླིང་ཤར་ཕྱོགས་ཀྱི་མི་རིགས་རྣམས་ཀྱིས་དོན་དུ་གཉེར་འདོད་པ་དེ་མ་ཡིན་ནོ།།
* རྩོམ་ཁུངས། ཝུའུ་ཀུའོ་ཧྲེང་ལགས་ཀྱིས་མཛད་པའི་《ཚན་རིག་གི་བྱུང་བ་བརྗོད་པའི་བརྗེད་བྱང་》ཞེས་པའི་བསྟན་བཅོས་ལས་ཁོལ་དུ་ཕྱུང་ནས་བསྒྱུར།
No comments:
Post a Comment