ཀློག་པ་པོར་ཕུལ་བ།
『རྩོམ་མཁན་བྷུ་ཌི་ལེར། སྒྱུར་མཁན་ན་བུན།』
གླེན་ཞད་དང་། ནོར་འཁྲུལ། སྡིག་ཉེས། སེར་སྣ་དང་བཅས་པས།
འུ་ཅག་གི་སེམས་ཁམས་བདག་གེར་བཟུང་ཞིང་ལུས་ཟུངས་ཟད་པར་བྱེད་ཅིང་།
འཆལ་མོའམ་སྦྲང་པོ་དག་གིས། ཁོང་ཅག་གི་ཤིག་གི་ཤེད་མོང་བསྐྱེད་པ་ནང་བཞིན།
འུ་ཅག་གིས་ནི། རང་ཉིད་བྲོད་ཅིང་ཞེན་པའི་གནོང་འགྱོད་བསྐྱེད་དོ།།
འུ་ཅག་གི་སྡིག་སྒྲིབ་མཁྲེགས་ཤིང་གྱོང་། འུ་ཅག་གི་འགྱོད་གདུང་ཞུམ་ལ་ཞེད།
འུ་ཚོས་རང་ཉིད་ཀྱི་ངོས་ལེན་མཐོལ་བཤགས་ལ་རིན་ཐང་ཆེན་པོར་གཏམས་ཏེ།
འུ་ཅག་གི་མིག་ཆུས་ནི། འུ་ཅིག་གི་སྡིག་སྒྲིབ་གཙང་འཕྱག་ཐུབ་པར་རློམ་ནས།
འུ་ཚོས་འདམ་རྫོབ་ཀྱི་ལམ་ཕྲན་ཀྱག་ཀྱོག་བརྒལ་ཞིང་མཆིས་སོ།།
*ཤེས་རབ་ཀྱི་ལྷ་ཆེན་པོས་། སྡིག་ཉེས་ཀྱི་ཁྱོགས་སྒྲོམ་ནང་དུ།
ཡུན་རིང་ལ་འུ་ཅག་གི་བླ་དང་སྲོག་སྒུལ་ནས་གཉིད་དུབ་པར་བྱས།
འུ་ཅག་གི་སྐར་རྡོ་འདྲ་བའི་ཞེ་འདུན་དེའང་།
གསེར་འགྱུར་མཁན་པོས་རླངས་གཟུགས་སུ་བསྒྱུར་རོ།།
སྡིག་སྒྲིབ་ཀྱིས་ནི། འུ་ཅག་གཅུན་བྱེད་ཀྱི་ཐ་གུ་འཐེན་ནས།
འུ་ཚོ་བསླུ་བྲིད་ཀྱི་རྙོག་རྫོབ་ཏུ་བྱིང་ཞིང་།
ཉིན་རྒྱུན་གོམ་འགྲོས་རེ་རེ་བཞིན་དམྱུལ་ཁམས་སུ་ཕུད་རྒྱག་བཏང་། དེ་ལྟ་ནའང་།
ཙོག་དྲི་འཐིལ་བའི་མུན་ནག་གི་ཁྲོད་དུ། དངང་སྐྲག་གི་ཚོར་སྣང་གདོད་ནས་སྐྱེས་མ་སོང་།
འདོད་སྲེད་ཀྱིས་མྱོས་པའི་སྤྲང་པོ་ཞིག་གིས། རྨ་ཁ་དང་གཉེར་མས་ཁེངས་པའི་སྨད་འཚོང་བགྲེས་མོ་དེའི།
ནུ་མར་རྨུག་དང་སྦྱོར་བ་ནང་བཞིན།
ལམ་འགྲམ་དག་ནས། ང་ཚོས་ལྐོག་ལྐོག་སུད་སུད་དུ་གཞན་གྱི་དགའ་བདེ་མ་ལུས་འཕྲོག་ནས།
ཚ་ལུ་མ་རུལ་བ་ཞིག་དང་འདྲ་བར། ལག་མཐིལ་ནས་ཤུགས་ཀྱིས་འཚིར་བར་བྱེད་དོ།།
རླབས་ལྟར་ཕྱུར་བའི་འདྲེ་ཚོགས། པགས་ནད་ཀྱི་ཤ་འབུ་ཁྲི་འབུམ་ནང་བཞིན།
འུ་ཅག་གི་ཀླད་པའི་ནང་དུ་འཚང་ཞིང་འཁྲུག་པར་བྱེད་ཅིང་།
འུ་ཅག་གིས་གློ་གསེང་ནས་དབུགས་རིང་རེ་འབྱིན་དུས།
འཆི་བ་ནི་གཟུགས་མེད་ཀྱི་གཙང་བོ་ལྟར་དུ། འོ་དོད་དང་འཁུན་སྒྲས་འཕྱོ་ཞིང་རྒྱུ།
གལ་ཏེ་རལ་གྲི་དང་། དུག་རྫས། མེ་སྲེག་དང་། བཙན་གཡེམ་དང་བཅས་པས།
ཐལ་མདོག་གི་རྩྭ་གདན་ཁུད་དུ། ཡིད་འཕྲོག་གི་དགའ་བདེ་སྟོབ་པར་མི་ནུས་ཚེ།
དེ་ནི། འུ་ཅག་བག་འཁུམས་པའི་དབང་གིས།
ཚེ་དང་སྲོག་ཏུ་ཁོས་འཆེས་པ་ཞིག་གོ །
དེ་ལྟེ་ནའང་བྱ་རྒོད་དང་། སྡིག་སྲིན། དུག་སྤྲུལ། མི་རྒོད། སྟག་གཟིག
ལྕེ་སྤྱིང་གི་གྲས་སུ།
དམྱུལ་ཁམས་ཀྱི་འོ་དོད་དང་ཆབས་ཅིག
གཙེར་སྐད་དང་། ངར་སྐད། འཕག་འཚག་དང་། གོག་འགྲོས།
འཇིགས་རུང་གི་གཟུགས་བརྙན་དང་བཅས་ཏེ།
འུ་ཅག་རེ་རེའི་སྡིག་སྒྲིབ་ཁང་དུ་གྲགས་ཤིང་མཆེད་དོ།།
དེ་དག་ལས་ཀྱང་ཞེད་ཅིང་ཞེན་ལོག་པ་ནི། ཕྱིར་བཤོལ་གྲས་སུ་ཁོས་ད་དུང་།
འཕག་འཚག་མེད་ལ་གོག་འགྲོས་མེད་པ། ངུ་ཟུག་མེད་ལ་ངར་སྐད་མེད་ཅིང་།
ས་སྒང་རིལ་མོ་འདི་ཇི་མི་སྙམ་པར་ཡོམ་ཡོམ་སྒུལ་ནས།
ས་སྟེང་གི་རྒྱུ་བ་མ་ལུས། གླལ་སྒྱིང་གཅིག་གིས་ཁྱུར་མིད་བཏང་འགྲོ་བ་དེའོ།།
ངུ་ཟུག་གི་མིག་ཆུ་དང་། ལྕེབ་འཆི་བཟློག་མི་ནུས་པར་འཁྲུལ་ནས།
ཁོས་ད་དུང་སུན་སྣང་གི་ཀློང་ནས། *ཧོ་ཀ་རྔབ་ཀྱིས་འཐེན།
ཁྱོད་ཀྱིས་ཕྱི་འཇམ་ནང་རྩུབ་ཀྱི་འདྲེ་རྒོད་འདི་ཡང་ངོ་ཤེས་པར་གྱིས་ཤིག དེ་ནི།
ཟོག་ཟོབ་ལ་མཁས་པའི་ཀློག་པ་པོ། ཁྱོད་ནི། ང་ཡི་མཚེས་ཡ། ང་ཡི་སྤུན་ཟླའོ།།
ཟུར་མཆན།
*ཤེས་རབ་ཀྱི་ལྷ་ཆེན་པོ་(Thrice-Great Magician)ནི་གནའ་བོའི་གྷ་རིགས་ཀྱིས་ཤེས་རབ་དང་ཤེས་བྱའི་ལྷ་རུ་བཀུར་སྲོལ་མཆིས།
*ཧོ་ཀ་(hookah) དུ་བ་འཐེན་བྱེད་ཡོད་ཆས་(ར་ཙེ་ལྟ་བུ།)ཤིག
འབྲེལ་ཐག་འདི་ནས་མ་ཡིག་ལྐོག་ཐུབ།
No comments:
Post a Comment