བྱ་ནེ་ཙོ་དང་རང་དབང་གི་འཐབ་རྩོད་པ། I གསར།

 


བྱ་ནེ་ཙོ་དང་རང་དབང་གི་འཐབ་རྩོད་པ། 

རྩོམ་མཁན་ཨོ་ཞོ། སྒྱུར་མཁན་ན་བུན།

 

རང་དབང་གི་དོན་ནི་ཅིས་ཀྱང་གཡོལ་དུ་མེད་པའི་འགན་འཁྲི་སྟེ། ཁྱོད་རང་ཉིད་ད་གཟོད་རང་གི་མགོན་གཅིག་པུ་ཡིན་པ་དེའོ།། 

____ཨོ་ཞོ། 

 

ནམ་རྒྱུན་ང་རང་ཆེས་བྲོད་པའི་གནའ་གཏམ་འདི་འདྲ་ཞིག་གྲགས་ཤིང་མཆིས་ཏེ། 

གནའ་སྔ་མོར། རང་དབང་གི་འཐབ་རྩོད་པ་ཞིག་ཡོད་པ་ཁོང་རི་གྲོང་གང་སར་འཁྱམས་ནས། ཉིན་ཞིག་གི་མཚན་མོར་མགྲོན་ཁང་ཞིག་ཏུ་ཞག་འདུག་བྱས་པ་རེད། 

མགྲོན་ཁང་དེའི་ནང་དུ་གསེར་མདོག་གི་གཟེབ་དྲར་བྱ་ནེ་ཙོ་ཞིག་བཅུག་ཡོད་ཅིང་། བློ་ཡུལ་ལས་འགོངས་པ་ཞིག་ལ། ནེ་ཙོ་དེས་ཟམ་མི་ཆད་པར།རང་དབང་། རང་དབང་།ཅེས་སྐད་གསེང་མཐོན་པོས་སྨྲེ་སྔགས་འདོན་གྱིན་ཡོད་འདུག   

མགྲོན་ཁང་དེའི་ནང་གི་ནེ་ཙོས་ཡང་ནས་བསྐྱར་དུ་རང་དབང་། རང་དབང་ཞེས་སྨྲེ་སྔགས་བཏོན་པའི་སྐད་སྒྲ་ནི་རི་གྲོང་གི་བྲག་ཅར་མཆེད་ཅིང་མཆིས་སོ།། 

སྐབས་དེ་ཤེད་དུ། རང་དབང་གི་འཐབ་རྩོད་པས་འདི་ལྟར་བསམ།ངས་ནེ་ཙོ་མང་པོ་མཐོང་མྱོང་། མཐོང་ནས་ཀྱང་ནེ་ཙོ་དག་གིས་རང་ཉིད་གཟེབ་དྲ་ལས་ཐར་བའི་རང་དབང་ལ་རེ་འབོད་བྱེད་ཀྱི་འདུག་སྙམ། འོན་ཀྱང་ཞོགས་པ་ནས་ས་སྲོད་བར་དུ། ཐ་ན་འཇིག་རྟེན་གྱི་རྒྱུ་བ་ཡོད་ཚད་གཉིད་ཁུག་པའི་སྐབས་སུའང་། ནེ་ཙོ་འདིའི་ཁ་དལ་བ་མེད་པར་རང་དབང་ལ་རེ་འབོད་བྱེད་པ་འདི་ལྟ་བུ་ཞིག་ངས་ད་རེག་བར་དུ་མཐོང་མ་མྱོང་། 

དེ་ནས་འགྲུལ་བའི་སེམས་ལ་ཐབས་བཀོད་ཅིག་དྲན་ཏེ། ནམ་གུང་ཁོ་མལ་ལས་ལངས་ནས་ནེ་ཙོ་བཅུག་པའི་གཟེབ་དྲ་དེའི་སྒོ་ཕྱེ་ནས། སྐད་མགོ་ཅུང་དམའ་མོས་བྱ་ནེ་ཙོར་སྨྲས་པ།ལ་མོར་སྒོར་བུད་དང་། ཁྱོད་རང་གི་བདག་པོ་གཉིད་ལ་ཤོར་འདུག

བསམ་པའི་རྒྱུད་ལའང་མ་དྲན་པ་ཞིག་ལ། ནེ་ཙོ་དེ་གཟེབ་དྲར་འཐམ་ནས་སྡོད་པ་ལས་སྒོར་བུད་མ་སོང་། 

དེ་ནས་འགྲུལ་བས་ཡང་ནས་བསྐྱར་དུ།སྒོར་བུད་དང་། ཁྱོད་ལ་རང་དབང་དགོས་པ་མིན་ནམ། ཁྱོས་རང་གི་རེ་འབོད་བརྗེད་སོང་ངམ་ཅི། གཟེབ་སྒོ་ཕྱེ་བཞག་ཡོད། བདག་པོ་གཉིད་ལ་ཤོར་འདུག ཁྱོད་གཟེབ་ནས་འཕུར་དུས་སུས་ཀྱང་མཐོང་མི་སྲིད། རང་དབང་གི་ནམ་མཁར་འཕུར་དང་། མཐོངས་ཡངས་པའི་ཨ་སྔོན་ཧྲིལ་བོ་ཁྱོད་ཀྱི་རང་དབང་གི་འཕུར་ལམ་རེད།ཅེས་བཤད། 

ཡིན་ནའང་ནེ་ཙོ་སྔར་བཞིན་གཟེབ་དྲར་དམ་པོར་འཐམ་ནས་སྡོད་པ་ལས་སྒོར་མ་བུད་པས། འགྲུལ་བ་འུ་ཐུག་ནས།ཁྱོད་སྒོར་མི་འབུད་དོན་ཅི་ཡིན། ཁྱོད་ལ་གཟའ་བྱུང་བ་མིན་ནམ།ཞེས་དེ་སྐད་བཤད་ཞོར། གཟེབ་དྲའི་ནང་ལ་ལག་པ་བསྲངས་ནས་ནེ་ཙོ་ཕྱིར་ལེན་རྩིས་བྱས་པ་ན། ནེ་ཙོས་འགྲུལ་བའི་ལག་མགོར་མཆུ་ཏོས་རྨུག་བཞིན།རང་དབང་། རང་དབང་།ཞེས་སྨྲེ་སྔགས་འདོན་འགོ་བརྩམས་སོང་། 

བྱ་ནེ་ཙོའི་རང་དབང་གི་འབོད་སྒྲ་སླར་ཡང་རི་ཀླུང་གི་བྲག་ཅར་མཆེད་སོང་། ལར་འགྲུལ་བ་ཁོང་ནི་མི་མགོ་མཁྲེགས་ཨུ་ཚུགས་ཅན་ཞིག་ཡིན་པའི་ཁར། རང་དབང་རྩོད་ལེན་གནང་མཁན་ཞིག་ཀྱང་ཡིན་པའི་ཆ་ནས། ཁོས་ནེ་ཙོ་དེ་གཟེབ་དྲ་ལས་གློད་ནས་རང་དབང་གི་ནམ་མཁར་འཕུར་དུ་བཅུག་སོང་།  

འགྲུལ་བའི་ལག་པར་སྐྱི་བཤུས་བཏོད་ཡོད་ནའང་། ཁོས་དེ་ལ་ནི་ཅི་མི་སྙམ་པར་བྱ་ནེ་ཙོ་གཟེབ་ནས་གློད་པས། རང་ཉིད་རང་ལ་ཡིད་ཚིམས་པའི་སྣང་བ་སྐྱེས། 

དེ་ཡང་ད་ཅི་ནེ་ཙོས་འགྲུལ་བའི་ལག་མགོར་ཤེད་ཤུགས་ཡོད་རྒུ་བཏོན་ནས་མཆུ་བཏོག་བྱས་ཀྱང་། འགྲུལ་བའི་སྣང་བར་ཁོས་ཚེ་སྲོག་ཅིག་ལ་རང་དབང་སྤྲོད་ཐུབ་སོང་སྙམ་དུ། ལག་པའི་ཚ་གཟེར་བརྗེད་ནས་རང་ཉིད་རང་ལ་ཡིད་ཚིམས་པའི་ངང་དུ། ཕྱིར་མལ་དུ་ཕྱིན་སོང་། 

ཕྱི་ཉིན་ཞོགས་པར་འགྲུལ་བ་གཉིད་ལས་སད་དུས། ནེ་ཙོས་སྔར་བཞིན་རང་དབང་། རང་དབང་ཞེས་སྨྲེ་སྔགས་འདོན་བཞིན་པ་ཐོས་འོངས། ཐོས་ཀྱང་ཁོའི་བསམ་པར། གཅིག་བྱས་ན་ནེ་ཙོ་དེ་ཕྱི་རོལ་གྱི་སྡོང་མགོ་ཞིག་གམ། ཡང་ན་རྡོ་ཐོག་ཏུ་བབ་ནས་བསྡད་ལོས་ཡོད་འདོད་མོད། ལྡོག་སྟེ་བྱ་ནེ་ཙོ་ཕྱིར་གཟེབ་དྲར་འཛུལ་ཞིང་། གཟེབ་སྒོ་ཡང་གཏན་མེད་པ་རེད།" 

 

གོང་ཞུས་གཏམ་རྒྱུད་འདིའི་བརྗོད་དོན་ཤིན་ཏུ་བདེན་ཏེ། གཏམ་རྒྱུད་འདི་ལ་ང་ཧ་ཅང་གློ་བ་ཉེ་བོ་བྱུང་། གལ་ཏེ་ཀློག་པ་པོ་ཁྱོད་རང་བྱ་ནེ་ཙོ་དེ་ཡིན་པའི་དབང་དུ་བཏང་ན། ཁྱོད་རང་དབང་ལ་ཇི་ལྟར་མོས་ཀྱང་། གནམ་འོག་ན་གཟེབ་དྲ་ལས་ལྷག་པའི་བདེ་འཇགས་ཀྱི་གནས་ཤིག་ཧ་ལམ་ཁྱོད་ལ་མེད་པ་རེད། 

གཟེབ་ནང་དུ་ནེ་ཙོས་རང་ཉིད་ཀྱི་འཚོ་རྟེན་རྒུམ་བུར་སེམས་ཁུར་བྱེད་མི་དགོས། རང་གི་དགྲ་ཟླར་འཇིགས་སྣང་སྐྱེས་མི་དགོས། ཐ་ན་འཇིག་རྟེན་གྱི་བྱ་བཞག་གང་ལའང་སེམས་འཁྲལ་ཅི་ཡང་གནང་དོན་མེད། 

དེར་མ་ཟད། ད་དུང་གསེར་མདོག་གི་གཟེར་དྲ་ཧ་ཅང་དྲོན་པོ་ཡོད། བྱ་ནེ་ཙོ་གཞན་པ་ཚོར་རིན་ཐང་བྲལ་བའི་གཟེབ་དྲ་འདི་འདྲ་བ་ཞིག་བདོག་མི་སྲིད་པའི་ཁར། གཟེབ་ནང་དུ་ཁྱོད་རང་གི་དབང་ཆ་དང་། ཁྱོད་རང་གི་རྒྱུ་ནོར། ཁྱོད་རང་གི་སྙན་གྲགས་ཡོད་ཚད་ཚང་མ་ཁྱོད་རང་ལ་དབང་བ་རེད། ཁྱོད་ཀྱི་བླ་སྲོག་ལ་རང་དབང་མཁོ་རུང་། རང་དབང་ལ་ཉེན་ཚབས་ཆེ། 

རང་དབང་ལ་འགན་ལེན་མེད།

རང་དབང་ལ་བདེ་སྲུང་མེད།

རང་དབང་ཞེས་པ་དེ་སྤུ་གྲི་ངོ་གཉིས་མའི་སོ་ཁར་བཅར་བ་དང་འདྲ་བར། རང་དབང་གི་ཐར་ལམ་བགྲོད་པའི་དུས་སྐད་ཅིག་སྐད་ཅིག་མ་རེ་རེར་འཇིག་ཉེན་ཆེན་པོ་ཡོད། 

དེར་མ་ཟད། མཚམས་རེར་རང་ལའང་ངེས་ཤེས་ཅི་ཡང་མེད་པ་གང་ཞིག་རྩད་ནས་འཐབ་དགོས། འཐབ་རྩོད་ཀྱི་གཡུལ་ས་དེ་ཡང་སྐབས་དེར་ཧ་ཅང་དྲོ་ཞིང་ལན་རེར་ཧ་ཅང་འཁྱག དེ་གར་ཁྱོད་ལ་གློ་བ་ཉེ་མཁན་སུ་ཡང་མེད། 

དེ་ལས་གཟེབ་ནང་དུ་བསྡད་ན། དོན་དག་ཡོད་ཚད་ཀྱི་འགན་བདག་པོས་འཁུར་དགོས། དཔེར་ན། ནམ་ཟླ་འཁྱག་དུས་སྒོ་ཕྱར་གྱིས་གཟེབ་སྒོ་དམ་པོར་གཏན་པ་དང་། ཚ་གདུག་ཆེ་དུས་གློག་སྒུལ་བསིལ་གཡབ་གཏོང་དགོས། 

རང་དབང་གི་དོན་ནི་ཅིས་ཀྱང་གཡོལ་དུ་མེད་པའི་འགན་འཁྲི་སྟེ། ཁྱོད་རང་ཉིད་ད་གཟོད་རང་གི་མགོན་གཅིག་པུ་ཡིན་པ་དེའོ།། 

མ་ཟད་སྙན་ངག་པ་ཐེ་ཀོར་གྱི་ཞལ་ནས།རང་དབང་ནི་ང་ཡི་ཕུགས་འདུན་དངོས་ཡིན་མོད། དེ་ལ་རེ་སྟོང་འབའ་ཞིག་འཆིང་རྒྱུར་རང་ལའང་ངོ་གནོང་སྟེ། དེ་ནི་རེ་སྟོང་འབའ་ཞིག་བཅངས་མིན་གྱི་གནད་དོན་མ་ཡིན་པར། རེ་འདུན་རྩོད་ལེན་གནང་མིན་གྱི་གནད་དོན་ལ་ཐུགས་ཡོད།ཅེས་ཀྱང་གསུངས་པ་ཤིན་ཏུ་རྨད་སྙམ། 


གསལ་བཤད། གཏམ་རྒྱུད་འདི་ཨོ་ཞོ་ (Osho 1931 – 1990) ཡི་བརྩམས་ཆོས་<<གསེར་མདོག་གི་མ་འོངས་པ་>>(The Golden Future)ལས་བསྒྱུར།


No comments:

Post a Comment

Adbox