སྒྲོམ་ནང་གི་རྩོམ་འཇུག་པ་དང་གཞན་དག



སྒྲོམ་ནང་གི་རྩོམ་འཇུག་པ།


འཕྱན་བྷང་།


རང་གིས་རང་ལ་ན་གཞོན་དུ་སྐད་པ་དག་ནི་འདི་ལྟའོ།།


སྒྲོམ་འདི་ལ། དུས་དེབ་ཀྱི་སྒྲོམ་དུ་སྨྲ་བར་འོས་ཏེ། བྱིངས་ཀྱིས་དམོད་པ་དང་སྡུག་སྨྲེ་ཁོ་ན་བོར་ཡུལ་ནི། སྤྱི་སྒེར་གྱི་དུས་དེབ་ག་གེ་མོའི་ཡངས་པ་དང་དོག་པ། འཛིན་པ་སོགས་མ་ཡིན་པར། སྒེར་བའི་ས་མིག་ཅིག་རྩོད་ཀྱིན། ཐམས་ཅད་རུལ་པོར་བཏང་དང་གཏོང་བའོ།། དཔེར་ན། ཤོག་ལྷེའི་ངོས་ཀྱི་རྩོམ་ཉོག་དང་དུས་དེབ་ཆེ་གེ་མོ་རང་གི་གཟི་བརྗིད་དུ་བསྒྲགས་པ་ལྟ་བུའོ།།


སྒྲོམ་འདི་ལ། འགྲན་སྡུར་གྱི་སྒྲོམ་དུ་སྨྲ་བར་འོས་ཏེ། བྱིངས་ཀྱིས་བཀུར་ཅིང་ཕུག་གཏོད་ཡུལ་ཁོ་ན་རུ་གྱུར་དང་འགྱུར་བཞིན་པ་ནི། རྟ་གཤིབ་ལྟ་བུའི་སྒྱུ་རྩལ་འགྲན་སྡུར་རྣམས་ཡིན་པས། ནམ་ཞར། ཨང་རིམ་རྩོད་ཀྱིན། བསྡུར་བ་བགྱིད་ཀྱིན། སུ་ནི་དང་པོའོ།། སུ་ནི་ཐོག་མའོ།། སུ་ནི་ཡག་པའོ།། སུ་ནི་པ་པོ་བ་བོ་མ་མོའོ།། སུ་ནི་མཁས་པའོ་ལྟ་བུ་སོགས་ནོག་ཚུལ་ནི༼ལས་ལྷག་མ༽འོ།། དེ་ནི། རྟ་ཞིག་གིས་རྟ་བདག་གི་གྲགས་པ་གླིང་བཞིར་རྒྱས་གྱུར་ཀྱང་། གྲགས་པ་དེ་ནི༼ཤིང་ལས་བྱས་པའི་སེང་གེ༽དང་། གཞན་ལའང་ཆུ་ནང་དུ་གཡགས*བཏང་བ་ལྟ་བུའོ།།


སྒྲོམ་འདི་ལ། དཔུང་སྡེ་ཡི་སྒྲོམ་དུ་སྨྲ་བར་འོས་ཏེ། བྱིངས་ཀྱིས་དཔུང་སྡེ་འདི་ལ་རྩོམ་པ་པོའི་མཐུན་ཚོགས་ཟེར་ཡ་དང་ན་གཞོན་རྩོམ་པ་པོའི་དཔུང་སྡེ་ཟེར་ཡ་སོགས་ཀྱི་མྱིང་སྐྱིད་པོ་གང་མང་བཏགས་ནའང་། དེ་ནི། འབྲོག་པ་དང་རོང་བ་བཟླས་པ་ཇི་བཞིན་ཤིན་ཏུ་འཐེན་འཁྱེར་ལྡན་པ་ཞིག་ཡིན་ལ། དེའི་ངོ་བོ་ནི། གཅིག་དཔུང་གཅིག་གིས་བསྐྱོར་རྒྱུའོ།། དེའི་རྩ་དོན་ནི། གཅིག་དཔུང་གཅིག་གིས་སྒྲོག་ཅིང་། གཅིག་དཔུང་གཅིག་ལ་ཁེན་ཏེ་ཐམས་ཅད་རིས་སུ་ལྟ་བཞིན། ཕན་ཚུན་གཡོ་འཚོང་མི་བྱ་བ་དང་ཕན་ཚུན་གྱི་རལ་རུལ་ཀྱང་ཡོན་ཏན་དུ་མཐོང་རྒྱུའོ།། དེའི་དམ་བཅའ་ནི། ལྕགས་སྐུད་ཀྱི་སྦུ་གུའི་སྐས་ཐེམ་དུ་འགོ་སྟེ། རང་ཉིད་བཀྱིགས་ཀྱང་ཟས་ལྷག་ལྟ་བུའི་མིང་འདི་ཀུན་གྱི་རྣ་ལམ་དུ་བསྒྲག་རྒྱུའོ།།


སྒྲོམ་འདི་ལ། གསོ་སྦྱོང་གི་སྒྲོམ་དུ་སྨྲ་འོས་ཏེ། བྱིངས་ཀྱིས་འདི་ནི་བཟང་ངོ་།། ཡང་དག་གོ་ཞེས་རྩོམ་པ་པོ་སོགས་ཀྱི་པ་པོའི་བདག་ཉིད་བཙན་གྱིས་ཁུར་ཏེ། བྲེལ་འཚུབ་ཀྱིས་རྫོང་དང་རྫོང་། ཁུལ་དང་ཁུལ། གྲོང་ཁྱེར་དང་གྲོང་ཁྱེར་བརྒྱུད་ནས་འགྲོ་ནའང་། བྱིངས་ཀྱིས་བཤད་པའི༼རྩོམ་པ་པོའི་གསོ་སྦྱོང༽ཟེར་ཡ་སོགས་ཀྱིས་ཅི་ཞིག་གསོ་བཞིན་གདའ། ཇི་ལྟར་གསོ་བཞིན་གདའ་ཞེ་ན། ཁོ་བོས་ཡིད་ནི། བློང་བློར་པོར་འགྱུར་གྱིན། འདི་ནི། ཁ་ལ་མར་ཁུ་ཙམ་བསྐུ་ནའང་། བྲིད་བཏུབ་པའི་རྒན་གཞོན་མང་པོ་ཞིག་ལྐོག་གསོད་གཏོང་ཚུལ་དུ་མཐོང་སོང་ངོ་།། ཝ་ཡེ། ཁྱོད་ཅག་གི་རྣ་ནང་དུ་བླུག་གིན་པ་ནི། རུལ་མྱགས་སུ་གྱུར་ཟིན་པའི་ཆོས་སྐད་ལས་ཀྱང་བཙོག་པའི་སྒྲིག་ཡིག་འགའ་དང་ཤེས་བྱ་ཤི་བོ་ཁ་ཤས་སོ།། འོན་ཀྱང་། ཁྱེད་ཅག་གིས་གཟུགས་མེད་ཀྱི་རལ་རུལ་དེ་དག་པར་དུ་བཏབ་སྟེ། མི་མང་གི་སྔུན་ནས་ངོམ་སོ་བགྱི་ཚུལ་འདི། ཡིད་ཆད་དོ།།

སྒྲོམ་འདི་ལ། མི་ཆེན་གྱི་སྒྲོམ་དུ་སྨྲ་བར་འོས་ཏེ། བྱིངས་ཀྱིས་བློ་ཕུག་དང་ཤེས་རབ། གསར་རྩོམ་བཅས་རྒས་ཤིང་འཁོགས་པའི་སྡོང་རྒན་ཡལ་ལ་ཉེ་བ་ཞིག་ལ་སྐྱབས་སུ་བཅོལ་དང་འཚོལ་བཞིན་གདའོ།། བྲིས་ནི་བྲིས་ཏེ། མྱི་ལོ་ཨ་ལོང་འདྲ་བ་ཉི་ཤུ་སུམ་ཅུ་བཞི་བཅུར་ཉེ་བ་འགྱངས་ནའང་། བཀླགས་ནི་བཀླགས་ཏེ། མྱི་ལོ་ཨ་ལོང་འདྲ་བ་ཉི་ཤུ་སུམ་ཅུ་བཞི་བཅུར་ཉེ་བ་འགྱངས་ནའང་། ཚེ་གང་བོར་སློབ་མའི་ལས་བྱ་ཙམ་པོ་བའི་ཚད་ལས་འགོངས་མ་བཏུབ་པ་དག་སྟེ། གཏན་དུ་ལག་ཆགས་རྒྱུ་མེད་པར་ལད་ཟློས་དང་རྐུ་འབྲི་མཁན་དག་དང་རྟག་པར་སྙུ་གུ་བོར་པའི་སྐབས་འཚོལ་བ་དག་ལ་གཏན་དུ་སྐྱབས་བཅོལ་ཚུལ་འདི་ལ་ཞེ་ཁྲེལཏོ།། ཨ་རོ། ལོ་ཉུང་ལགས། ཁྱོད་ཀྱི་ཁ་ཡག་ངོ་དགའ་དེས། ཁྱོད་ཀྱི་གཤིས་སུ་འགྲུབ་ལ་ཉེ་བའི་རྩོམ་རིན་པོ་ཆེའི་ནང་དུའང་སྦྲེལ་ལད་དྲུད་བྱུང་། དགོངས་པ་མ་ཚོམས་དང་། ད་ནི། ཁྱོད་རང་ནགས་ཀྱི་སྤྲེའུ་མགོ་འཐོམས་ནས་སྲོག་ཆགས་གླིང་གའི་ལྟད་མོ་ལྟ་ཡུལ་གྱི་སྤྲེའུའོ།། འོན་ཀྱང་། ཁྱོད་ནི། ད་ལྟའི་མདོ་མེད་ཀྱི་གླུ་བ་གླུ་མ་དག་དང་འདྲ་བར། གླུ་དང་གར་ལ་འགྲོ་ཡི་འགྲོ་ཡི་ལྡེམ་གྱིན་གདའོ།།


སྒྲོམ་འདི་ལ། གཡོ་ཇུས་ཀྱི་སྒྲོམ་དུ་སྨྲ་བར་འོས་ཏེ། བྱིངས་ཀྱིས་ངོ་བོ་ཙམ་རྩོད་དེ་དུས་འདའ་ཡི་གདའ། བརྩད་བརྩད་མཐར། རྩོམ་རིག་ཤ་སྟག་པ༼རྩོམ་རིག་གཙང་རྐྱང་བ་སྟེ། གཙང་རྐྱང་བ་ནི་རྒྱའི་སྐད་ཀྱི་བརྡ་ཆད་ལས་ཚིག་ཐད་སྒྱུར་གྱི་ཞད་ཆེ་དྲགས་པར་མཐོང་སྟེ། སྐུ་ཞབས་གཉན་གྱི་ཤ་སྟག་སྨྲ་བའི་ཤ་སྟག་ཅེས་པ་འདི་ལ་བོད་སྐད་ཀྱི་རོ་བྲོ་ལྡན་ཁར། རྣལ་མའམ་གཤའ་མ། གཞན་ལྡན་རྣམ་གཅོད་ཀྱི་དོན་བཅས་ཁྱད་ཆོས་དུ་མ་ལྡན་པས། བརྡ་སྐད་འདི་བརྡ་ཆད་དུ་སྦྱོར་ཁུལ་བགྱིས་པ་ལགས༽རུ་འདོད་མཁན་རྣམས་གོང་སྤྲོས་ཀྱི་བྲན་དུ་ཚུད་སོང་། རྩོམ་རིག་ནི། ཆོས་ལུགས་དང་དད་མོས། དོན་སྟོང་གི་ལབ་རྒྱག་སྤྱད་ཅིག་ཏུ་བསྒྱུར་སོང་། རང་ཉིད་སྦས་སྐུང་བྱ་ཡུལ་དུ་བསྒྱུར་ཏེ་བྲོས་བྱོལ་རིང་ལུགས་པས་བརྟུལ་ཞུགས་བཟུང་སོང་། དེ་ལྟར་དུ། མི་རིགས་རིང་ལུགས་ལ་ནི། ཐལ་མཐའ་དང་དགྲ་བོ་རུ་ལྟ་བཞིན་འདུག དེས་ཀྱང་། རྩོམ་རིག་ཤ་སྟག་པ་ལ་དེ་ལྟར་དུ་འཛིན་གྱིན་འདུག  འོན་ཀྱང་། རྩོད་ཉོག་འདི་དག་དང་ང་ཚོའི་སློབ་དེབ་ཏུ་བདམས་པའི་རྩོམ་རིག་ཤ་སྟག་པའི་སྐོར་ནི། རྩོམ་རིག་ཤ་སྟག་པའི་བསམ་བློ་གཏན་ནས་མིན་ཏེ། དེ་ནི། ངོས་གཉིས་ཐལ་མཐའ་དང་འགལ་རྐྱེན་དུ་ལྟུང་བྱེད་ཀྱི་རྒྱུ་རུ་བསྐྲུན་པས་ན། ངེད་ཅག་ལག་ཏུ་ངོས་གཉིས་ཀྱི་དོན་འདུས་པའི་རྒྱ་འགྱུར་མ་གཤའ་མ་ཞིག་ཀྱང་སོན་དཀའོ།། གང་ལྟར། རྩོམ་པའི་བསམ་གཞིག་དང་རྩོམ་པའི་དཔེ་ཀློག་ལ་འཇུག་མཁན་ཞིག་ཡིན་ན། རྩོམ་རིག་ཤ་སྟག་པ་ནི། སྤྱི་སྒེར་གྱི་རྨོངས་པའི་ཨུ་ཚུགས་ཀྱི་སྒྲོམ་ལས་གྲོལ་ཏེ། རྩོམ་རིག་སྒྱུ་རྩལ་ནི། རིག་ཚན་གང་དང་གང་ཡང་མ་ཡིན་པས། རིག་ཚན་རང་མཚན་པ་ཞིག་ཏུ་བལྟས་ཏེ་ལག་ཆ་ཙམ་མ་ཡིན་པར་གསར་གཏོད་ལ་འཇུག་པའོ།། དེ་བཞིན་དུ། དཀའ་སྡུག་དང་གཉའ་གནོན་ཅིར་འཕྲད་ཀྱང་སྐྱོ་གར་སྙིང་སྟོབས་ལྷུམས་སུ་ཞུགས་ཏེ། སྐྱོ་སྡུག་ཅི་རིགས་ལྗིད་ཆེན་པོས་མཚོན་ཐབས་གསར་བ་རུ་དྲངས་བཏུབ་པ་ཞིག་ལ་བྱའོ།། ༼འཕྲོས་པ། རྩོམ་རིག་གསར་བ་ནི། ལྟོས་བཅས་ཀྱི་ཐོད་བརྒལ་ཞིག་གི་ངོས་ནས་གླེང་ཡི། དུས་ཀྱི་སྔ་ཕྱི་དང་ཕྱིར་སྤེལ་མ་སྤེལ་ཙམ་པོ་བའི་ངོས་ནས་གཞག་པ་མ་ཡིན་ནོ།། རྩོམ་རིག་ཤ་སྟག་པའི་སྐོར་ནས་ཆེད་རྩོམ་ཞིག་ཕྱི་མོ་དང་བཅས་བྲི་འཆར་བདོག༽

 མདོར་ན། བླུན་པོས་བླུན་པོ་བསྐྱོར་པ་ནི། བླུན་སྟོབས་ཆེས་ཆེར་བསྐྱེད་པས་ན།། ཕྱི་ནང་གི་རྩོམ་རིག་གི་ཐོས་པ་ཕྲ་ཞིང་། བསམ་བློའི་གསུང་རབ་ཀྱི་དཔེ་ཀློག་གིས་སྟོང་བ། བསམ་གཞིག་སྒྱིད་ལུག་ཏུ་དོར་པ། ཚོད་ལྟའི་སྤོབས་པས་ཕོངས་པ། མངོན་སུམ་གྱི་ཉམ་ཞན་ཁས་མི་འཆེས་པའི་ང་ཚོར་མཚོན་ན༼སྙིང་མ་རྗེ། གཞན་གྱིས་ནི། རིག་ཚན་རེ་རེའི་གསུང་རབ་གདམ་གསེས་བགྱིད་ཀྱིན་པའི་དུས་སུ། ང་ཚོས་ནི། ད་དུང་ཡང་དཔེ་ཀློག་ལ་འཇུག་མི་འཇུག་ལེ་བདའ་བྱེད་བཞིན་གདའོ༽། འཚོ་བ་བྱ་བ་དང་། ན་གཞོན་བྱ་བ་དང་། པ་པོ་བྱ་བ་དང་། ཐོག་མ་བྱ་བ་དང་། བློས་གཏོང་བྱ་བ། སྒེར་གཤིས་བྱ་བ། བདེན་པའི་ཨུ་ཚུགས་བྱ་བ། བསམ་བློ་བྱ་བ་སོགས་ལ་རྒྱང་ཐག་དཔག་ཚད་འབུམ་གྱིས་ཆོད་པར་མ་ཟད། སྒེར་བའི་སྐྱིད་སྡུག་གི་གཏམ་རྒྱུད་ཚིག་རྐང་གཅིག་འགྲུབ་པ་ལའང་རྒྱང་ཐག་ཤིན་ཏུ་རིང་ངོ་།། དེ་བས། ང་ཚོའི་པ་པོ་རྣམས་ནི། སྒེར་གྱི་ཤེས་རབ་དང་ཕྲ་ཕུང་འཆོལ་ཟིན་པ་རྣམས་ཡིན་ལ། ང་ཚོའི་ཀློག་པ་པོ་རྣམས་ནི། དོན་ལ་མི་རྟོན་པར། གྲགས་པར་རྟོན་པའི་རིགས་སོ།།


*གཡགས། ཡུལ་སྐད་དེ། ཤ་སྐྱི་ལས་ཤོར་པའི་དབུགས་ལ་གོའོ།།



སྐྱེ་བ་འདིའི་བདག་མོ། 


འཕྱན་བྷང་། 


བརྩམས་ཆོས། 


རྩོམ་པ་པོའི་ལོ་རྒྱུས་སྙིང་བསྡུས།


དངོས་མིང་ལ་ཚེ་དཔའ་ཞུ། ༡༩༩༢ལོར་ལོར་མགོ་ལོག་གཅིག་སྒྲིལ་ཏུ་སྐྱེས། བརྩམས་ཆོས་ཀྱི་སྐོར་ནས་སྙན་ངག་གི་དེབ་ཚེར་བསྟར་ལྗང་ལོ་》(༢༠༡༢ལོར།དང་ཆོབ་ཚ་པོ།》(༢༠༡༨ལོར།།ལྷུག་རྩོམ་གྱི་དེབ་ར་རོ་པ།》(༢༠༢༠ ལོར།) འགྱུར་དེབ་ལ་སྐྱེས་ཆེན་གྱི་སྙིང་སྟོབས།(ཕྱི་ལོ༢༠༡༨ ལོར།)དོགས་ནད་ཨང་དོན་བཞི་པ་(ཕྱི་ལོ༢༠༡༩ ལོར)། དང་འཁྲབ་གཞུང་རྒུད་པ་སོགས་རྩོམ་ལུས་སྣ་ཚོགས་ཀྱི་བརྩམས་ཆོས་མང་ཙམ་བཞུགས། 

གཞན་དཔར་འཆར་གྱི་དེབ་ལ་སྒྲུང་ཐུང་བཏུས་དེབ་ཅིག་དང་ཟློས་གར་རིང་མོཉོབ་གླུ(ལག་བྲིས་མའགྱུར་དེབགྲུ་དཀར་པོ(སྒྲུང་རིང)བཅས་ཡོད་པར་བཤད། ཁོང་གི་བརྩམས་ཆོས་དག་ལ་ཀློག་པ་པོའི་དགའ་བསུ་ཐོབ་མེད་ལ། ཁོང་གི་སྙན་ངག་ལ་གོ་ལ་གཞན་གྱི་བརྩམས་ཆོས་ཞེས་བསྙད་མཁན་ཡང་བྱུང་། ཡིན་ན་ཡང་དེས་ཁོང་གི་རྩོམ་གཤིས་ལ་འགྱུར་བ་མ་ཐེབས་པར་ཚེ་གང་གསར་རྩོམ་ལ་གཞོལ་བཞིན་ཚེ་ཡི་འཕེན་པ་རྫོགས།




No comments:

Post a Comment

Adbox