མར་མེ་རྐོང་བུ་གང་།
ན་བུན།
དོ་ནུབ་ངས་མར་མེ་རྐོང་བུ་གང་སྒྲོན་ཡོད།
ཁྲག་རྣག་གིས་བསྐྱངས་མྱོང་བས།
གློ་མཆུན་གྱིས་བསྲོས་མྱོང་བས།
དོ་ནུབ་ངས་མར་མེ་རྐོང་བུ་གང་སྒྲོན་ཡོད།
འབྲོག་ཐང་སྟོང་བ་དེའི་ཆེད་དུ།
རྣམ་ཤེས་དམར་རྗེན་དེའི་ཆེད་དུ།
དོ་ནུབ་ངས་མར་མེ་རྐོང་བུ་གང་སྦར་ཡོད།
ཐོབ་ཤོར་གྱི་གཡུལ་ས་ན་སྦར་ཡོད།
རྒྱལ་ཕམ་གྱི་སོ་ཁ་ན་སྦར་ཡོད།
དོ་ནུབ་ངས་མར་མེ་རྐོང་བུ་གང་སྦར་ཡོད།
དྲན་སྒུག་གི་བྲང་ཁོག་ན་སྦར་ཡོད།
ཆགས་སྡང་གི་མིག་ཀོང་ན་སྦར་ཡོད།
༢༠༢༠ \
ཁྱོད་ཅི་ཡང་མ་རེད།
____རང་ཉིད་དྲན་སྟངས་ཤིག
ཁྱོད་ནུབ་ཀྱི་རླུང་བུ་རེད།
ཁྱོད་ཤར་གྱི་མྱ་ངམ་ཐང་རེད།
ཁྱོད་ཅི་ཡང་མ་རེད།
ཁྱོད་མི་ཡུལ་གྱི་མཚན་མོ་རེད།
ཁྱོད་རང་མལ་གྱི་སྐྱབས་བཅོལ་བ་རེད།
ཁྱོད་ཅི་ཡང་མ་རེད།
ཁྱོད་གཞན་ཡུལ་གྱི་འཁྱམ་པོ་རེད།
ཁྱོད་རང་སེམས་ཀྱི་སློང་མོ་བ་རེད།
ཁྱོད་ཅི་ཡང་མ་རེད།
༢༠༢༠\
No comments:
Post a Comment