སྙན་ངག་སྒྱེ་གང་གི་རྩོམ་པ་པོ། བོང་སྟག་རི་ལུ།



དར་ལག་རྫོང་ནས་འཕྲིན་ཡིག་ཐེངས་གསུམ་འབྱོར།


_______ས་གྲུ་བཞིའི་མཁའ་མོ་ཚེ་རིང་ལ་ཕུལ།


བོད་སྟག་རི་ལི། 


དར་ལག་རྫོང་ནས། འཕྲིན་ཡིག་དང་པོ་འབྱོར་རྗེས།

ཁོ་མོའི་ལང་ཚོ་དང་རྣམ་པ་ཅི་ཡང་མཐོང་མི་ཐུབ་ལ།

ཁོ་མོའི་གསུང་གླེང་དང་སྙིང་གཏམ་ཅི་ཡང་ཐོས་མི་ཐུབ་མོད།

ངའི་སྣང་བ་ཞིག་ལ། ཁོ་མོའི་ལག་ཟུང་ལྡེམ་ལྡེམ་གཡུག་པ་དང་མིག་ཆུ་ཤམ་ཤམ་བཞུར་བ་མཐོང་།


དར་ལག་རྫོང་ནས། འཕྲིན་ཡིག་གཉིས་པ་འབྱོར་རྗེས།

ཁོ་མོས་འབྲོག་ཁུལ་གྱི་འགྲིམ་འགྲུལ་སྟབས་བདེ་མིན་པ་དང་།

མཐའ་འཁོབ་ཀྱི་ཡུལ་གྲུ་རྗེས་ལུས་ཡིན་ཚུལ་གླེང་བྱུང་བས།

ངའི་སེམས་ཁོང་དུ། གློ་བུར་བའི་དུང་སེམས་ཤིག་སྐྱེས་ཤིང་ཁོ་མོ་བྱེའུ་ཆུང་བཞིན་གྲང་ངམ་སྙམ།


དར་ལག་རྫོང་ནས། འཕྲིན་ཡིག་གསུམ་པ་འབྱོར་རྗེས།

ཁོ་མོའི་མགུལ་ན་ལག་ཁྱེར་ཁ་པར་ཞིག་ཡོད་ལ།

ཁོ་མོའི་གམ་ན་གྲོགས་པོ་གསར་བ་ཞིག་ཡོད་པས།

ངས་མྱུར་བ་མྱུར་བར། བུད་མེད་ཚོ་རླུང་གིས་ཁུར་སླ་བ་རྟོགས།


དར་ལག་རྫོང་ནས། འཕྲིན་ཡིག་བཞི་བ།

སུས་ཀྱང་ང་ལ་བྲིས་མ་བྱུང་།



རྩོམ་པ་པོའི་ལོ་རྒྱུས་མདོར་བསྡུས།

བོང་སྟག་རི་ལུ། མཚོ་སྔོན་བོང་སྟག་ཏུ་སྐྱེས། ཁོ་ཡི་གོ་བདེ་བའི་ཁ་སྐད་སྙན་ངག་ལ་རྩོམ་རིག་གི་སྡེ་ཁག་ཙམ་མ་ཡིན་པར་དམངས་ཁྲོད་ནས་དགའ་བསུ་ཆེན་པོ་ཐོབ།

ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་ནས་མི་ལོ་བཅུ་ལ་དགེ་རྒན་གྱི་འགན་ཁུར། ཕྱི་ལོ་༢༠༡༢ ལོར་མཚོ་ནུབ་རྒྱང་སྒྲོག་བརྙན་འཕྲིན་ཁང་དུ་ལས་གནས་སྤར། བརྩམས་ཆོས་ལ་<<སྙན་ངག་སྒྱེ་གང་>>གཙོས་པའི་བོད་ཡིག་གི་སྙན་དེབ་དྲུག་དང་རྒྱ་ཡིག་གི་སྙན་དེབ་<<ནུབ་རླུང་ལ་སྒུག་པ།>>བཅས་ཡོད། 

དམངས་སྲོལ་བརྩམས་ཆོས་ལས་<<བོད་ཀྱི་གཉེན་བཤད་ཕྱོགས་བསྒྲགས།>ཞེས་པ་བོད་ལྗོངས་སློབ་གྲྭ་ཆེན་མོའི་ཁྲིད་དེབ་ཏུ་བདམས། སྔ་ཕྱིར་གླུ་ཚིག་བརྒྱ་ལྷག་བོད་ཁུལ་གྱི་གླུ་བ་གླུ་མས་བླངས་ཤིང་། ཞོར་དུ་ཕ་ཡུལ་ཐེམ་ཆེན་ནས་<<ཐོ་རེངས་སྐར་ཆེན།>དུས་དེབ་དང་། <ཐེམ་ཆེན་ཚགས་པར།>སོགས་ཐོག་མར་གསར་དུ་བཏོན། 



No comments:

Post a Comment

Adbox